མཁའ་མཚོ་སྐྱིད་ཀྱིས་བསྒྲིགས།
མདའ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པའི་དན་རྟགས་གལ་ཆེན་ཞིག་ཡིན། དེའང་ཐོག་མའི་དུས་སུ་ཁ་རྒྱབ་ཙམ་དུ་བེད་སྤྱོད་པ་ལ། རིམ་བཞིན་དགྲ་འགོག་དང་མངའ་ཁོངས་རྒྱ་སྐྱེད་པའི་ལག་ཆ་གལ་ཆེན་དུ་གྱུར་པ་དང་། དེང་གི་ཆར་གོ་ལ་འདིའི་ཡུལ་གྲུ་མང་ཆེ་བར་དེ་ཉིད་སྲོལ་རྒྱུན་གྱི་ལུས་རྩལ་དང་རྩེད་མོའི་རྣམ་པར་གྱུར་ཡོད། འདི་ཉིད་རིག་གནས་གཞན་དག་དང་འདྲ་བར་ཐོན་སྐྱེད་གོང་འཕེལ་གྱི་གོ་རིམ་ཁྲོད་བྱུང་ཞིང་ཐོན་སྐྱེད་འཕེལ་རྒྱས་ཀྱི་འཕོ་འགྱུར་ཁྲོད་རིམ་འགྱུར་བྱུང་བ་ཞིག་ཡིན། དེ་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ཁ་ལོ་བསྒྱུར་པའི་གོ་རིམ་ཁྲོད་ཀྱི་གསར་གཏོད་བླ་མེད་ཅིག་ཡིན་པར་མ་ཟད་མིའི་རིགས་ཀྱི་ཐོན་སྐྱེད་ལག་ཆ་འཕེལ་རྒྱས་སུ་སོང་བའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན།
གཅིག མདའི་བྱུང་བ།
སྲོལ་རྒྱུན་མདའ་འཕེན་གྱི་བྱུང་བ་ཞེས་པར།“མདའ་འཕེན་པ་དེ་མིའི་རིགས་ཀྱི་གདོད་མའི་དུས་ཀྱི་འཚོ་གནས་དང་འཚོ་བའི་ནུས་རྩལ་ཞིག་ཡིན་ལ། ཕལ་ཆེར་སྤྱི་ལོ་སྔོན་གྱི་ལོ་ཁྲི་ཚོ5ཡས་མས་ཙམ་ལ་བྱུང་ཞིང་། དེར་མ་ཟད་ཨ་ཧྥེ་རི་ཁ་དང་ཡོ་རོབ། ཨ་ཤེ་ཡ་སོགས་ཀྱི་ས་ཆ་དུ་མར་རྒྱུག་ཆེ། ཀྲུང་གོར་མཚོན་ནས་བཤད་ན། གནའ་རྫས་རྟོག་ཞིབ་པས་ཧྲན་ཞི་ནས་ལོ28000ཡར་སྔོན་གྱི་རྡོ་བཟོའི་མདའ་མགོ་ཞིག་རྙེད་ཅིང་། དེས་ཀྲུང་གོ་རུ་སྔ་མོའི་དུས་ནས་མདའ་གཞུ་དར་བ་ཤེས་ཐུབ”ཅེས་བཀོད་ཡོད།
རང་ཅག་བོད་ཀྱི་ཡུལ་འདིར་མཚོན་ནས་བཤད་ན། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། “དང་པོར་མི་མ་ཡིན་གྱི་ཡུལ་དུ་གྱུར། །གནོད་སྦྱིན་ལ་སོགས་བཅུ་ཡི་དབང་བྱས་སྐད། །ཅེས་དང་།ལོ་རྒྱུས་ཆེན་མོ་སོགས་ལས། དང་པོར་གནོད་སྦྱིན་ཆེན་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །”ཞེས་བཀོད་ཡོད་ལ།《བཀའ་ཐང་སྡེ་ལྔ》ལས། “དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ༔ ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས༔ སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང་༔ དེ་ནས་བདུད་དང་སྲིན་མོའི་དབང་བྱས་ཏེ༔ མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས༔ སྔ་རྟགས་ཤ་ཟ་གདོང་བ་དམར་བ་བྱུང་༔ དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ༔ ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས༔ སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང་༔ དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ༔ ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས༔ སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང་༔”ཞེས་བྱུང་བ་ལྟར་དུས་སྔ་མོ་ནས་བྱུང་ཡོད་པ་ར་སྤྲོད་བྱས་ཡོད།
དེ་བཞིན་མྱང་མང་པོ་རྗེ་ཞང་སྣང་གི་མགུར་ལས་ཀྱང་།“ན་ནྀང་ནི་གཞེ་ནིང་སྔ། ཕོ་མའྀ་ནི་འབྲོང་བ་བ། ལྷོ་ཤིང་ནི་སྨྱུག་མོ་རྒྱལ། ལྕགས་ཀྱྀས་ནྀ་མ་དྲལ་ན། སྨྱུག་གྀས་ནི་རེ་མྱི་པུགས། རྒོད་ཀྱིས་ནི་མ་བསྒྲོན་ན། འབྲོང་ལ་ནྀ་རེ་མྱི་འཇེན། ངས་པོ་ནི་ར་ཡུལ་གྱི། ཀོམ་རྩེ་ནི་གཟིགས་མོ་རྒྱལ། ཁབ་ཀྱིས་ནྀ་མ་པུག་ན། རྒྱུས་ཀྱིས་ནྀ་རེ་མྱི་སུགས། རྒྱུས་ཀྱིས་ནི་མ་དྲངས་ན། ཀོམ་ཙེ་ནྀ་ཉིད་མྱི་འཇོ།”ཞེས་པ་ལས་སྐབས་ཐོག་དེར་མདའ་གཞུ་དར་ཡོད་པ་གསལ་ཅིང་དེར་མཁོ་བའི་སྒྲོ་དང་། མདའི་མགོ་ལྕགས། སྨྱུག་མ་སོགས་གང་གི་ཐད་ནས་བཤད་ནའང་གསར་ཏུ་བྱུང་བ་ཞིག་མིན་པ་ཤེས་ཐུབ་ལ། གཞན་ད་དུང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ངས་པོ་ཁྲ་སྣའི་ཡ་གྱལ་ཏེ་ཆུ་གོང་གྲོང་ཚོ་ནས་ད་ཕན་ལོ་3700-4000ལྷག་འདས་པའི་གནའ་བོའི་རིག་གནས་རྗེས་ཤུལ་ཞིག་བུད་པ་ལས་ལྕགས་རིགས་ལི་ལས་བཟོས་པའི་མདའ་མགོ་དང་ཕྱུགས་ཟོག་གི་རུས་པ། རྫ་ཆས་སྣ་ཚོགས་བཅས་རྙེད་པ་སོགས་ལ་གཞིགས་ན་བོད་དུ་མདའ་གཞུ་འདི་དར་སྔ་ཞིང་ཐོན་སྐྱེད་དང་དགྲ་འགོག རང་བྱུང་གི་གནོད་འཚེ་སོགས་འགོག་རྒོལ་བྱེད་པའི་ཕྱོགས་བསྡུས་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ།
