༄༅།། ལོ་རྒྱུས་སྙན་རྩོམ་ཞེས་པའི་བརྡ་ཆད་དཔྱད་ཞིབ།

སྨན་ཤུལ་རིན་ཆེན་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-16


སྨན་ཤུལ་རིན་ཆེན་རྡོ་རྗེ།
          [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ལོ་རྒྱུས་སྙན་རྩོམ་ཞེས་པའི་རིག་གཞུང་གི་བརྡ་ཆད་འདིའི་ཡོང་ཁུངས་ཀི་རུའི་ཡི་གེ་ཡིན་པ་དང་། འཛམ་གླིང་ན་ལོ་རྒྱུས་སྙན་རྩོམ་ཆེ་བཅུ་ཡོད་པ་སོགས་མཚམས་སྦྱོར་གྱིས། ལོ་རྒྱུས་སྙན་རྩོམ་ཞེས་པའི་གོ་དོན་ལ་ལོ་ངོ་ཉིས་སྟོང་བཞི་བརྒྱ་ཡན་ཆད་ཀྱི་པོ་ལ་ཐུའུ་ནས་ད་ལ་ཐུག་གི་བར་དུ་འཇར་མན་གྱི་མཁས་དབང་ཧེ་གིར་ལས་ཞིབ་ཆ་ཆེ་བ་ཞིག་དཀོན་པས། ལོ་རྒྱུས་སྙན་རྩོམ་ཞིག་ལ་ཚང་དགོས་པའི་རྩ་བའི་ཆ་རྐྱེན་བཞི་སོགས་ཧེ་གིར་གྱི་རིང་ལུགས་བཞིན་ཕྱོགས་བསྡོམས་བྱས་ཡོད་ཅིང་། དེང་སང་ལ་ལ་ཞིག་གིས་སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་སྙན་རྩོམ་ཞེས་པ་ཞིག་དབྱེ་བར་དགག་པ་རྒྱག་ཞོར།ལོ་རྒྱུས་སྙན་རྩོམ་གྱི་རིག་གཞུང་ཚན་ཁག་དེ་དོན་གྱིས་དམངས་ཁྲོད་རྩོམ་རིག་ཡིན་དགོས་མོད། རང་རྒྱལ་ལ་མཚོན་ན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རྩོམ་རིག་གྲས་སུའང་ཐེ་བ་སོགས་ཞུས་ཡོད།
          [བརྡ་ཆད་གཙོ་བོ།] ལོ་རྒྱུས་སྙན་རྩོམ། རིག་གཞུང་བརྡ་ཆད། ཧེ་གིར། གེ་སར་སྒྲུང་།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I207.9[ཡིག་ཚང་མཚན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-01-0118-16 
དང་པོ། ལོ་རྒྱུས་སྙན་རྩོམ་ཞེས་པའི་བརྡ་ཆད་ཀྱི་འབྱུང་ཁུངས།
          ལོ་རྒྱུས་སྙན་རྩོམ་ཞེས་པ་ནི་རྩོམ་རིག་ལོ་རྒྱུས་སྟེང་གི་རྩོམ་ལུས་སམ་རྩོམ་སྟངས་(体裁)གལ་ཆེན་ཞིག་ཡིན་ཏེ།གཟི་བརྗིད་དང་ལྡན་པ་ཞིག་ཅིས་ཀྱང་ཡིན་སྐད། བརྡ་ཆད་འདི་ཉེ་རབས་ལོ་རྒྱུས་སུ་ད་གཟོད་རང་རྒྱལ་དུ་ནང་འདྲེན་བྱས་པའི་སྙན་ངག་གི་གོ་དོན་ཞིག་དང་རིག་གཞུང་གི་བརྡ་ཆད་ཅིག་ཡིན་མོད། ལོ་རྒྱུས་སྙན་རྩོམ་ཞེས་པའི་བརྡ་ཆད་འདི་མེད་ན་ལོ་རྒྱུས་སྙན་རྩོམ་ཉིད་མེད་པ་མིན་ཏེ། བོད་ཀྱི་གེ་སར་སྒྲུང་དང་། ཁུར་ཁུ་ཙེའི་མཱ་ན་སི།(柯尔克孜族《玛纳斯》) སོག་པོའི་ཇང་གུར།(蒙古族《江格尔》)བཅས་པ་ནི་ལོ་ངོ་བརྒྱ་ཕྲག་དུ་མའམ། ལ་ལར་ལོ་ངོ་སྟོང་གི་རྗེས་དྲན་ཚོགས་ཆེན་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་བསྐངས་པས། ཀྲུང་གོའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཆེ་གསུམ་ཞེས་སྐད་གྲགས་ཆེ།
          ལོ་རྒྱུས་སྙན་རྩོམ་ཞེས་པའི་བརྡ་ཆད་འདི་ཆེས་ཐོག་མར་ཀི་རུའི་ཡི་གེ་(希腊文)ནས་བྱུང་བ་དང་། འཇར་མན་གྱི་མཚན་ཉིད་པ་གྲགས་ཅན་ཧེ་གིར་(黑格尔Hegel)གྱིས་མཛེས་རྟོག་རིག་པའི་རྣམ་བཤད་དུ། “ལོ་རྒྱུས་སྙན་རྩོམ་(Epic)ཞེས་པ་ནི་ཀི་རུའི་ཡི་གེར་epǒs ཞེས་འབྲི། ཆེས་ཐོག་མའི་གོ་དོན་ནི་གཏམ་གླུ་སྤེལ་མའམ་སྒྲུང་གཏམ་ལ་གོའོ།།སྤྱིར་བཏང་དུ་གང་རྗོད་པར་བྱེད་པའི་གཏམ་ཀྱིས་བྱ་དངོས་ཅི་ཞིག་བརྗོད་ཅེ་ན། དེ་ལ་རང་གི་བརྗོད་བྱའི་ནང་དོན་རང་མཚན་པ་ཞིག་ཡོད་པས། ད་གཟོད་བརྗོད་བྱ་གང་ཞིག་གི་ནང་དོན་དེ་ཅི་ཞིག་ཡིན་པ་དང་། ནང་དོན་དེའི་བརྒྱུད་རིམ་ཇི་ལྟར་ཡིན་པ་བརྗོད་བདེ་བ་ཡིན་ནོ།།”ཞེས་གསུངས།དེང་སང་ཡོངས་གྲགས་སུ། “ལོ་རྒྱུས་སྙན་རྩོམ་ནི་རྩོམ་ལུས་གཟི་བརྗིད་དང་ལྡན་པ་ཞིག་ཡིན་ཏེ། དེའི་བརྗོད་བྱའི་ནང་དོན་ནི་དམངས་ཁྲོད་ཀྱིས་དཔའ་བོའི་མཛད་རྗེས་བརྒྱུད་བསྒྲགས་བྱེད་པའམ་དེ་ལ་བསྟོད་བསྔགས་འཐེན་པའི་སྙན་རྩོམ་རིང་མོ་ཞིག་ལ་གོ་ཞིང་། དེ་དང་འབྲེལ་བའི་བརྗོད་བྱར་ལོ་རྒྱུས་དངོས་ཀྱི་དོན་རྐྱེན་དང་། མི་རིགས། ཆོས་ལུགས། གཏམ་རྒྱུད་བཅས་པ་ཐེའོ།།”ཞེས་གྲགས།འོན་ཀྱང་། ལོ་རྒྱུས་སྙན་རྩོམ་ནི་རྩོམ་པ་པོའི་རྩོམ་རིག་མིན་ཏེ། དེ་ནི་ཡིན་གཅིག་མིན་གཉིས་དམངས་ཁྲོད་དུ་ངག་རྒྱུན་གྱིས་དར་སྤེལ་གཏོང་བ་ཞིག་ཡིན་ནོ།། དེས་ན་ལོ་རྒྱུས་སྙན་རྩོམ་ནི་དམངས་ཁྲོད་དུ་ཡི་གེ་མ་དར་བའམ། ཡི་གེ་དར་མི་ཆེ་བའི་སྐབས་སུ། ངག་ཐོག་ནས་མི་རབས་མི་བརྒྱུད་ལ་དར་ཞིང་། དུས་ཕྱིས་སུ་རིམ་གྱིས་ཡི་གེར་ཕབ་སྟེ་ལེགས་པར་བསྒྲིགས་པ་ཞིག་ཡིན། དེང་རབས་ཀྱི་ངག་ཐོག་སྲོལ་རྒྱུན་(口头传承)ཞེས་པའི་མཁས་ཆེན་ཕ་རིས་(Parry)དང་ལོ་དི་(Lord)གཉིས་ཀྱིས་ཀྱང་ཧོ་མའི་ལོ་རྒྱུས་སྙན་རྩོམ་(荷马史诗)གྱི་འབྱུང་ཁུངས་ནི་ངག་རྒྱུན་ཡིན་ཞིང་། དུས་ཕྱིས་སུ་རིམ་གྱིས་ངག་ཐོག་ནས་ཡི་གེར་ཕབ་པར་འདོད། འོ་ན་འཛམ་བུའི་གླིང་འདིར་ཆེས་སྔ་བའི་ལོ་རྒྱུས་སྙན་རྩོམ་ནི་གང་རེད་ཅེ་ན། དེ་ནི་སྤྱི་ལོ་སྔོན་གྱི་དུས་རབས་20བའི་གནའ་བོའི་པ་པེ་ལུང་གི་ཅིས་ཨར་ཅ་མེ་ཧྲི་(Gilgamesh)ཞེས་པ་དེ་ཡིན།དེ་ལ་མེ་སོ་པོ་ཏ་མེས་ཡ་(Mesopotamia)ཡི་ལྷ་སྒྲུང་ཞེས་ཀྱང་བརྗོད། འོ་ན་འཛམ་བུའི་གླིང་འདིར་སྐད་གྲགས་ཆེ་བའི་ལོ་རྒྱུས་སྙན་རྩོམ་གང་དག་ཡོད་ཅེ་ན། གཤམ་དུ་ལོ་རྒྱུས་སྙན་རྩོམ་བཅུ་ཐམ་པ་བདམས་ཏེ། རེའུ་མིག་ཅིག་གི་ལམ་ནས་འགྲེམས་པར་བྱའོ།།
          འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་ཆེ་བཅུ།
          ཨང་རིམ།  དུས་རབས།                        ལོ་རྒྱུས་སྙན་རྩོམ།                    རྒྱལ་ཁབ་དང་མི་རིགས།
          1    སྤྱི་ལོ་སྔོན་གྱི་དུས་རབས་8ནས་6པ།        ཡེ་ལེ་ཡ་ཐི།     གནའ་བོའི་ཀི་རུ། ཧོ་མའི་ལོ་རྒྱུས་སྙན་རྩོམ།
          2    སྤྱི་ལོ་སྔོན་གྱི་དུས་རབས་8ནས་6པ།        ཨོ་ཏི་སེ།     གནའ་བོའི་ཀི་རུ། ཧོ་མའི་ལོ་རྒྱུས་སྙན་རྩོམ།
          3    སྤྱི་ལོ་སྔོན་གྱི་དུས་རབས་5ནས་4བ།         རྭ་མ་ཎ།     གནའ་བོའི་རྒྱ་གར། 
          4    སྤྱི་ལོ་སྔོན་གྱི་དུས་རབས་5ནས་4བ།       མ་ཧཱ་བྷ་ར་ཏ།     གནའ་བོའི་རྒྱ་གར། བྲམ་ཟེའི་ཆོས་གཞུང་།
          5    སྤྱི་ལོ་སྔོན་གྱི་དུས་རབས་1པ།         ཨེ་ནེ་ཨ་སི།     གནའ་བོའི་རོ་མ། ཧོ་མའི་གཞུག་ཏུ་རོ་མ་འཛུགས་མཁན།
          6    སྤྱི་ལོའི་དུས་རབས་8པ།                      པེ་ཨོ་ཝོ་ཧྥུ།     གནའ་བོའི་དབྱིན་ཇིའི་བྱང་གི་རུ་ཡོང་། ཨང་གི་ལུའུ་ས་ཁུ་སིན།
          7    སྤྱི་ལོའི་དུས་རབས་11པ།                      གེ་སར་སྒྲུང་།     བོན་དང་བོད། ཁམས་དང་ཨ་མདོའི་འབྲོག་པ།
          8    སྤྱི་ལོའི་དུས་རབས་11པ།                         མཱ་ན་སི།                       གནའ་བོའི་ཁུར་ཁུ་ཙི།
          9    སྤྱི་ལོའི་དུས་རབས་13པ།                         ཇང་གུར།     གནའ་བོའི་སོག་པོ། 
          10    སྤྱི་ལོའི་དུས་རབས་13པ།                  ནེ་པི་ལུང་གུན་གྱི་གླུ།     གནའ་བོའི་འཇར་མན།
          གོང་གི་ལོ་རྒྱུས་སྙན་རྩོམ་གྲགས་ཆེན་དག་གི་མཚན་བྱང་ཁོ་ན་ལ་བལྟས་ནའང་། ཡེ་ལེ་ཡ་ཐི་དང་ནེ་པི་ལུང་གུན་གྱི་གླུ་མ་གཏོགས། མང་ཆེ་བ་ལོ་རྒྱུས་སྙན་རྩོམ་དེའི་ནང་གི་མི་སྣ་གཙོ་བོ་སྟེ། ལོ་རྒྱུས་སྙན་རྩོམ་གྱི་བརྗོད་བྱ་གང་དེའི་མི་རིགས་ཀྱི་དཔའ་བོ་དེའི་མཚན་ནས་བཟུང་སྟེ་ལོ་རྒྱུས་སྙན་རྩོམ་གང་དེའི་མཚན་བྱང་དུ་གསོལ་ཡོད། མཉམ་པར་འཇོག་དགོས་པ་ཞིག་ནི། རེའུ་མིག་འདིའི་ནང་གི་དུས་རབས་ནི་ལོ་རྒྱུས་སྙན་རྩོམ་གང་དེ་དུས་རབས་ནམ་ཞིག་ལ་བྱུང་བར་གོ་བ་ལས། ལོ་རྒྱུས་སྙན་རྩོམ་གྱི་བརྗོད་བྱ་དེ་དུས་རབས་ནམ་ཞིག་ལ་བྱུང་བར་གོ་བ་མིན། དཔེར་ན་པེ་ཨོ་ཝོ་ཧྥུ་ནི་དུས་རབས་བརྒྱད་པའི་ནང་བྱུང་ཡང་། དེའི་བརྗོད་བྱ་དངོས་ཀྱི་ལོ་རྒྱུས་དོན་རྐྱེན་ནི་དུས་རབས་ལྔ་པའི་ནང་བྱུང་བ་ཡིན་ནོ།།
          དེང་སང་འདིའི་ནང་གི་ཨེ་ནེ་ཨ་སི་མ་གཏོགས། ཕྱི་རྒྱལ་གྱི་ལོ་རྒྱུས་སྙན་རྩོམ་ཚང་མར་གློག་བརྙན་ཡོད། འོན་ཀྱང་རང་རྒྱལ་དུ་དུས་རབས་གོང་མའི་ལོ་རབས་དགུ་བཅུ་ཡས་མས་སུ་གེ་སར་སྒྲུང་ལ་མུ་འབྲེལ་བརྙན་འཕྲིན་ཞིག་བཟོས་མོད། གེ་སར་རྒྱལ་པོ་དེ་མི་སྐྱ་དྲག་རྩལ་སྦྱོང་མཁན་ཞིག་ཡིན་ཐག་ཆོད་པར་བླངས་ཡོད་པས། སྐབས་འགར་བཙོན་ལ་བཅུག་སྟེ་རྐང་སྒྲོག་ལག་སྒྲོག་གིས་བཅིངས་པ་ཙམ་ལའང་ཅི་བྱ་གཏོལ་མེད་ཀྱི་ཚུལ་དུ་ལུས་འདུག་པས་བལྟ་ཉམས་ཅང་མེད།
གཉིས་པ། ལོ་རྒྱུས་སྙན་རྩོམ་ཞེས་པའི་བརྡ་ཆད་ཀྱི་གོ་དོན།
          གནའ་བོའི་ཀི་རུའི་རྒྱལ་ཁབ་ཀྱི་མཁས་དབང་པོ་ལ་ཐུའུ་(སྤྱི་ལོ་སྔོན་གྱི་429—347ལོ་)དང་ཡ་ལེ་སི་ཏོ་དི་(སྤྱི་ལོ་སྔོན་གྱི་384—322ལོ་)གཉིས་ཀ་ནི་དགེ་སློབ་ཡིན་ཞིང་། འཛམ་བུའི་གླིང་དུ་སྙན་ངག་དང་ལོ་རྒྱུས་སྙན་རྩོམ་གྱི་སྐོར་ལ་དཔྱད་བརྗོད་སྤེལ་མཁན་ཆེས་ཐོག་མའི་གྲས་སུ་གཏོགས།པོ་ལ་ཐུའུ་ལགས་ཀྱིས། “ལོ་རྒྱུས་སྙན་རྩོམ་གསར་དུ་རྩོམ་མཁན་གྱི་སྙན་ངག་པ་དེ་དག་ནི་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཁོ་རང་ཚོའི་ནུས་པ་དང་འཇོན་ཐང་ནི་ལག་རྩལ་ཞིག་སྦྱང་བ་ལྟ་བུ་གཏན་ནས་མ་ཡིན་པར། རིག་པའི་ཀློང་རྡོལ་བ་ཞིག་ཡིན་ཏེ། ཁོ་རང་ཚོ་རིག་པ་ཐོལ་སྐྱེས་དེ་ལ་དབང་འབྱོར་དུས། མི་སེམས་རབ་ཏུ་འགུལ་བའི་སྙན་རྩོམ་དེ་དག་ངག་ནས་ཤོར་ཐོན་པ་ཡིན་ནོ།།” ཞེས་གསུངས་པ་ལས། “ལོ་རྒྱུས་སྙན་རྩོམ་གསར་དུ་རྩོམ་མཁན་གྱི་སྙན་ངག་པ་”ཞེ་ན། དེང་སང་ལོ་རྒྱུས་སྙན་རྩོམ་ནི་དམངས་ཁྲོད་རྩོམ་རིག་གི་ཁོངས་སུ་གཏོགས་པས་དེ་ནི་མི་དམངས་མང་ཚོགས་ཐུན་མོང་གི་ཤེས་རབ་ལས་གྲུབ་པ་ཡིན་གྱི། དེ་ལ་ངེས་བརྟན་གྱི་རྩོམ་པ་པོ་ཞིག་ཡོད་པར་ཁས་མི་ལེན་མོད།འོན་ཀྱང་ལོ་རྒྱུས་སྙན་རྩོམ་ལའང་ཆེས་ཐོག་མའི་སྒྲུང་པ་ཞིག་ཡོད་ཀྱང་སྲིད་སྙམ། ད་དུང་པོ་ལ་ཐུའུ་ལགས་ཀྱིས་“རིག་པའི་ཀློང་རྡོལ་བ་”ཞེས་པ་དེ་ནི་མི་རང་སྒེར་གྱི་རྩོལ་བ་ལས་བྱུང་བ་མ་ཡིན་པར། དེ་ནི་ཁབ་ལེན་རྡོ་ཡི་རྣོ་ཤུགས་ལྟར་ལྷ་ཡིས་དངོས་གྲུབ་བསྩལ་བ་ལས་བྱུང་བར་འདོད་དེ། “ཁྱེད་རང་ཧོ་མའི་ལོ་རྒྱུས་སྙན་རྩོམ་འཆད་མཁས་པའི་ནུས་པ་དང་འཇོན་ཐང་ནི་ལག་རྩལ་ཞིག་མ་ཡིན་པར། དེ་ནི་མཆོག་གི་དངོས་གྲུབ་ཅིག་ཡིན། དེ་ཉིད་ཨོ་ལེ་པེ་ཏི་སི་ལགས་ཀྱིས་བཤད་པའི་ཁབ་ལེན་རྡོ་དང་འདྲ་བ་ཞིག་གིས་ཁྱེད་རང་སྔོན་དུ་བསྐུལ་ཞིང་འདེད་ཀྱིན་ཡོད།”ཅེས་གསུངས་པ་དང་། “སྙན་ངག་གྱེར་མཁན་དང་ཟློས་གར་འཁྲབ་མཁན་རྣམས་ལྷུ་ཚིགས་བར་མ་ལྟ་བུ་ཡིན། ཆེས་ཐོག་མའི་ལྷུ་ཚིགས་ནི་སྙན་ངག་པ་ཁོ་རང་རེད། འོན་ཀྱང་ཆེས་ཐོག་མར་ལྷུ་ཚིགས་འདི་དག་ལ་རྣོ་ཤུགས་ཐེབས་སུ་འཇུག་མཁན་ནི་མཆོག་གི་ལྷ་ཡིན། ལྷ་ལྷ་མོ་རང་རང་གི་འདོད་མོས་ལྟར་མི་རྣམས་ཀྱི་རྣམ་ཤེས་འགུགས་པའི་འཐེན་ཤུགས་གཏོང་བ་དང་། འཐེན་ཤུགས་འདི་མི་ཕན་ཚུན་བར་དུའང་བརྒྱུད་སྤེལ་བྱེད་ཀྱིན་འདུག