གསར་འགོད་པ། མཛོད་དགེའི་ཨ་མདོའི་རྟ་རྒྱུག་མཐུན་ཚོགས་ཟེར་བ་འདི་བཙུགས་པའི་དམིགས་ཡུལ་ཅི་ཞིག་རེད་ལགས།
ཚེ་རིང་བཀྲ་ཤིས། མདོ་སྨད་རྟའི་ཆོལ་ཁ། རྨ་ཆུའི་ཁུག་སོ་དང་པོ། མཛོད་དགེའི་གླིང་དཀར་སྟོད་ཟེར་བ་སྟེ། འདི་ནི་ཀྲུང་གོ་ན་མཚན་སྙན་ཆེ་བའི་རྟ་མཆོག་གསུམ་གྱི་ཡ་གྱལ། རྨ་ཁུག་རྟ་མཆོག་གི་ཕ་ས་ལྟ་བུ་རེད། ཀྲུང་གོའི་རྟ་མཆོག་ཨང་དང་པོ་དེ་སོག་པོའི་རྟ་དང་། ཨང་གཉིས་པ་ཞིན་ཅང་གི་རྟ་དང་། ཨང་གསུམ་པ་རྨ་ཁུག་གི་རྟ་མཆོག་རེད། རྨ་ཁུག་གི་རྟ་མཆོག་དག་མཐོ་སྒང་གི་ས་ཆ་འདི་ནས་རྫ་ལུང་བྲག་གསུམ་ལ་འབྱར་དགོས་ན། རི་ལུང་ཐང་གསུམ་ལ་འགྲོ་དགོས་ན། ན་དང་ཆུ་ལ་བརྒལ་དགོས་ན་གང་ལའང་འཛེམ་དོགས་མེད་ཅིང་། དགུན་གྱི་ཙག་ངར་སོགས་ཅི་ལའང་མི་སྐྲག་པའི་རྟ་མཆོག་ཕུལ་དུ་བྱུང་བ་དག་ཡིན་པས། མཚན་སྙན་བླངས་པ་རེད། དེ་བས་མཚན་སྙན་འདི་ཉམས་པ་སླར་གསོ་དང་། མི་ཉམས་གོང་སྤེལ་བྱ་རྒྱུའི་ཆེད་དུ་ཨ་མདོའི་རྟ་རྒྱུག་མཐུན་ཚོགས་འདི་བཙུགས་པ་ཡིན། 2019ལོར་རྟ་རྒྱུག་སྐབས་བདུན་པ་སྤེལ་རྒྱུ་རེད། ང་ཚོའི་རྟ་རྒྱུག་འདི་ལོ་རེ་ནས་ལོ་རེ་བཞིན་ཡར་རྒྱས་གོང་འཕེལ་ལ་འགྲོ་བཞིན་པའི་སྐབས་ཡིན།
གསར་འགོད་པ། ཨ་མདོའི་རྟ་རྒྱུག་གི་སྐབས་སུ། རྟ་རྒྱུག་མ་ཡིན་པའི་བོད་ཀྱི་རྩེད་མོ་གཞན་པ་བཀོད་སྒྲིག་བྱེད་སྲོལ་ཡོད་དམ་ལགས།
ཚེ་རིང་བཀྲ་ཤིས། ཨ་མདོའི་རྟ་རྒྱུག་གི་སྐབས་སུ་རྟ་རྒྱུག་ཁོ་ནས་མི་ཚད་པར་རྟ་རྩལ་ངོམ་པ་དང་། མདའ་འཕེན་པ་དང་། ས་སྒྱེ་བཀྱག་པ་དང་། རྟ་ཕོའི་སྐྱེ་ལུགས་དང་གཞོན་ནུའི་ལང་ཚོའི་འགྲན་སྡུར། ཞིང་ཆེན་གསུམ་གྱི་དམངས་གླུ་འགྲན་སྡུར། ཞིང་ཆེན་གསུམ་གྱི་རྟ་ཐོག་གི་སྒྲ་སྙན་རྡུང་ལེན། རྟ་ཕོའི་གོམ་ཁ་གཤིབ་པ་སོགས་མང་པོ་ཡོད་པ་རེད། དེ་མིན་མཛོད་དགེའི་ཤོག་ཁ་བཅུ་གཉིས་ཀྱི་རྒན་པ་ལོ་ན་བགྲེས་ཤིང་། སྤྱི་སེམས་ཅན་སོགས་ལ་དབྱར་སྟོན་གྱི་ཚུལ་དུ་ཤ་ཆང་གིས་མགྲོན་ཁ་བྱེད་པ་སོགས་ཀྱང་ཡོད།
གསར་འགོད་པ། ཨ་མདོའི་ས་ཆར་མཚོན་ན། རྟ་གོང་ཆེས་ཆེ་བའི་རྟ་མཆོག་ཅི་ཙམ་འདུག རིན་གོང་ཆེས་མཐོན་པོ་དེར་དམངས་སྒོར་ཅི་ཙམ་བྱིན་པ་ཡོད་འདུག་ལགས།