གཉིས། མདའི་དབྱེ་བ་དང་མཚོན་དོན།
མདའ་ལ་དབྱེ་ན་སྤྱིར་བཏང་གི་མདའ་དང་ཆོས་ལུགས་ཆོ་གའི་སྐབས་སུ་བེད་སྤྱོད་པའི་མདའ་སྟེ་ཕྱོགས་ཆེ་ས་གཉིས་སུ་དབྱེ་ཆོག དང་པོ་སྤྱིར་བཏང་གི་མདའ་ཞེས་པ་ནི་སྔོན་དུས་ཕྱི་དགྲ་འགོག་བྱེད་དང་འདུལ་བྱེད་ཀྱི་མདའ་སྟེ། ད་ལྟ་ང་ཚོའི་མཐོང་ལམ་དུ་མང་དུ་མཐོང་རྒྱུ་ཡོད་པ་དེ་རིགས་ཡིན། དེལའང་དབྱེ་ན་ཤིང་མདའ། སྨྱུག་མདའ། ལྕགས་མདའ་སོགས་ཡོད་ལ། དེང་གི་ཆར་རྩེད་མོའི་རྣམ་པར་གྱུར་ཡོད་པ་དེའོ། །གཉིས་པ་ཆོས་ལུགས་ཆོ་གའི་སྐབས་སུ་བེད་སྤྱོད་པའི་མདའ་ཞེས་པ་ནི། མདའ་དེ་ཡུལ་ལྷ་གཞི་བདག་ལ་ཕུལ་ནས་མི་ལ་ན་ཚ་མེད་པ་དང་། ཕྱུགས་ལ་གོད་ཁ་མེད་པ། ལོ་ལེགས་སྨིན་པའི་སྨོན་འདུན་བཟང་པོ་འགྲུབ་པར་སྐྱབས་བཅོལ་བ་སྟེ། དེ་ཡང་ཡོ་བྱད་གང་ལ་ནུས་པ་ཆེ་ན་དེ་ལ་སྐྱབས་བཅོལ་བ་ནི་མིའི་རིགས་ཐུན་མོང་གི་བསམ་པའི་འདུ་ཤེས་སུ་གྲུབ་ཡོད། དེ་ནི་རང་བྱུང་དད་མོས་ཀྱི་ནང་ཚན་ཞིག་སྟེ། ཉེ་འཁོར་གྱི་མཚོན་ཆ་གང་ལ་ནུས་པ་ཆེ་ན་དེ་ཉིད་རང་གི་སྐྱབས་བཅོལ་སའི་ཡུལ་ལྷ་སོགས་གསོལ་མཆོད་སྐབས་སུ་སྤྱོད་པ་དང་། རིམ་གྱིས་དེ་ཉིད་དེ་དག་གི་ཕྱག་མཚན་དུ་འབྲི་བའང་དེ་ལ་དད་མོས་ཀྱི་དབང་གིས་དེ་ཉིད་དེ་དག་དང་འབྲེལ་བར་བྱས་པར་བསམ། བྱེ་བྲག་ལབ་རྩེ་བསྟོད་པ་དང་ཕྱྭ་གཡང་འགུགས་པའི་སྐབས་སོགས་སུ་ལབ་རྩེ་ལ་མདའ་གྲི་མདུང་གསུམ་བསྟོད་པ་དང་། གཡང་འགུགས་ཀྱི་སྐབས་སུ་གཡང་མདའ་སྤྱོད་པ། དེ་བཞིན་གཉེན་སྟོན་གྱི་སྐབས་སུའང་གཡང་མདའ་སྤྱོད་པའི་ལུགས་སྲོལ་ཡོད་ལ། བོད་ཀྱི་ཡུལ་སྲོལ་ནང་རྫས་གལ་ཆེན་དང་མཚོན་ཆ་བཟང་པོ་གཏེར་དུ་སྦས་ནས་སྐྱབས་ཡུལ་ལྷ་གཞི་བདག་ལ་བཅོལ་སྲོལ་ཡོད་པ་ནང་བཞིན་མདའ་འདིའང་གཏེར་དང་ཕྱག་མཚན་དུ་འབྲི་བ་རང་རེའི་འཚོ་བ་དངོས་ནང་མིག་མཐོང་ལག་ཟིན་ཡིན་པའང་དེ་ལ་དད་པའི་དབང་གིས་ཡིན་ནོ། །
གསུམ། མདའི་གོ་གནས་དང་བྱེད་ནུས།