འདི་ལྟར། ཆེས་ཐོག་མའི་ཁབ་ལེན་རྡོ་ནས་བཟུང་སྟེ། གཟི་བརྗིད་དང་ལྡན་པའི་ལྕགས་ཐག་ལྟ་བུ་ཞིག་གྲུབ་ཅིང་། མཉམ་ལེན་རུ་ཁག་གི་གར་མཁན་དང་། སྒྲ་སྙན་བདུང་མཁན་ཆེ་མ་ཆུང་གསུམ་དག་ཚང་མ་ལྷ་མོ་མེའུ་སི་ལགས་ཀྱིས་འཐེན་པའི་ལྕགས་ཐག་དེའི་སྟེང་ན་ཡོད།” ཅེས་གསུངས་པ་ལྟར། པོ་ལ་ཐུའུ་ལགས་ཀྱི་སྒྱུ་རྩལ་གྱི་ལྕགས་ཐག་(艺术链)སྨྲ་བ་འདིས་ལོ་རྒྱུས་སྙན་རྩོམ་གྱི་འགོ་ཁུངས་དེ་ལྷ་དང་ལྷ་མོས་དངོས་གྲུབ་བསྩལ་བ་དང་། སྙན་ངག་མཁན་གྱི་རིག་ཀློང་རྡོལ་བ་ལས་བྱུང་བར་འདོད་པས། འདི་ཉིད་དེང་སང་གེ་སར་སྒྲུང་ལ་སྒྲུང་ལྷ་བབས་པའི་འབབ་སྒྲུང་ཞིག་ཡོད་པར་སྨྲ་བ་དེ་དང་འདྲ་སེ་འདུག
          པོ་ལ་ཐུའུ་ལགས་ཀྱིས་སྙན་ངག་གསར་རྩོམ་གྱིས་“མི་རྣམས་ལ་དགའ་མགུ་བསྐྱེད་པ་མ་ཟད། ད་དུང་སྒྲིག་ལམ་དང་ལྡན་པའི་སྒོ་ནས་མི་ཚེ་ཧྲིལ་བོ་ལ་བཀོད་འདོམས་བྱེད་པར་ཕན་ཐོགས་”ཤིང་། སྙན་ངག་གསར་རྩོམ་དེ་རིགས་རྒྱལ་ཁབ་མ་ཟད། རང་གི་མི་ཚེ་ལའང་“ཕནནུས་”ཡོད་ཅིང་། སྒྱུ་རྩལ་པ་ཞིག་ཡིན་ན་“མི་རྣམས་ལ་ཕན་པའི་བསླབ་བྱ་གཏོང་རྒྱུ་དེ་དམིགས་འབེན་ཡིན་”ཞེས་གསུངས་མྱོང་། དེ་བཞིན་དུ་བུ་རྒོད་པོ་ཞིག་གིས་དུས་རྒྱུན་དུ་འཇམ་སྙན་རོལ་དབྱངས་ལ་ཉན་དྲགས་ན། ཡུན་གྱིས་བག་འཁུམས་པར་གྱུར་ཏེ་ཉབ་བེ་ཉོབ་བེར་ལུས་ཤིང་། མཐའ་མར་གཡུལ་ངོ་ལའང་ཞུགས་མི་ཐུབ་པའི་ཉམ་ཐག་ཅིག་ཏུ་འགྱུར་འགྲོ་ཞིང་། ད་དུང་དུས་རྒྱུན་དུ་སྐྱོ་བའི་ཟློས་གར་ལ་ལྟ་ཉེས་ན། མི་རྣམས་སྙིང་རྗེ་སྐྱེ་སླ་ཞིང་སེམས་པ་ཕམ་སྐྱེན་པའི་ངན་ལངས་ལ་ཤོར་འགྲོ་བར་དོགས་པ་ཟ་མོད། ལྟ་བ་འདི་རིགས་ལ་ཁོང་གི་སློབ་མ་ཡ་ལེ་སི་ཏོ་དི་ལགས་ཀྱིས་དུས་ཕྱིས་སུ་དགག་གཞག་ཡང་དག་པ་མཛད།
          ཡ་ལེ་སི་ཏོ་དི་དང་རང་གི་དགེ་རྒན་པོ་ལ་ཐུའུ་གཉིས་སྐབས་འགར་ལྟ་བ་མི་གཅིག་སྟེ། ཁོང་གིས་“ང་རང་དགེ་རྒན་ལ་དགའ་མོད། ལྷག་པར་དུ་བདེན་དོན་ལ་དགའ་”ཞེས་སྨྲས་མྱོང་། འོན་ཀྱང་ཁོང་གིས་རང་གི་དགེ་རྒན་ལ་ཧ་ཅང་བརྩི་སྟེ། “མི་ཕལ་བ་ཞིག་གིས་ཁོ་རང་གི་དགེ་རྒན་པོ་ལ་ཐུའུ་ལ་ཐ་ན་བསྟོད་པ་འཐེན་པའང་མ་མཛའ་ནི་ཞིག་རེད།”ཅེས་ཀྱང་གསུངས་མྱོང་། བོད་ཀྱི་གཏམ་དཔེར། བསྟོད་མི་ཤེས་ནི་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་ནི་ཞིག་གིས་སྨད་ན་དགའ། ཟེར་བ་དང་འདྲ།
          ཡ་ལེ་སི་ཏོ་དི་ལགས་ཀྱིས་“ལོ་རྒྱུས་སྙན་རྩོམ་དང་སྐྱོ་བའི་ཟློས་གར་གཉིས་ཀྱི་འདྲ་བའི་ཆ་ཁོ་ན་ནི། ལོ་རྒྱུས་སྙན་རྩོམ་གྱིས་ཀྱང་སྡེབ་སྦྱོར་འགྲིག་པའི་སྙན་ངག་གིས་དོན་དག་གཟབ་ནན་ཅན་ལ་ལད་ཟློས་བྱེད་པ་དང་། གཞི་རྒྱའང་ཆེ། གཉིས་ཀ་མི་འདྲ་ས་ནི། ལོ་རྒྱུས་སྙན་རྩོམ་གྱིས་སྡེབ་སྦྱོར་འགྲིག་པའི་སྙན་ངག་ཁོ་ན་བེད་སྤྱོད་པ་དང་། ད་དུང་དོན་གྱི་བྱུང་བ་བརྗོད་པའི་རྩོམ་སྟངས་བེད་སྤྱོད་པ་རེད། གཉིས་ཀའི་ཚད་རིང་ཐུང་བཤད་ན། སྐྱོ་བའི་ཟློས་གར་གྱིས་གཟའ་འཁོར་གཅིག་གི་དོན་དག་ཙམ་བརྗོད་པའམ། ཡང་ན་ཉི་མ་གཅིག་གི་དོན་དག་ཙམ་ཡིན་ནའང་ཐང་། འོན་ཀྱང་ལོ་རྒྱུས་སྙན་རྩོམ་ལ་དུས་ཚོད་ཀྱི་ཚད་བཀག་ནི་མེད་དོ།།”ཞེས་གསུངས་པ་ལྟར་“སྡེབ་སྦྱོར་འགྲིག་པའི་སྙན་ངག་”ཅེ་ན་མ་ཡིག་གི་མཆན་དུ་སྐྱོ་བའི་ཟློས་གར་ཡིན་ན་“三双音步短长格”ཞེས་པ་དང་། ལོ་རྒྱུས་སྙན་རྩོམ་ཡིན་ན་“六音步长短短格”ཞེས་འགྲེལ་ཡོད། ཕལ་ཆེར་རང་རེའི་བཅད་ལྷུག་སྤེལ་མ་གང་རུང་གི་ཚེག་ཁྱིམ་དོ་མཉམ་ཞིང་ངག་ལས་ཐོན་ན་སྡེབ་སྦྱོར་འགྲིག་དགོས་པ་ལྟ་བུ་ཞིག་གླེང་གིན་འདུགསྐབས་འདིར་ཡ་ལེ་སི་ཏོ་དི་ལགས་ཀྱིས་ལོ་རྒྱུས་སྙན་རྩོམ་ལ་བཅངས་པའི་ལྟ་ཚུལ་མདོར་བསྡུས་ན་དོན་གྱི་བྱུང་བ་བརྗོད་པའི་རྩོམ་སྟངས་ཤིག་དང་། དོན་དག་གཟབ་ནན་ཅན་ལ་ལད་ཟློས་བྱེད་པ་ཞིག གཞི་རྒྱ་ཆེ་བ་ཞིག དུས་ཚོད་ཀྱི་ཚད་བཀག་མེད་པ་ཞིག་བཅས་ཁག་བཞི་རུ་འདུ་བ་རེད།