ཚེ་རིང་བཀྲ་ཤིས། རྨ་རྒྱུད་ཀྱི་རྟ་མཆོག་དེ་ཚོ་ཕར་བཙོང་ན། ཁྲི་ཕྲག40དང་། ཁྲི་ཕྲག45རེ་ཁུག་བཞག་པ་འདུག རྨ་ཁུག་དང་པོའི་མཛོད་དགེའི་རྟ་མཆོག་ཟེར་དུས་སྙན་པ་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱས་ཡོད་པ་ཞིག་རེད། གོང་ཡང་ཡ་མཚན་ཁུག་གི་ཡོད་པ་དེ་འདྲ་རེད། མི་སེར་གྱི་འཚོ་བའི་ཐོག་ལའང་དགོས་མཁོ་ཆེན་པོ་འདུག་སྟེ། ཁྱིམ་ཚང་ཞིག་གི་རྟས་གོང་ཆེན་པོ་ཁུག་དུས་འཚོ་བའི་ཐོག་ལའང་དགོས་མཁོ་ཆེན་པོ་ཡོད་སོང་བ་རེད།
གསར་འགོད་པ། ཨ་མདོའི་ས་ཆར་མཚོན་ན། སྔར་གྱི་དུས་སུ་རྟ་རྒྱུག་གི་ཚོགས་པ་ཟེར་བའམ། ཡང་ན་རྟའི་བང་གཤིབས་ཏེ་རྒྱན་འཇོག་པ་སོགས་ཀྱི་དར་སྲོལ་འདུག་གམ་ལགས།
ཚེ་རིང་བཀྲ་ཤིས། སྔོན་མར་པཎ་ཆེན་དཔལ་ལྡན་ཡེ་ཤེས་མཆོག་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ནང་ཆེན་གསུམ་པོར་ལོ་རེར་རྟ་རྒྱུག་རེ་བྱས་ན་བཟང་། བྱང་ཕྱོགས་ཤམ་བྷ་ལར་སྐྱེ་བའི་སྨོན་ལམ་བཏབ་ཡོད་ཅེས་གསུངས་ཤིང་། དེ་ནས་བཟུང་བསང་ཁོག་གི་རྟ་རྒྱུག་ཟེར་བ་དེ་བྱུང་བར་བཞེད། དུས་ད་ལྟའང་ཀུན་མཁྱེན་ནང་ཆེན་དང་། སྡེ་བ་ནང་ཆེན། གུང་ཐང་ནང་ཆེན་བཅས་ནང་ཆེན་གསུམ་པོས་མ་དངུལ་ཕུད་དེ། ལོ་བཞིན་བོད་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་རྟ་རྒྱུག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། རྟ་རྒྱུག་གི་རིག་གནས་འདི་དུས་སྐབས་ནམ་ཞིག་ལ་བོད་དུ་དར་ཞིང་། ཇི་ལྟར་དར་བའི་ཚུལ་སོགས་ཅུང་ཟད་བཤད་ཆོག་གམ་ལགས།
ཚེ་རིང་བཀྲ་ཤིས། རྟ་རྒྱུག་གི་རིག་གནས་འདི་དུས་ནམ་ཞིག་ལ་དར་བ་སོགས་ཆེན་པོ་ཞིག་རང་ལ་བཤད་རྒྱུ་ཅང་མེད། གླིང་གེ་སར་རྒྱལ་པོའི་སྒྲུང་དུ་རྟ་རྒྱུག་རྒྱལ་འཇོག་ཟེར་བ་ཞིག་ཡོད། དེ་རྟ་བརྒྱུགས་ནས་རྒྱན་འཇོག་པའི་སྔོན་མ་རེ་ཡིན་ནམ་བསམ་གི་ཡོད།
གསར་འགོད་པ། འགའ་རེས་རྟ་རྒྱུག་གི་གཏིང་མ་འདི་ཚོ། གཞོན་ནུ་ཤེས་མེད་ཚོའི་སྣང་བ་བྲིད་བྱེད་ཙམ་ལས། དོན་ལ་ཚོགས་ངན་གྱི་གཞི་མ། དཀའ་ལས་ཀྱི་སྣོན་མ་ལས་དགོས་པ་གང་ཡང་མི་འདུག་ཟེར། ཡང་འགའ་རེས་རྟ་རྒྱུག་གི་རིག་གནས་འདི་བོད་པ་རང་གི་ཐུན་མོང་མ་ཡིན་པའི་རྩེད་མོ་ཕུན་སུམ་ཚོགས་པ་ཞིག་ཡིན་ཞིང་། འདི་ཉམས་པ་སླར་གསོ་དང་། མི་ཉམས་གོང་སྤེལ་བྱ་རྒྱུ་ཧ་ཅང་གལ་ཆེན་རེད་ཟེར། ཉིད་ཀྱིས་བལྟས་ན། འགལ་བ་འདི་ཇི་ལྟར་ཐག་གཅོད་བྱས་ན་འགྲིག་ལགས།