སྐུ་ཞབས་མོར་གྷིན་གྱིས་མཛད་པའི《གནའ་བོའི་སྤྱི་ཚོགས》ཞེས་པའི་ནང་མདའ་གཞུ་གསར་གཏོད་བྱུང་བ་དེ་ཤེས་རྨོངས་སྤྱི་ཚོགས་བར་མ﹙中级蒙昧社会﹚ནས་ཤེས་རྨོངས་སྤྱི་ཚོགས་མཐའ་མའི﹙高级蒙昧社会﹚བར་བརྒལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཁོང་གིས་བཤད་རྒྱུར།“མདའ་གཞུ་བྱུང་བས་རྔོན་བྱེད་པར་དཀའ་ལས་མེད་ལ། ཤ་ཟས་དུས་རྒྱུན་གྱི་ཁ་ཟས་སུ་གྱུར་ལ། རྔོན་བྱེད་པ་དུས་རྒྱུན་གྱི་ངལ་རྩོལ་གྱི་ཁོངས་སུ་ཚུད་པར་བྱས། དེས་གདོད་མའི་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ནུས་པ་གལ་ཆེན་ཐོན་ཡོད་པར་མ་ཟད་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ཁ་ལོ་བསྒྱུར་བར་ནུས་པ་མི་དམན་པ་བཞག་ཡོད།”ཨིན་ཀི་སིས།“མདའ་དང་གཞུ་དེ་ཤེས་རྨོངས་ཀྱི་དུས་རབས་ལ་མཚོན་ནས་བཤད་ན་དམུ་རྒོད་དུས་རབས་ནང་གི་གྲི་དང་ཤེས་རིག་དར་བའི་དུས་སྐབས་ཀྱི་རྫས་མདེལ་ནང་བཞིན་ཐག་གཅོད་རང་བཞིན་གྱི་མཚོན་ཆ་ཡིན”ཞེས་གདེང་འཇོག་བྱས་ཡོད།
བོད་ཀྱི་ཡུལ་འདིར་མདའ་གཞུ་སྔ་མོ་ཞིག་ནས་དར་ཡོད་པ་གོང་གསལ་ནང་བཞིན་དབང་མཛད་བཅུའམ་བཅུ་གཉིས་སམ་མ་སངས་སྤུན་དགུའི་དུས་སུ་བྱུང་བ་ལོ་རྒྱུས་སུ་གསལ་ལ། བཙན་པོ་འདུས་སྲོང་མང་པོ་རྗེའི་སྐབས་སུ་རྩལ་པོ་ཆེ་མི་བདུན་བྱུང་བར་བཤད་པ་དང་དེ་ལས་གནོན་རྒྱལ་གྱིས་མདའ་སྟེའུ་ཁ་མས་བྱ་ཁྲ་རྐེད་པར་དུམ་བར་སྣང་ལ་དམག་གི་སྐབས་སུ་དར་ཤིང་དང་དར་འཕྲུ་གཅོད་པའི་མཚོན་ཆ་ཡིན་པ་ལས་ཀྱང་མདའ་གཞུ་འདི་རི་དྭགས་རྔོན་བྱེད་ཀྱི་མཚོན་ཆ་ཡིན་ལ་དམག་བྱེད་པའི་མཚོན་ཆའང་ཡིན་པར་བཀོད་པ་བཞིན་མདའ་མོ་ལ་འགྲོས་མྱུར་བ་དང་། རྒྱང་ཆོད་པ། གནད་ལ་འཁེལ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་གདོད་མའི་དུས་ནས་ནང་ཁུལ་གཅིག་གྱུར་དང་ས་ཁོངས་རྒྱ་བསྐྱེད་བྱེད་ཀྱི་ལག་ཆ་གལ་ཆེན་དུ་གྱུར་ཡོད། ཀུན་པོས་ཤེས་གསལ་ལྟར་གནའ་དུས་སུ་སྐྱ་དམག་ཡོད་པའི་དམག་དཔུང་དེ་ཁྱད་འཕགས་སུ་མངོན་པ་ལོ་རྒྱུས་རྣམས་སུ་གསལ་ལ།བོད་རང་ལ་མཚོན་ནས་བཤད་ནའང་དེ་ནང་བཞིན་ཡིན་པར་སྙམ་སྟེ་དྲུང་འཁོར་རྩལ་རྒྱུག་ཟེར་བའི་རྟ་རྒྱུག་ཞོར་མདའ་འཕེན་པ་དང་། མདའ་རྒྱང་མའི་རྩལ་འགྲན་པ་སོགས་ཀྱི་རྒྱུགས་སྤྲོད་སྲོལ་ཡོད་པ་བོད་ཀྱི་སྲོལ་རྒྱུན་མདའ་རྩེད་རིག་གནས་ཞེས་པ་ལས་མཐོང་ཞིང་རྫས་མདེལ་མ་བྱུང་ཡར་སྔོན་དུ་འདི་ཉིད་དམག་བྱེད་པའི་མཚོན་ཆ་བླ་མེད་ཅིག་ཡིན་པ་བོད་ཀྱི་ཡུལ་གྲུ་བརྒལ་བའི་རྒྱ་དཀར་ནག་དང་གནའ་བོའི་རོ་མ་སོགས་སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཀུན་གྱི་ལོ་རྒྱུས་སུ་གསལ་ལ། 《ཐང་ཡིག་གསར་རྙིང》ལས། བོད་ཀྱི་བཙན་པོ་ཕོ་བྲང་ན་བཞུགས། འབྲུག་དང་སྟག་གཟིགས་སོགས་གསེར་གྱིས་ཤན་པ་ཡོད། བཙན་པོའི་སྐུ་ལ་སྟག་ལྤགས་དཀར་པོ་གསོལ། དབུ་ལ་དར་གྱི་ཐོད་དམར་བཅིངས། ཕྱག་ཏུ་གསེར་མདའ་གཅིག་ཐོགས། ཞེས་བཀོད་པ་ལ་གཞིགས་ན་བོད་བཙན་པོའི་དུས་སུ་མདའ་གཞུ་འདི་དགྲ་འདུལ་གྱི་མཚོན་ཆ་གལ་ཆེན་ཞིག་ཡིན་པ་གསལ་བཤད་བྱས་ཡོད་ཅིང་། ཆེ་བ་བརྗོད་བྱེད་གལ་ཆེན་ཞིག་ཡིན་པ་གསལ་ལ། བོད་ཀྱི་སྲོལ་རྒྱུན་མདའ་རྩེད་རིག་གནས་ཞེས་པ་ལས། “གནའ་བོའི་ཐང་རྒྱལ་རབས་ཀྱི་དུས་སུ་བོད་ལྗོངས་ན་མདའ་རྩལ་གྲགས་ཅན་མཆིས། དཔེར་ན་སྟོབས་ལྡན་རྣམ་རྒྱལ་གླིང་གིས་མདས་བྱེའུ་ཁྲའི་སྒལ་བ་གཏོར་ཐུབ་པ་དང་། སྟོབས་ལྡན་འགྱུར་དགུའི་སྟོང་བཙན་གྱིས་རྒྱང་གྲགས་གསུམ་མཚམས་སུ་སླེབས་ཐུབ་པའི་མདའ་མོ་འཕེན་ཐུབ”ཅེས་སོགས་བཀོད་པ་ལས་ཀྱང་བོད་བཙན་པོའི་དུས་སུ་མདའ་གཞུ་དར་ཆེ་བར་མ་ཟད་བྱང་ཆ་ཆེར་ལྡན་པ་གསལ་བཤད་བྱེད་ཐུབ་ལ། སྐབས་ཐོག་དེའི་ནུས་པ་ནི་ལྟོ་གོས་ཙམ་མ་ཡིན་པར་མངའ་ཁོངས་བདག་འཛིན་དང་རྒྱ་བསྐྱེད་པའི་ལག་ཆ་ཡིན་པ་དང་ཆེ་བ་བརྗོད་བྱེད་ཀྱི་མཚོན་རྟགས་ཤིག་ཡིན་པ་ར་སྤྲོད་བྱས་ཡོད། ནུས་པ་དེ་ལྟ་བུ་ཞིག་ལྡན་པས་རིམ་བཞིན་ལྷ་སྐུ་སོགས་ཀྱི་ཕྱག་མཚན་ལ་མདའ་ཅན་བྱུང་བ་དང་། རིམ་གྱིས་མདའི་རིག་གནས་དེ་མི་ཆོས་དང་ལྷ་ཆོས་ཀུན་ལ་ཐིམ།སྤྱི་ཚོགས་དང་ཐོན་སྐྱེད་འཕེལ་རྒྱུས་སུ་སོང་བའི་དབང་གིས་དེང་གི་ཆར་དུས་སྐབས་སྔོན་མ་དག་གི་ནུས་པ་མང་པོ་ཡལ་ནས་རྩེད་མོའི་རྣམ་པ་ཅན་དུ་གྱུར་ཡོད་ནའང་། ལྷའི་ཕྱག་མཚན་དུ་འགོད་པ་དང་གཡང་མདར་སྤྱོད་པ་སོགས་ཆོས་ལུགས་ཆོ་གའི་ཕྱོགས་ཀྱི་ནུས་པ་དེ་ད་དུང་མ་ཉམས་པར་ཡོད་དོ། །
བཞི། མདའ་རྩེད།
མདའ་ནི་སྔོན་མའི་དུས་སུ་དགྲ་འགོག་དང་རྔོན་བྱེད་པའི་མཚོན་ཆ་རུ་གསལ་ལ། དེང་གི་དུས་འདིར་སྲོལ་རྒྱུན་གྱི་རྩེད་མོའི་རྣམ་པ་ཅན་དུ་གྱུར་ནས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་ཡོད། དེང་དུས་ཀྱི་མདའ་རྩེད་ནི་ཐོག་མར་དབྱིན་ཇི་ནས་བྱུང་ཞིང་། 1787ལོར་དབྱིན་ཇི་ནས་མདའ་འཕེན་ཚོགས་པ་དང་པོ་ཚུགས་ཤིང་དུས་རབས་བཅོ་བརྒྱད་པར་ཨ་རིར་དར་ཞིང་མདའ་འཕེན་མཉམ་འབྲེལ་ཚོགས་པ་ཚུགས། དེ་བཞིན་དུ་ཧྥ་རན་སི་ལ་སོགས་པའི་རྒྱལ་ཁབ་མང་པོ་ཞིག་ཏུ་མདའ་ཡི་རྩེད་མོ་འདི་རིམ་བཞིན་དར་ཞིང་། 1972ལོར་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་གྲས་སུ་ཚུད།
རང་རྒྱལ་ལ་མཚོན་ན་མདའ་མོའི་ལོ་རྒྱུས་ཧ་ཅང་རིང་ནའང་། དེང་དུས་སུ་ངོས་འཛིན་པའི་རྩེད་མོའི་རྣམ་པ་འདི་ཅུང་འཕྱིས་འདུག ཤེས་གསལ་དུ1959ལོ་ནས་བཟུང་རྒྱལ་སྤྱིའི་ཚད་གཞི་གཞིར་བཟུང་ནས་མགོ་བརྩམས་པ་ཡིན་པར་བཤད། བྱེ་བྲག་བོད་ཀྱི་ཡུལ་ངོས་ནས་བཤད་ན་བོད་རྒྱལ་སྤུ་དེ་གུང་རྒྱལ་ནས་བཟུང་བོད་ལྗོངས་ལྷོ་ཁར་དཔྱིད་དུས་ཀྱི་ཁམ་སྡོང་མེ་ཏོག་བཞད་དུས་ཕོ་གཞོན་རྣམས་ཀྱིས་ཕོ་རྩལ་འགྲན་པ་དང་མོ་གཞོན་རྣམས་ཀྱིས་གླུ་གཞས་འགྲན་པའི་སྲོལ་ཡོད་པར་བཤད་ལ། 《བོད་ཀྱི་མདའི་རིག་གནས་ལ་དཔྱད་པ་བློ་གསལ་གཞོན་ནུའི་དགའ་སྟོན》ཞེས་པར།“བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལོ་རེའི་ལུགས་རྙིང་གི་ཟླ་བཞི་པར་མདའ་རྩེད་བྱེད་པ་དང” ཞེས་དང་། “རྒྱལ་རྩེ་ས་ཁུལ་གྱི་གཞི་རྒྱ་ཆེ་བའི་དུས་སྟོན་ཏེ་རྟ་མའམ་མདའ་མ་ཞེས་པ། རྟ་རྒྱུགས་མདའ་འཕེན་གྱི་འགྲན་སྡུར་རྩེད་མོ་ད་བར་དུ་ཧ་ལམ་ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ལྡན”ཞེས་འཁོད་ཡོད་ལ། དེ་བཞིན་ཀོང་ཡུལ་དང་འབྲུག་ཡུལ་སོགས་བོད་སྐད་ཡིག་སྤྱོད་བཞིན་པའི་ས་ཆ་མང་པོ་ནས་མདའ་རྩེད་ཀྱི་བྱེད་སྒོ་སྤེལ་མུས་སུ་ཡོད། 2007ལོའི་ཟླ་བརྒྱད་པར་མཚོ་ལྷོ་ས་ཁུལ་ཆབ་ཆ་གྲོང་བརྡལ་བདེ་སྐྱིད་ཐང་དུ་མཚོ་སྔོན་པོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་ཚོགས་པ་དང་། 