          དེ་ལྟར་ཡ་ལེ་སི་ཏོ་དི་ལགས་ཀྱིས་ལོ་རྒྱུས་སྙན་རྩོམ་ལ་བཞག་པའི་མཚན་ཉིད་ནི་དུས་ཡུན་རིང་བོའི་བར་དུ་མི་རྣམས་ཀྱིས་རྒྱུན་བཟུང་བ་དང་། ཨི་ཊ་ལིའི་རིག་རྩལ་བསྐྱར་དར་སྐབས་ཀྱི་ཐ་སོ་(Tasso1544—1595)ལགས་ལ་ཤན་ཤུགས་ཆེན་པོ་ཐེབས་ཤིང་འགྲེལ་བཤད་གོང་འཕེལ་དུ་ཕྱིན།ཁོང་ཉིད་ཀྱིས་“ལོ་རྒྱུས་སྙན་རྩོམ་ནི་འོད་སྣང་འཕྲོ་ཞིང་གཟི་བརྗིད་དང་ལྡན་པ། ད་དུང་ཕུན་ཚོགས་དགེ་ལེགས་ཀྱི་རྩེ་མོར་སོན་པའི་བྱ་བ་སྤྱོད་པ་ཞིག་གི་ལད་ཟློས་ཡིན་ཞིང་།རྩོམ་རྩལ་ཁྱད་དུ་འཕགས་པའི་སྙན་ངག་གིས་གཏམ་རྒྱུད་ཀྱི་བྱུང་རིམ་བརྗོད་ཅིང་། ཧ་ལས་དགོས་པའི་ཁྱད་མཚར་གྱིས་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག་སྟེ། རྩོམ་སྟངས་འདི་ལྟ་བུས་མི་རྣམས་ལ་གོ་བསྐོན་སློབ་གསོ་གཏོང་བ་ཡིན་ནོ།། ཞེས་གསུངས་པ་ལྟར། ཡ་ལེ་སི་ཏོ་དི་ལགས་ཀྱི་“ལད་ཟློས་”ཞེས་པ་ནི་མིའི་“བྱ་སྤྱོད་ཅིག་”གི་ལད་ཟློས་ཡིན་ཞིང་།“དོན་དག་གཟབ་ནན་ཅན་”ཞེས་པ་ནི་“འོད་སྣང་འཕྲོ་ཞིང་གཟི་བརྗིད་དང་ལྡན་པ། ད་དུང་ཕུན་ཚོགས་དགེ་ལེགས་ཀྱི་རྩེ་མོར་སོན་པའི་བྱ་བ་སྤྱོད་པ་ཞིག་”ཅེས་མཆན་འགྲེལ་ཁ་གསལ་གནང་ཞིང་། ལོ་རྒྱུས་སྙན་རྩོམ་ལ་གདེང་འཇོག་ཚད་མཐོན་པོའི་བསྟོད་བསྔགས་འཐེན། དེའི་མི་ཚད་ཡ་ལེ་སི་ཏོ་དི་ལགས་ཀྱི་“སྡེབ་སྦྱོར་འགྲིག་པའི་སྙན་ངག་”ཞེས་པ་ནི་“རྩོམ་རྩལ་ཁྱད་དུ་འཕགས་པའི་སྙན་ངག་”ཅེས་གོ་དོན་རྒྱ་ཆེར་བཀྲལ། དེས་ན་ཐ་སོ་ལགས་ཀྱིས་ལོ་རྒྱུས་སྙན་རྩོམ་ཞིག་ལ་ཚང་དགོས་པའི་རྒྱུ་ཆ་ནི་མི་སྣ་དང་། བསམ་བློ། གཏམ་རྒྱུད་བྱུང་རིམ། རྩོམ་རྩལ་ཁྱད་དུ་འཕགས་པའི་སྙན་ངག་བཅས་ཁག་བཞི་ཡོད་པར་འདོད།
          དེ་ནས་རྩོམ་འདིའི་དབུར་གླེང་བའི་ལོ་རྒྱུས་སྙན་རྩོམ་རིག་པའི་ཆེད་མཁས་ཧེ་གིར་(1770—1831)ལགས་ཀྱིས་“ལོ་རྒྱུས་སྙན་རྩོམ་གྱིས་དོན་གྱི་བྱུང་བ་བརྗོད་པ་དེ་རང་གི་འགན་འཁྲི་ལ་བརྩི་ན། ངེས་པར་དུ་བྱ་བ་སྤྱོད་པ་(གཏམ་རྒྱུད་བྱུང་རིམ་)ཞིག་གི་བརྒྱུད་རིམ་དེ་གཞིར་འཛིན་དགོས།བྱ་བ་སྤྱོད་པ་འདིའི་ཁོར་ཡུག་གི་གནས་ཚུལ་དང་ཕན་ཚུན་གཞི་རྒྱ་ཆེ་བའི་འབྲེལ་འདྲིས་ཀྱི་ངོས་ནས། འདི་ཉིད་མི་རིགས་ཤིག་དང་དུས་རབས་ཤིག་གི་འཇིག་རྟེན་ཆ་ཚང་བར་འབྲེལ་འདྲིས་ཧ་ཅང་ཟབ་པ་མ་ཟད། ད་དུང་དོན་སྙིང་ཧ་ཅང་ཆེ་བ་དེ་ངེས་པར་དུ་རྒྱུས་ལོན་བྱ་དགོས། དེས་ན་མི་རིགས་ཤིག་གི་སྙིང་སྟོབས་ལས་འཇིག་རྟེན་ལྟ་ཚུལ་ཆ་ཚང་བ་དང་དངོས་ཡོད་ཀྱི་དོན་དངོས་ཡོད་ཚད། ཁོ་རང་གི་བརྗོད་བྱར་གྱུར་བའི་སྣང་བརྙན་གསོན་པོ་རུ་བསྐྲུན་པ་སྟེ། དོན་དག་བྱུང་ངེས་རིགས་ཀྱི་བྱས་རྗེས་དག་ནི་ལོ་རྒྱུས་སྙན་རྩོམ་ངོ་མ་ཞིག་གི་ནང་དོན་དང་རྣམ་པ་ཡིན་ནོ།།” ཞེས་གསུངས་པ་ལས་“བྱ་བ་སྤྱོད་པ་”(གཏམ་རྒྱུད་བྱུང་རིམ་)འདི་ཉིད་མི་རིགས་ཤིག་གི་སྙིང་སྟོབས་སུ་གྱུར་བའི་“དོན་དག་བྱུང་ངེས་རིགས་”ཤིག་ཡིན་པ་གསལ་བོར་བསྟན། “ལོ་རྒྱུས་སྙན་རྩོམ་ངོ་མ་”ཞེས་པ་ནི་དུས་ཕྱིས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་དང་དོན་གཅིག
          ཧེ་གིར་ལགས་ཀྱི་“དོན་དག་བྱུང་ངེས་རིགས་”ཤེ་ན་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་དག་ལ་གོ་སྟེ། “གལ་ཏེ་མི་རིགས་སོ་སོའི་ལོ་རྒྱུས་སྙན་རྩོམ་ཚང་མ་ཕྱོགས་གཅིག་ཏུ་བསྒྲིགས་ན། དེ་ཉིད་འཛམ་གླིང་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཏུ་ཆགས་འགྲོ། ད་དུང་ཚེ་སྲོག་གི་སྟོབས་ཤུགས་དང་། གྲུབ་འབྲས། མཛད་རྗེས་བཅས་པ་ཆེས་མཛེས་སྡུག་ལྡན་ཞིང་།ཆེས་རང་དབང་ཅན་དང་། ཆེས་གསལ་ཆ་ཆེ་བའི་འཛམ་གླིང་གི་ལོ་རྒྱུས་ཤིག་ཡིན། དཔེར་ན་ང་ཚོས་ཀི་རུའི་མི་རིགས་སྙིང་སྟོབས་དང་ལོ་རྒྱུས་བསླབ་འདོད་པའམ། ཡང་ན་ཁོ་རང་ཚོ་འཚར་ལོངས་བྱུང་སའི་གཞི་རྩ་དང་ཁོ་རང་ཚོས་ཐབས་བཀོད་ཅི་ཞིག་གིས་ཇི་ལྟར་ཁོ་རང་ཚོའི་ལོ་རྒྱུས་ཀྱི་རྒྱུན་བསྲིངས་པ་ཤེས་འདོད་ན། ཧོ་མའི་ལོ་རྒྱུས་སྙན་རྩོམ་འདི་ནི་ཆེས་གསོན་ཉམས་ལྡན་ཞིང་ཆེས་ཐག་ཉེ་བའི་དཔྱད་གཞིའི་འབྱུང་ཁུངས་ཡིན་ནོ།།” ཞེས་གསུངས་པ་ལྟར། ལོ་རྒྱུས་སྙན་རྩོམ་དང་ལོ་རྒྱུས་དོན་དངོས་བར་གྱི་འབྲེལ་བ་ཐད་ཀར་བ་དེ་མངོན་པར་ཕྱུངས་ཡོད།
          ཧེ་གིར་ལགས་ཀྱིས་མུ་མཐུད་དུ་གསུངས་དོན། “ལྷིང་འཇགས་དང་ཁུ་སིམ་གྱི་གནས་ཚུལ་འོག་ཏུ་ལོ་རྒྱུས་སྙན་རྩོམ་ཞིག་འབྱུང་མི་ནུས། འགལ་བ་ཆེས་ཆེར་འཕེལ་བའི་ཛ་དྲག་གི་འཐབ་འཛིང་ལས་ད་གཟོད་ལོ་རྒྱུས་སྙམ་རྩོམ་ཞིག་འབྱུང་བར་སྐུལ་མ་གཏོང་ཐུབ། མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་དམག་འཁྲུག་བརྒྱབ་ན་ད་གཟོད་ལོ་རྒྱུས་སྙམ་རྩོམ་གྱི་ཁྱད་ཆོས་ལྡན་པ་ལས། རྒྱལ་རབས་སྤོ་བའི་འཐབ་རྩོད་དང་མི་རིགས་ནང་ཁུལ་གྱི་འཁྲུག་ཟིང་ནི་འཁྲབ་གཞུང་ཟློས་གར་ཞིག་གི་བརྗོད་བྱ་ལས་འོས་མེད།”ཅེས་གསུངས་པ་ལས་“མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་དམག་འཁྲུག་བརྒྱབ་”པ་དེས་གོང་གི་“མི་རིགས་ཤིག་གི་སྙིང་སྟོབས་”ཞེས་པ་དེ་གནས་ཚུལ་ཇི་འདྲ་བ་ཞིག་གི་འོག་ཏུ་འབྱུང་བར་དཔྱད་པ་གནད་དུ་ཐིངས་པ་མཛད། ད་དུང་“འདི་ལྟ་བུའི་དང་ཐོག་གི་ཚོགས་སྤྱི་ཞིག་ལ་མཚོན་ན། ལོ་རྒྱུས་སྙན་རྩོམ་ནི་མི་རིགས་ཤིག་གི་“གཏམ་རྒྱུད་ངོ་མཚར་ཅན་”ནམ། “སྒྲུང་དཔེ་”འམ་“དམ་པའི་གསུང་རབ་”ལྟ་བུ་ཡིན། རླབས་ཆེན་གྱི་མི་རིགས་ཤིག་ལ་འདི་ལྟ་བུའི་དང་ཐོག་གི་སྒྲུང་དཔེ་ཡིན་ཤག་ཤག་ཅིག་ཡོད་པའི་མི་ཚད། དེ་ཉིད་ཀྱིས་མི་རིགས་ཧྲིལ་བོའི་དང་ཐོག་གི་བསམ་བློའི་དགོངས་པའང་མཚོན་ནུས། དོན་སྙིང་འདིའི་སྟེང་ནས། ལོ་རྒྱུས་སྙན་རྩོམ་ལྟ་བུའི་རྗེས་དྲན་ཁང་ནི་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་ཀྱི་རྨང་གཞི་ཡིན། གལ་ཏེ་ལོ་རྒྱུས་སྙན་རྩོམ་གྱི་ཁྱད་ཆོས་མངའ་བའི་དམ་པའི་གསུང་རབ་འདི་དག་མཉམ་གཅིག་ཏུ་བསྒྲིགས་ན། དེ་ནི་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པ་ཞིག་ཡིན་ངེས། ལོ་རྒྱུས་སྙན་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་འདི་ལྟ་བུའང་། གལ་ཏེ་དེའི་ནང་ན་དུས་ཕྱིས་ཀྱི་མིས་ལད་མོར་བཟོས་པའི་རིགས་འདྲ་མེད་ན། དེ་ཉིད་མི་རིགས་ཀྱི་སྙིང་སྟོབས་མངོན་པར་མཚོན་པའི་འགྲེམ་སྟོན་ཁང་ཞིག་ཏུ་གྱུར་འགྲོ་”ཞེས་གསུངས་པ་ལྟར་མི་རིགས་ཤིག་གི་སྙིང་སྟོབས་ནི་ལོ་རྒྱུས་སྙན་རྩོམ་ཞིག་གི་འབྱུང་ཁུངས་ཡིན་པས་མི་ཚད། མི་རིགས་ཤིག་གི་སྙིང་སྟོབས་ནི་མི་རིགས་གཞན་ཞིག་དང་འགལ་བ་ཆེས་ཆེར་འཕེལ་བའི་ཁྱོད་ཤི་ང་གསོན་གྱི་ཛ་དྲག་གི་འཐབ་འཛིང་ལས་བྱུང་བ་ཡིན། ལྡོག་སྟེ་ལོ་རྒྱུས་སྙན་རྩོམ་ཞིག་ནི་མི་རིགས་ཤིག་གི་སྙིང་སྟོབས་མངོན་པར་གསལ་བའི་འགྲེམ་སྟོན་ཁང་ཞིག་ཡིན་པས་མི་ཚད། འགྲེམ་སྟོན་ཁང་འདིའི་ནང་ན་མི་རིགས་དང་མི་རིགས་བར་གྱི་འགལ་བ་ཆེས་ཆེར་འཕེལ་བའི་ཛ་དྲག་གི་འཐབ་འཛིང་དེའང་སྟོན་གྱིན་ཡོད། དེས་ན་དེང་སང་ལ་ལ་ཞིག་གིས་དམག་འཁྲུག་གི་གཞི་རྒྱ་ཆེ་བ་ལ་བསྙད་བཏགས་ཏེ། དམར་དམག་རྒྱང་བསྐྱོད་དང་ཆུ་ངོགས་གཏམ་རྒྱུད། རྒྱལ་ཁབ་གསུམ་གྱི་ཟློས་གར། ཡང་ན་ཁྲོན་ཆུག་ཀྲན་གོ་རིང་གི་དམག་འཁྲུག་གཏམ་རྒྱུད་ཀྱི་བརྙན་འཕྲིན་ལ་ལོ་རྒྱུས་སྙན་རྩོམ་ཞེས་བརྗོད་མོད། དེ་ནི་མི་རིགས་ནང་ཁུལ་གྱི་ནང་འཁྲུག་ཡིན་པས་ལོ་རྒྱུས་སྙན་རྩོམ་གྱི་བརྗོད་བྱར་མི་འོས་པ་ཤེས་ཀྱིན་མེད། ཡང་ལ་ལ་ཞིག་གིས་ལྷ་སྒྲུང་གི་ཤན་ཞུགས་ཆེ་བའི་གློག་བརྙན་སོགས་ལའང་ལོ་རྒྱུས་སྙན་རྩོམ་ཞེས་བརྗོད་མོད། དེ་ཉིད་མི་རིགས་ཤིག་གི་སྙིང་སྟོབས་མཚོན་པའི་དཔའ་བོའི་བསྟོད་གླུ་ལ་འབྲེལ་བ་མེད་པས་ལོ་རྒྱུས་སྙན་རྩོམ་གྱི་རྗོད་བྱེད་དུ་མི་འགྲོ་བའང་ཤེས་ཀྱིན་མེད།
          ཡང་མི་རིགས་གཉིས་བར་གྱི་དམག་འཁྲུག་གཡུལ་འགྱེད་ཚང་མ་ལ་ལོ་རྒྱུས་སྙན་རྩོམ་གྱི་ཁྱད་ཆོས་མངའ་བ་མིན་ཏེ། ཧེ་གིར་ལགས་ཀྱིས་དཔྱད་དོན། “འདི་ནས་ད་དུང་རྒྱུ་རྐྱེན་ཨང་གསུམ་པ་དེ་འདྲེན་དགོས། དེ་ནི་འཛམ་གླིང་ལོ་རྒྱུས་ཁྲོད་དུ་དག་འབུལ་བྱེད་ཐུབ་པའི་རྒྱུ་མཚན་ཁུངས་ལུང་དང་བཅས་པ་ལྡན་ན། མི་རིགས་ཤིག་གིས་ད་གཟོད་མི་རིགས་གཞན་ཞིག་ལ་དམག་འཁྲུག་གཡུལ་འགྱེད་བྱེད་ཆོག་པ་ཡིན།” ཞེས་གསུངས་པ་ལས་“འཛམ་གླིང་ལོ་རྒྱུས་ཁྲོད་དུ་དག་འབུལ་བྱེད་”ཟེར་བ་ནི་རྒྱལ་ཁབ་གང་རུང་གཉིས་ཀྱི་དམག་འཁྲུག་གཡུལ་འགྱེད་ཡིན་ནའང་། ལོ་རྒྱུས་སྙན་རྩོམ་གྱི་བརྗོད་བྱ་ཡིན་དགོས་ན་རྒྱལ་ཁབ་གང་དེས་འཐབ་འཁྲུག་སློང་བ་ལ་རྒྱུ་མཚན་ཡང་དག་པ་ཞིག་མཁོ་བ་ལ་ཟེར །དཔེར་ན་ཆོས་ལྡན་རྒྱལ་ཁབ་ཅིག་གིས་ཀླ་ཀློའི་རྒྱལ་ཁབ་ཅིག་བཏུལ་བ་ལ་རྒྱུ་མཚན་ཡང་དག་ཡོད་ཟེར་བ་ལྟ་བུར་ཟད་མོད། འོན་ཀྱང་འདི་ཉིད་སྔོན་ཐོན་ཡོ་རོབ་གླིང་གིས་རྗེས་ལུས་ཨེ་ཤིས་ཡ་དང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་དབང་དུ་བསྡུས་ཤིང་མི་སེར་སྤེལ་ཡུལ་དུ་གཏོང་བ་ལ་དག་འབུལ་བྱེད་སྤྱད་མི་ཉན། འདི་ཉིད་“ནུབ་ཕྱོགས་ལྟེ་བར་སྨྲ་བའི་”ཁུངས་ལུང་གི་རྒྱབ་བརྟེན་ལ་དེ་བས་ཀྱང་མི་འགྲོ་ཞེས་དུས་ཕྱིས་ཀྱི་མཚན་ཉིད་རིག་པ་བ་མང་པོས་དགག་པ་བརྒྱབ་མྱོང་།
          དེ་ནས་ཨུ་རུ་སིའི་རྩོམ་རིགས་དཔྱད་བརྗོད་མཁན་པོ་སྟེ། པེ་ལིན་སི་ཅི་(1811—1848)ལགས་ཀྱིས་“ལོ་རྒྱུས་སྙན་རྩོམ་ནི་མི་རིགས་ཀྱི་འདུ་ཤེས་དང་གོ་རྟོགས་སད་མ་ཐག་དུས། སྙན་ངག་གི་ཞིང་ཁམས་སུ་སྨིན་པའི་འབྲས་བུ་ཐོག་དང་པོ་དེ་ཡིན་ཞིང་། ལོ་རྒྱུས་སྙན་རྩོམ་ནི་མི་རིགས་ཤིག་གི་ལོ་ན་གཞོན་དུས་ཁོ་ནར་འབྱུང་། སྐབས་དེ་དུས་མི་རིགས་ཀྱི་འཚོ་བ་ནི་ད་དུང་ཕན་ཚུན་ཁ་གཏད་ཀྱི་ཕྱོགས་གཉིས་ཏེ། སྙན་ངག་དང་ཚིག་ལྷུག་གཉིས་སུ་གྱེས་མེད། (སྐབས་འདིའི་ཚིག་ལྷུག་ནི་སྙན་ངག་མ་ཡིན་པའམ། སྙན་ངག་ལས་ལོག་པ། ཡང་ན་གཏན་ཚིགས་ཅན་གྱི་གསུང་རྩོམ་རིགས་ལ་གོ་དགོས།) མི་རིགས་དེའི་ལོ་རྒྱུས་ད་རུང་ངག་ཐོག་གི་གཏམ་རྒྱུད་ཡིན་ཞིང་། ལོ་རྒྱུས་དེ་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་ནི་ད་རུང་ཆོས་ལུགས་ཀྱི་ལྟ་ཚུལ་ཡིན་མོད། འོན་ཀྱང་ལོ་རྒྱུས་དེ་ཉིད་ཀྱི་སྙིང་སྟོབས་སམ། ཡང་ན་སྐྱེ་སྟོབས་ཀྱི་དཔལ་འབར་ས་ནི་མི་རིགས་དེ་གའི་དཔའ་བོ་དག་གི་མཛད་རྗེས་ཀྱི་ཁྲོད་དུ་ཡོད་དོ།།” ཞེས་གསུངས་པ་ནི་ལོ་རྒྱུས་སྙན་རྩོམ་འབྱུང་བའི་དུས་སྐབས་དེར། ལོ་རྒྱུས་ནི་གཏན་ཚིགས་ཅན་གྱི་གསུང་རྩོམ་རིགས་སུ་འབྲི་སྲོལ་མེད་པས། སྙན་ངག་གི་ཞིང་ཁམས་སུ་མི་རིགས་ཀྱི་འདུ་ཤེས་དང་སྦྲགས་ནས་བརྗོད་ན། མི་རྣམས་ད་གཟོད་མི་རིགས་ཀྱི་དཔའ་བོའི་ལོ་རྒྱུས་དེ་དག་ལ་དགའ་སྤྲོ་བརྟས་ཤིང་ད་གཟོད་དཔའ་བོའི་ལོ་རྒྱུས་སྙན་རྩོམ་འབྱུང་ཞིང་ཆེས་ཆེར་འཕེལ་བར་དཔྱད་མོད། འོན་ཀྱང་པེ་ལིན་སི་ཅི་ལགས་ཀྱིས་ཧེ་གིར་གྱི་“མི་རིགས་སྙིང་སྟོབས་”ཞེས་པ་དེ་“མི་རིགས་ཀྱི་འདུ་ཤེས་དང་གོ་རྟོགས་སད་མ་ཐག་དུས་”བྱུང་བར་བརྗོད་པ་ནི་གོ་དོན་ཁ་ཇེ་གསལ་དུ་བཏང་བ་ཡིན་པས་མཁས་པ་ཡིན་ནོ།། དེ་ནས་“སྙན་ངག་དང་ཚིག་ལྷུག་”ཅེས་པའང་སྐབས་དེའི་མི་རྣམས་རང་དབང་རང་འཐད་ལ་སྤྲོ་བའམ། ཡང་ན་འགྲིག་ལམ་དང་རྒྱུ་མཚན་བཤད་པ་ལ་སྤྲོ་བའི་ཁྱད་པར་ཕྱེས་པ་ཡིན་པས། བརྡ་ཆད་འདི་རིགས་རྩོམ་རིག་གི་བརྡ་ཆད་ལས་བརྒལ་ཏེ། སྤྱི་ཚོགས་དང་མི་དམངས་མང་ཚོགས་ཀྱི་བསམ་བློའི་འཁྱེར་སོ་མཚོན་པའི་ཞིབ་ཆ་དེ་དག་ཞོར་ནས་ཤེས་དགོས།
          པེ་ལིན་སི་ཅི་ལགས་ཀྱིས་“གཞན་དུ་ན། སྒྲུང་གཏམ་རིང་མོ་ལ་ད་དུང་ཡོན་ཏན་ཞིག་ཡོད་པ་ནི། མི་སྒེར་གྱི་འཚོ་བ་དེས་སྒྲུང་གཏམ་རིང་མོའི་ནང་དོན་ལ་ཁ་གསབ་བྱེད་ཆོག་ནའང་། ལོ་རྒྱུས་སྙན་རྩོམ་གྱི་ནང་དོན་ལ་ཁ་གསབ་བྱེད་མི་ནུས་སོ།། གནའ་བོའི་འཇིག་རྟེན་དུ་སྤྱི་ཚོགས་དང་། རྒྱལ་ཁབ། མི་རིགས་སོགས་ཡོད་ཀྱང་། མི་སྒེར་གྱི་རང་ཚུགས་ཁྱད་པར་བ་མངོན་བཞིན་འདུག་ཐུབ་པའི་མི་མེད། དེས་ན་ཀི་རུའི་ལོ་རྒྱུས་སྙན་རྩོམ་ནི་ཁོ་རང་ཚོའི་འཁྲབ་གཞུང་ཟློས་གར་བཞིན་དུ། དེའི་ནང་དོན་ལ་མི་རིགས་ཀྱི་ཚབ་བྱེད་མི་སྣ་སྟེ། ཕྱེད་ཀ་མི་དང་ཕྱེད་ཀ་ལྷ། ཡང་ན་དཔའ་བོ་ཡིན་ཞིང་རྒྱལ་པོའང་ཡིན་པ་ཁོ་ན་ལས་མེད། འོན་ཀྱང་ཁོ་རང་ཚོའི་སྒྲུང་གཏམ་རིང་མོའི་ཁྲོད་དུ། འཚོ་བ་ནི་མིའི་འཚོ་བ་ཡིན་པས། མིའི་སེམས་ཁམས་ཀྱི་གསང་བ་དང་། མིའི་རྣམ་ཤེས། མིའི་ལས་དབང་། ད་དུང་ལས་དབང་དེ་དང་མི་རིགས་ཀྱི་འཚོ་བའི་བར་གྱི་འབྲེལ་བ་ཡོད་ཚད་དེ། འདི་དག་ཚང་མས་སྒྲུང་གཏམ་རིང་མོའི་བརྗོད་བྱའམ་ནང་དོན་ཕུན་སུམ་ཚོགས་པ་ཞིག་གྲུབ་སོང་།” ཞེས་གསུངས་པ་ནི་ལོ་རྒྱུས་སྙན་རྩོམ་གྱི་བརྗོད་བྱ་དེ་མི་རིགས་ཀྱི་ཚབ་བྱེད་ནུས་པའི་ལྷ་མི་ཕྱེད་འཛོམས་ཀྱི་མི་སྣ་ཞིག་ཡིན་པ་ལས། མི་སྒེར་གྱི་རང་ཚུགས་མངོན་སའི་སྒྲུང་གཏམ་རིང་མོ་ལྟ་བུ་ཞིག་མིན་པར་དཔྱད་ཡོད། ཁོང་གིས་མུ་མཐུད་དུ། “ཅི་ཞིག་ལ་ལོ་རྒྱུས་སྙན་རྩོམ་གྱི་དོན་བརྗོད་སྙན་ངག་ཟེར་ཞེ་ན། དེ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་ཇེ་ཡག་ཇེ་འགྲིག་ལ་བཏང་ནས་བརྗོད་པ་ཞིག་ཡིན་ཏེ། ལོ་རྒྱུས་དོན་རྐྱེན་འདི་རིགས་ལ་མི་རིགས་ཧྲིལ་བོ་ཞུགས་ཡོད་ཅིང་། ལོ་རྒྱུས་དོན་རྐྱེན་དེ་ནི་མི་རིགས་ཀྱི་ཆོས་ལུགས་དང་། ཀུན་སྤྱོད། ཆབ་སྲིད་ཀྱི་འཚོ་བ་དང་མཉམ་དུ་འདྲེས་ཡོད་པས། མི་རིགས་དེའི་ལས་དབང་ལ་ཤན་ཞུགས་གལ་ཆེན་ཐེབས་ཡོད། དེས་ན་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པ་ནི་མི་རིགས་གཅིག་གིས་མི་ཚད། གལ་ཏེ་འགྲོ་བ་མིའི་རིགས་ཚང་མ་དང་འབྲེལ་བ་ཡོད་ན། དོན་བརྗོད་སྙན་ངག་དེ་ནི་ལྷག་པར་དུ་ལོ་རྒྱུས་སྙན་རྩོམ་གྱི་ཚད་གཞི་ལ་ཐག་ཉེ་བ་ཡིན་ནོ།།”ཞེས་གསུངས་པ་ནི་ལོ་རྒྱུས་སྙན་རྩོམ་དེ་དོན་བརྗོད་སྙན་ངག་ཞིག་ཡིན་པའི་ཆ་ནས།དོན་བརྗོད་ཞེས་པ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་བརྗོད་པ་ཡིན་ཞིང་། འགྲོ་བ་མིའི་རིགས་ལ་འབྲེལ་བ་ཡོད་ན་རབ་དང་། མ་མཐར་ཡང་མི་རིགས་ཤིག་གི་ལས་དབང་ལ་ཤན་ཞུགས་ཐེབས་པ་ཞིག་ཡིན་དགོས་པར་དཔྱད་ཡོད། ཡང་པེ་ལིན་སི་ཅི་ལགས་ཀྱིས་ཕྱོགས་གཞན་ཞིག་ནས་ཧེ་གིར་ལགས་ཀྱི་“མི་རིགས་སྙིང་སྟོབས་”ལ་བདེན་དཔང་བྱས་པ་ལས། ཧེ་གིར་ལས་ཀྱང་ལྷག་པའི་ལྟ་བ་གསར་བ་ཞིག་གསུངས་མེད།
          དེང་སང་ལ་ལ་ཞིག་གིས་པེ་ལིན་སི་ཅི་ལགས་ཀྱིས་ཕུ་ཞི་ཅིན་གྱི་སྙན་ངག་རིང་མོ་དེ་ལོ་རྒྱུས་སྙན་རྩོམ་དུ་མི་འགྲོ་བར་དཔྱད་པ་ལ་དགག་པ་རྒྱག་ཁུལ་གྱིས་“པེ་ལིན་སི་ཅི་ལགས་ཀྱི་གཞུང་ལུགས་དང་ཕུ་ཞི་ཅིན་གྱི་སྙན་ངག་རིང་མོ་གཉིས་འགྲོ་ས་ཁ་ཁ་ཡིན་པས། པེ་ལིན་སི་ཅི་ལགས་ཀྱིས་ཕུ་ཞི་ཅིན་གྱི་སྙན་ངག་རིང་མོའི་ནང་དོན་ཧ་གོ་མེད་དེ། སྐྱེས་སྟོབས་ཀྱི་ཤེས་རབ་འབར་བའི་སྙན་ངག་པ་ཞིག་སྐྱེས་སྟོབས་ཀྱི་ཤེས་རབ་འབར་བའི་དཔྱད་བརྗོད་མཁན་ཞིག་ལ་མ་ཐུག” ཅེས་འུར་མོད། ཚིག་དང་པོ་ཕྱི་རྒྱལ་གྱི་དགག་གཞག་ལ་ལད་ཟློས་བྱས་ཚོད་དུ་སྣང་བས་གནས་སྐབས་ཅང་མི་ཟེར་མོད། ཚིག་ཕྱི་མའི་“ཧ་གོ་མེད་”ཟེར་བ་སོགས་ཧ་ཅང་དགོད་བྲོ་སྟེ། འདིའི་བར་ན་ཧ་གོ་མ་གོ་ཟེར་རྒྱུ་མེད་དེ། ཁྱེད་ཀྱིས་ཁོང་རྣམ་པ་གཉིས་ཀ་འགྲོ་ས་ཁ་ཁ་ཡིན་པ་ཁས་བླངས་མ་ཐག་པའི་ཕྱིར། འོ་ན་“ཧ་གོ་མེད་”ཟེར་བ་ནི་མི་ཆེན་ལ་སྐུར་བ་བཏབ་པ་ལས། “ཧ་གོ་མེད་”ན་པེ་ལིན་སི་ཅི་ལགས་ཀྱི་རྩོམ་རིག་གི་ལྟ་བ་བརྗོད་པའི་དཔེ་ཆ་ཧྲིལ་བོ་དེ་ཕུ་ཞི་ཅིན་གྱི་སྙན་ངག་གིས་དཔྱད་གཞི་གཙོ་བོ་བྱས་ཡོད་པ་ཅིའི་ཕྱིར། ད་ཕྱིར་འཁོར་ནས་བལྟས་ན་ཁྱེད་ཀྱིས་ཚིག་དང་པོ་དེ་ཕྱི་རྒྱལ་ལ་ལད་ཟློས་བྱས་པ་ཙམ་ལས།ཡིན་ངོམཁྱེད་རང་གིས་ཚིག་དེའི་ནང་དོན་“ཧ་གོ་མེད་”དེ།ཚིག་དང་པོའི་འགྲོ་ས་ཁ་ཁ་ཡིན་ཟེར་བ་ནི་དོན་དུ་ལོ་རྒྱུས་སྙན་རྩོམ་དང་སྒྲུང་གཏམ་རིང་མོ་གཉིས་ཀྱི་བརྗོད་བྱའི་ཁྱད་པར་དང་། མི་སྣའི་ཁྱད་པར། ཡང་ན་ཅིག་ཤོས་དམངས་ཁྲོད་རྩོམ་རིག་དང་། ཅིག་ཤོས་རྩོམ་པ་པོའི་རྩོམ་རིག་ཡིན་པས་འགྲོ་ས་ཁ་ཁ་ཡིན་པ་ཚན་པ་གོང་མར་ཞུས་མ་ཐག་པ་དེ་འདྲ་ཡིན་ནོ།།
          དེ་ནས་གུང་ཁྲན་རིང་ལུགས་ཀྱི་གསར་བརྗེའི་དེད་དཔོན་མར་ཁེ་སི་(1818—1883)ལགས་ཀྱིས་ཀྱང་། ལོ་རྒྱུས་སྙན་རྩོམ་གྱིས་“དུས་ད་ལྟའང་ད་དུང་ང་ཚོ་ལ་སྒྱུ་རྩལ་གྱི་ལོངས་སྤྱོད་གནང་ཞིང་། ཕྱོགས་ཁ་ཤས་ཤིག་ནས་བཤད་ན་ད་རུང་ཚད་གཞི་ཞིག་གམ། ཡང་ན་དཔེ་གཞི་ཚད་མཐོ་བས་ལག་སྙོབ་བྱེད་མི་ཐུབ་པ་ཞིག་རེད།” ཅེས་བསྟོད་པ་འཐེན།
          འབྱོར་མེད་གྲལ་རིམ་གྱི་རྩོམ་རིག་པ་གོ་ཨར་ཅིས་(1868—1936)ལགས་ཀྱིས་ཀྱང་། “དཔའ་བོའི་ལོ་རྒྱུས་སྙན་རྩོམ་ནི་མི་དམངས་ཀྱིས་རང་ཉིད་ངོས་ཟིན་དང་རང་གི་རེ་འདོད་ཀྱི་གཏེར་མཛོད་ཅིག་རེད། དེ་བས་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གཉིས་མཉམ་གཅིག་ཏུ་སྦྱར་བ་ནི། མི་དམངས་ཀྱིས་ལོ་རྒྱུས་སྙན་རྩོམ་གྱི་མི་སྣ་བཞེངས་ཏེ། ཐུན་མོང་གི་སྟོབས་ཤུགས་ཡོད་ཚད་མི་སྣ་འདིའི་སྟེང་དུ་བཀལ་ཡོད། མི་སྣ་འདི་ཉིད་ལྷ་ལ་དོ་བསྡོ་ནུས་ཤིང་ལྷ་དང་གོ་གནས་མཉམ་པ་ཞིག་ཏུ་བརྩི་བཞིན་ཡོད། ……ཐུན་མོང་གི་སྟོབས་ཤུགས་བླ་ན་མེད་པ་དེས་ད་གཟོད་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་གཉིས་ལ་དེང་སང་ཡིན་ཡང་བསྒྲུན་དུ་མེད་ཅིང་། བསམ་བློ་དང་རྣམ་པ་ཡོངས་རྫོགས་ཆ་འགྲིག་ཏུ་མཛེས་པར་བསྐྲུན་ཡོད། ……ལོ་རྒྱུས་སྙན་རྩོམ་ནི་མི་དམངས་བྱིངས་ཀྱིས་ཐུན་མོང་གིས་བསམ་བློ་བཏང་བའི་ཆ་རྐྱེན་འོག་ཏུ་ད་གཟོད་གསར་དུ་བསྐྲུན་ཐུབ་པ་ལས། མི་རང་སྒེར་གྱི་རྩོམ་པ་པོ་ཞིག་གིས་ད་ལ་ཐུག་གི་བར་དུ་ཡེ་ལེ་ཡ་ཐི་དང་ཁ་ལེ་བ་ལ་ཞེས་པར་འགྲན་བཟོད་པའི་ལོ་རྒྱུས་སྙན་རྩོམ་ཞིག་བྲིས་མྱོང་མེད།” ཅེས་གསུངས་པ་ནི་ཧེ་གུར་ལགས་ཀྱི་“ལོ་རྒྱུས་སྙན་རྩོམ་ལྟ་བུའི་རྗེས་དྲན་ཁང་ནི་མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་ཀྱི་རྨང་གཞི་ཡིན།” ཞེས་པ་རྒྱ་ཆེར་འགྲེལ་ཞིང་། དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱི་མི་སྣ་གཙོ་བོ་དེ་ལ་ལྷ་དང་མཉམ་པའི་གོ་གནས་ཡོད་པ་མཚོན་ཞིང་། དེ་ཉིད་ཀྱི་སྟོབས་ཤུགས་ཡོང་ཁུངས་ནི་མི་དམངས་ཐུན་མོང་གི་རེ་འདོད་ཡིན་པའི་མི་ཚད། ལོ་རྒྱུས་སྙན་རྩོམ་ནི་མི་དམངས་ཐུན་མོང་གི་སྟོབས་དང་ཤེས་རབ་ལས་བྱུང་བ་ཡིན་པས། རྩོམ་པ་པོ་མི་སྒེར་ཞིག་གིས་དེ་ལ་འགྲན་མི་བཟོད་པར་དཔྱད་ཡོད།
          དེ་ལྟར་ཕྱི་རྒྱལ་གྱི་མཁས་པ་རྣམ་པའི་ལོ་རྒྱུས་སྙན་རྩོམ་སྐོར་གྱི་གསུང་སྒྲོས་དེ་ཀྲུང་གོ་རྒྱལ་ཁབ་ལ་ཐོན་དུས་ཕལ་ཆེར་སྤྱི་ལོའི་དུས་རབས་ཉི་ཤུ་པའི་རྗེས་སུ་ཡིན་མོད།ཀྲུང་གོའི་དམངས་ཁྲོད་རིག་གནས་ཀྱི་མཁས་དབང་ཀྲོན་ཅིན་བིན་(1903—2002)ལགས་ཀྱིས་“ལོ་རྒྱུས་སྙན་རྩོམ་ནི་རྩོམ་རིག་གི་ཁོངས་སུ་གཏོགས་ཤིང་། ལོ་རྒྱུས་ཀྱི་ཁོངས་སུའང་གཏོགས། ལོ་རྒྱུས་སྙན་རྩོམ་ནི་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་པ་མ་ཟད། རིགས་སོ་སོའི་མི་དམངས་ཀྱི་གནའ་བོའི་འཚོ་བ་མཚོན་པའི་རིག་བརྒྱའི་དཔེ་མཛོད་ལྟ་བུ་ཡིན།” ཞེས་གསུངས་པ་དང་། “ལོ་རྒྱུས་སྙན་རྩོམ་གྱི་དཔའ་བོ་དག་ནི་མི་རིགས་གང་དེའི་སྙིང་སྟོབས་མཚོན་བྱེད་ཀྱི་རྣམ་པར་སྤྲུལ་བ་ཡིན།” ཞེས་གསུངས། ཚིག་སྔ་མ་ནི་ཧེ་གུར་ལགས་ཀྱི་“མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་ཀྱི་རྨང་གཞི་ཡིན།” ཞེས་པ་དང་། གོ་ཨར་ཅིས་ལགས་ཀྱི་“མི་དམངས་ཀྱི་རང་ཉིད་ངོས་ཟིན་དང་རང་གི་རེ་འདོད་ཀྱི་གཏེར་མཛོད་”ཅེས་པའི་གོ་དོན་རྒྱ་ཆེར་བཀྲལ་ཞིང་། ཚིག་ཕྱི་མ་ནི་ཧེ་གིར་ལགས་ཀྱི་“མི་རིགས་སྙིང་སྟོབས་”ལས་འཕྲོས་པ་ཡིན་ནོ།། གཤམ་དུ་གོང་གི་མཁས་དབང་རྣམ་པའི་ལྟ་བ་གཙོ་བོ་དང་འཕྲོས་དོན་བཅས་པ་རེའུ་མིག་ཅིག་གི་ལམ་དུ་བཀོད་ན་འདི་ལྟ་སྟེ། གནའ་དེང་མཁས་དབང་རྣམ་པའི་ལོ་རྒྱུས་སྙན་རྩོམ་གྱི་ལྟ་བ་གཙོ་བོ། 
                 སྤྱི་ལོ།              མཁས་པའི་དབང་བོ།            རྒྱལ་ཁབ།             ལྟ་བ་གཙོ་བོ།                     འཕྲོས་དོན།
          སྔོན་གྱི་ལོ་429—347 པོ་ལ་ཐུའུ།                   ཀི་རུ། སྙན་ངག་པའི་རིག་པའི་ཀློང་རྡོལ་བ། ལྷ་ཡི་དངོས་གྲུབ།
          སྔོན་གྱི་ལོ་384—322 ཡ་ལེ་སི་ཏོ་དི།                   ཀི་རུ། དོན་དག་གཟབ་ནན་ཅན།                   གཞི་རྒྱ་ཆེ།
          སྤྱི་ལོ་1544—1595 ཐ་སོ།                  ཨི་ཊ་ལི། མི་སྣ།                                    བསམ་བློ།
          སྤྱི་ལོ་1770—1831 ཧེ་གིར།               འཇར་མན། མི་རིགས་བར་གྱི་དམག་འཁྲུག                མི་རིགས་སྙིང་སྟོབས།