ཚེ་རིང་བཀྲ་ཤིས། བོད་པ་ཞིག་ཡིན་པ་ནས་བཟུང་། ལྷག་པར་རྩྭ་ཐང་གི་འབྲོག་པ་ཞིག་ལ་མཚོན་ན། རླངས་འཁོར་མི་ཐར་ས་དང་། རྫ་ལུང་བྲག་གསུམ་སོགས་ཀྱི་གནས་སུ་རུ་ཡོད་པ་རྣམས་ཀྱིས་ནད་པ་སྨན་པར་སྟོན་དུ་འགྲོ་ནའང་འདྲ། བླ་མ་ཞིག་ཕེབས་བསུ་ཞུ་དགོས་ནའང་འདྲ། བག་མ་ཞིག་ཡར་བསྐྱལ་མར་བསྐྱལ་དགོས་ནའང་འདྲ། ད་རུང་རྟ་ཐོག་ནས་འགྲོ་བཞིན་ཡོད་པ་རེད། དེ་མིན་བསང་ལབ་ཙེར་འགྲོ་དགོས་ནའང་འདྲ་རྟ་འདི་མེད་དུ་མི་རུང་བ་ཞིག་རེད། ང་ཚོའི་ས་ཆར་མཚོན་ན་ཁྱིམ་ཚང་ལ་ཤི་བོ་ཤི་དུས་ཐོག་མར་འཕོ་འདེབས་ཀྱི་བླ་མར་རྟ་ཞིག་འབུལ་དགོས་པ་རེད། རྟ་དེའི་མགོ་ན་སྲབ། རྒྱབ་ན་སྒ། དེའི་སྟེང་ལ་ཏཱ་ལེན་དང་། རྒྱགས་སོགས་དགོས་པ་རེད། དེ་བླ་མར་འབུལ་རྒྱུ་རེད། དེ་མིན་འབྲོག་པའི་རྟ་ནོར་ལུག་གསུམ་འཚོ་བྱེད་སོགས་ལ་རྟ་འདི་མེད་དུ་མི་རུང་བ་ཞིག་རེད། རྟ་འདོ་བ་བསམ་པའི་དོན་གྲུབ་ཟེར་ན་དེ་འདྲ་རེད།
གསར་འགོད་པ། བོད་ཀྱི་གཏམ་དཔེར། མོ་ཤེས་མེད་ཀྱི་དགུན་འོ་འཁྱག་དཀྲུག་དང་། ཕོ་ཤེས་མེད་ཀྱི་དགུན་རྟ་འཁྱག་རྒྱུག་ཟེར་བ་བཞིན། དེང་སང་ས་ཕྱོགས་འགའ་རེར་ས་མ་དྲོས་གོང་ནས་རྟ་རྒྱུག་འགྲན་སྡུར་སྤེལ་བ་རེའང་མཐོང་རྒྱུ་འདུག ཉིད་ཀྱིས་བལྟས་ན། རྟ་རྒྱུག་གི་འགྲན་སྡུར་སྤེལ་བའི་དུས་ཚིགས་ཆེས་ལེགས་ཤོས་དང་། ཟླ་བ་ཆེས་ལེགས་ཤོས་དེ་ནམ་ཞིག་རེད་ལགས།
ཚེ་རིང་བཀྲ་ཤིས། སྤྱི་ཟླ་བདུན་པའི་ཚེས་བཅུ་དྲུག་ཡར་མར་གྱི་དུས་ཤིག་རེད་སྙམ། སྟོན་ཁར་རྟ་རྒྱུག་བྱས་ནའང་ཡག་ནི་མ་རེད། དགུན་ཁར་ས་འཁྱག་གིས་བཟུང་བས་ལྷག་པར་མི་འགྲིག སོས་ཀར་ཡང་ས་སྲ་མོ་མིན་ན་རྟ་ཐང་ལ་འགྱེལ་བ་སོགས་ཉེན་ཁ་ཆེ། སྤྱི་ཟླ་བདུན་པ་སྟེ། དབྱར་གསུམ་གྱི་མེ་ཏོག་འཇའ་ཚོན་བཞིན་དུ་བཀྲ་བ། རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་པའི་དུས་སྐབས་ཕུན་སུམ་ཚོགས་པ་དེར་རྟ་རྒྱུག་འགྲན་སྡུར་བྱས་ན་ལེགས་པར་སེམས།