2007ལོའི་ཟླ་དགུ་པར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མདའ་རྩལ་དོ་དམ་ལྟེ་གནས་ནས་གཅན་ཚ་རྫོང་ལ་ཀྲུང་གོའི་མི་རིགས་སྲོལ་རྒྱུན་མདའ་རྩེད་ཀྱི་ཕ་ཡུལ་ཞེས་པའི་མིང་བསྩལ། དེ་བཞིན་སི་ཁྲོན་ས་ཁུལ་དུ་མདའ་འཕེན་སློབ་གྲྭ་ཞིག་བཙུགས་ཡོད་ལ་མིག་སྔར་ཞིང་ཆེན་ཡོངས་སུ་རུ་ཁག་བཅུ་དྲུག་ལྷག་ཡོད་ལ་ཁོ་ཚོའི་མིའི་རིགས་ཀྱི་རིག་གནས་དང་ཤུལ་བཞག་རིག་གནས་འདི་དར་སྤེལ་དང་རྒྱུན་འཛིན་བྱེད་བཞིན་ཡོད།
རྩེད་མོའི་རྣམ་པ་ལ 《བོད་ཀྱི་དམངས་སྲོལ་གཅེས་བཏུས》ལས། “མདའ་རྩེད་ལ་རྒྱང་མདའ་དང་ཚ་མདའ་ཞེས་ཁག་གཉིས་ཙམ་ཡོད་པ་ལས་བི་ཤུ་ཞེས་མདའ་རྩེར་མཁྲེགས་ཤིང་ལས་གྲུབ་པའི་སྒོང་དབྱིབས་སྦུགས་ཅན་བུ་ག་བཞི་ལྡན་བསྒར་བའི་མདའ་འཕངས་མ་ཐག་རླུང་ཤུགས་ཀྱིས་ཤུ་སྒྲ་ཐོན་ཅིང་དེས་དཔྱང་འཕྲུལ་ཅན་གྱི་རྒྱང་འབེན་ལ་ཕོག་པའི་ཚ་ག་འགྲན་པར་བྱེད་པ་དང་། རྣོ་ལྕགས་ཚ་མདའ་ནི་རྒྱང་རིང་པོའི་འབེན་ལ་ཚ་ཁ་འགྲན་པར་བྱེད་ཅིང་། རྒྱང་མདའ་ནི་ཁོད་སྙོམས་པའི་སྤངས་ལྗོངས་ཐོག་རྒྱང་ཐག་ཧ་ལམ་སྤྱི་ཁྲེ་བཞི་བརྒྱ་སྐོར་ཚད་འཛིན་གྱིས་མདའི་ཐོག་མདའ་བ་སོ་སོའི་མིང་བཀོད་ནས་རིང་ཚད་དང་འདྲོང་ཚད་གྱི་ཐོག་ནས་འགྲན་པར་བྱེད”ཅེས་བཀོད་ཡོད་པ་བཞིན་བོད་ཡུལ་གྱི་མདའ་འཕེན་ལུགས་གཙོ་བོར་ངེས་ཤིང་ཡུལ་ལུང་དབང་གིས་རྩེད་མོའི་རྣམ་པ་མི་འདྲ་བ་ཡང་འབྱུང་ངེས་སོ། །
དཔྱད་གཞིའི་དཔེ་ཆ།
བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ་12པའི་པར་གཞི།
ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ་3པའི་པར་གཞི།
སྲོལ་རྒྱུན་མདའ་འཕེན་གྱི་བྱུང་བ། སྤྱི་ཚོགས་ཚན་རིག་ཡིག་ཆ་དཔེ་སྐྲུན་ཁང་། 2016ལོའི་ཟླ་3པའི་པར་གཞི།
བོད་ཀྱི་མདའི་རིག་གནས་ལ་དཔྱད་པ་བློ་གསལ་གཞོན་ནུའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། 2014 ལོའི་ཟླ་ 7 པའི་པར་གཞི།
བོད་ཀྱི་དམངས་སྲོལ་གཅེས་བཏུས། མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ་11པའི་པར་གཞི།