          སྤྱི་ལོ་1811—1848 པེ་ལིན་སི་ཅི།                 ཨུ་རུ་སི། ཕྱེད་ཀ་མི་དང་ཕྱེད་ཀ་ལྷ།                  མི་རིགས་འདུ་ཤེས།
          སྤྱི་ལོ་1818—1883 མར་ཁེ་སི།               འཇར་མན། ད་ལྟའང་སྒྱུ་རྩལ་གྱི་ལོངས་སྤྱོད་གནང་། དཔེ་གཞི་ཚད་མཐོ་བས་སྙོབ་མི་ཐུབ།
          སྤྱི་ལོ་1868—1936 གོ་ཨར་ཅིས།               འཇར་མན། མི་དམངས་ཐུན་མོང་གིས་བརྩམས། མི་དམངས་ཀྱི་གཏེར་མཛོད།
          སྤྱི་ལོ་1903—2002 ཀྲོན་ཅིན་བིན།                 ཀྲུང་གོ རིག་བརྒྱའི་དཔེ་མཛོད།                   རིག་བརྒྱའི་དཔེ་མཛོད།
          རེའུ་མིག་འདི་དང་སྦྲགས་ནས་དཔྱད་ན། སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ནས་བཟུང་སྟེ། པོ་ལ་ཐུའུ་དང་། ཡ་ལེ་སི་ཏོ་དི། ཐ་སོ། ཧེ་གིར་བཅས་པའི་ལོ་རྒྱུས་སྙན་རྩོམ་སྐོར་གྱི་ལྟ་ཚུལ་ནི་གཅིག་ལ་བལྟས་ན་གཅིག་ཞིབ་པ་དང་། གཅིག་ལ་བལྟས་ན་གཅིག་ལྷག་པ་ལྟར་སྣང་མོད། སྤྱི་ལོའི་དུས་རབས་བཅུ་དགུ་བ་ནས་བཟུང་སྟེ། པེ་ལིན་སི་ཅི་དང་། མར་ཁེ་སི། གོ་ཨར་ཅིས། ཀྲོན་ཅིན་བིན་བཅས་པའི་ལོ་རྒྱུས་སྙན་རྩོམ་སྐོར་གྱི་ལྟ་ཚུལ་ནི་ཡང་མིན་ན་ཧེ་གིར་ལགས་ཀྱི་ལྟ་བ་ལ་རྒྱས་བཤད་དམ། ཡང་མིན་ན་ཐད་ཀར་དུ་ལོ་རྒྱུས་སྙན་རྩོམ་གྱི་རིན་ཐང་ལ་བསྟོད་པ་འཐེན་པ་ཁོ་ནར་ལུས་པས། ཅིས་ཀྱང་ཧེ་གིར་ལགས་ཀྱི་ཞིབ་ཆ་དེ་ལས་ལྷག་པ་ཞིག་ད་སྔ་བར་དུ་མ་བྱུང་། དེས་ན་ཧེ་གིར་ལགས་ཀྱི་ལོ་རྒྱུས་སྙན་རྩོམ་སྐོར་གྱི་ལྟ་ཚུལ་ནི་རི་བོ་ཀུན་ལས་ཇོ་མོ་གླང་མ་ལྟར་དུ་ཡང་རྩེར་བྱོན་ཅིང་། ཞིབ་ཆ་ཀུན་ལས་ཀུ་ཤའི་རྩེ་ལྟར་ཕྲ་བའི་རིག་གཞུང་གི་ལྟ་གྲུབ་ཆགས་ཡོད་པས། ལོ་རྒྱུས་སྙན་རྩོམ་གྱི་དཔྱད་པ་ལ་ཧེ་གིར་ལྟ་བུའི་ཡང་སྙིང་ལ་སྤར་འཛིན་བྱེད་པ་དང་། གནད་འགག་ལ་མཛུབ་མོ་གེར་བའི་མཁས་དབང་ཞིག་ད་སྔ་མ་བྱོན་ཅེས་ཀྱང་ཞུའོ།།
          འོ་ན་ཡང་སྙིང་ཅི་ལྟ་བུ་ཞིག་ལ་ལོ་རྒྱུས་སྙན་རྩོམ་ཟེར་བའམ། ཡང་ན་ལོ་རྒྱུས་སྙན་རྩོམ་ཞིག་ལ་ཚང་དགོས་པའི་རྩ་བའི་ཁྱད་ཆོས་དུ་ཡོད་ཅེ་ན། ཧེ་གིར་ལགས་ཀྱི་ལྟ་བ་གཙོ་བོ་དང་གོང་གི་མཁས་དབང་རྣམ་པའི་འཕྲོས་དོན་རྣམས་མདོར་བསྡུས་ན། ལོ་རྒྱུས་སྙན་རྩོམ་ཞིག་ལ་ཚང་དགོས་པའི་རྩ་བའི་ཆ་རྐྱེན་ནི་ལོ་རྒྱུས་སྟེང་གི་མི་རིགས་བར་གྱི་འཐབ་འཁྲུག་ངེས་ཅན་ཞིག་ལ་གཞིར་བཟུང་བ་དང་། འཐབ་འཁྲུག་དེའི་ནང་གི་མི་སྣ་གཙོ་བོ་དེ་མི་རིགས་གང་དེའི་སྙིང་སྟོབས་མཚོན་བྱེད་ཀྱི་དཔའ་བོར་གྱུར་བ། མི་རིགས་གང་དེའི་ངག་གི་སྒྱུ་རྩལ་གྱི་ཡང་རྩེར་སོན་པ། མི་རིགས་གང་དེའི་བཞི་ཡོད་པས། གནའ་བོའི་སྤྱི་ཚོགས་མཚོན་པའི་རིག་བརྒྱའི་དཔེ་མཛོད་ལྟ་བུར་གྲུབ་པ་བཅས་བཞི་ཡོད་པས།གནའ་བོའི་ཀི་རུའི་ཡི་གེར་epǒs ཞེས་པ་རྒྱ་སྐད་དང་འཇར་པན་སྐད་དུ་“史诗”ཞེས་བསྒྱུར་བ་འཕྱུག་མེད་སྙམ་སྟེ།གོང་གི་ཁྱད་ཆོས་བཞི་ལས་སྔ་མ་གཉིས་ལོ་རྒྱུས་ལ་འབྲེལ་ཞིང་། ཕྱི་མ་གཉིས་སྙན་ངག་ལ་འབྲེལ་བ་ཡོད། དེས་ན་བོད་སྐད་དུ་ལོ་རྒྱུས་སྙན་རྩོམ་ཞེས་ཐད་བསྒྱུར་གནང་བའང་འཕྱུག་མེད་དེ། རང་རེའི་བོད་ལ་རིག་གཞུང་གསར་བ་ནང་འདྲེན་གལ་ཆེ་བས། དེའི་སྐོར་གྱི་བརྡ་ཆད་གསར་བ་བཟོ་དགོས་པ་ནི་སྨྲོས་མ་དགོས་སོ།། མ་ཟད་རང་རེའི་བོད་ལ་ཐད་བསྒྱུར་ཡག་པའི་སྲོལ་ཡོད་པ་ནི་ལོ་རྒྱུས་སྟེང་གི་སྙན་ངག་སྤྲིན་གྱི་ཕོ་ཉ་དང་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དག་ལས་ཀྱང་ཤེས་སོ།།
          དེ་མིན་དེང་སྐབས་ལ་ལ་ཞིག་གིས་ལོ་རྒྱུས་སྙན་རྩོམ་ཞེས་པ་ནི་ལོ་རྒྱུས་ཀྱང་ཡིན་ལ། སྙན་ངག་ཀྱང་ཡིན་པའི་འགལ་འདུའི་ཕུང་བོ་ཞིག་ལ་ངོས་འཛིན་པ་ནི་འགྲིག་མེད། སྤྱིར་ན་ལོ་རྒྱུས་སྙན་རྩོམ་ཞེས་པའི་བརྡ་ཆད་འདི་ལ་དཔྱད་ཞིབ་ཀྱི་ཁུལ་འཁྱེར་བ་ནི་རང་རེའི་བོད་ལ་གེ་སར་སྒྲུང་ཞིག་ཡོད་པས་ཡིན་མོད། ད་ལན་གེ་སར་སྒྲུང་གིས་ལོ་རྒྱུས་སྙན་རྩོམ་ཞེས་པའི་བརྡ་ཆད་འདིའི་རྩ་བའི་ཁྱད་ཆོས་ལ་ད་དུང་ཁ་སྐོང་ཐུབ་པ་ནི། ལོ་རྒྱུས་སྙན་རྩོམ་ནི་སྒྲུང་མཁན་མཁས་པ་དག་གིས་ངག་བརྒྱུད་ཀྱིས་དར་སྤེལ་གཏོང་ཞིང་། མཇུག་མཐར་ཡི་གེར་ཕབ་པ་ཡིན་ནོ།། ཞེས་པ་འདི་ཡིན་སྙམ། དེ་མིན་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་རིང་ལུགས་(辩证唯物主义)ཀྱི་སྟེང་ནས། པོ་ལ་ཐུའུ་ལགས་ཀྱི་ལྷ་ཡི་དངོས་གྲུབ་དང་བོད་ཀྱི་འབབ་སྒྲུང་གཉིས་ལ་འགྲེལ་བ་རྒྱག་མི་ཐུབ་པས་ད་དུང་རེ་ཞིག་བཏང་སྙོམས་སུ་འཇོག དེས་ན་གེ་སར་སྒྲུང་ལ་ད་ལྟའང་ད་དུང་སྒྲུང་མཁན་མཁས་པ་དང་ཉན་མཁན་གྱི་མང་ཚོགས་ཡོད་པས། གེ་སར་སྒྲུང་ནི་འཛམ་གླིང་གི་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གསོན་པོ་ཞིག་ཡིན་ནོ།།
གསུམ་པ། ལོ་རྒྱུས་སྙན་རྩོམ་གྱི་རིགས་དབྱེ།
          ཡ་ལེ་སི་ཏོ་དི་ལགས་ཀྱིས་གསུངས་དོན། “ལོ་རྒྱུས་སྙན་རྩོམ་གྱི་རིགས་དབྱེའང་སྐྱོ་བའི་ཟློས་གར་དང་འདྲ་དགོས་ཏེ། ལོ་རྒྱུས་སྙན་རྩོམ་སྟབས་བདེ་ཅན་དང་། ལོ་རྒྱུས་སྙན་རྩོམ་རྙོག་འཛིང་ཅན། ལོ་རྒྱུས་སྙན་རྩོམ་གཤིས་ཀ་ཅན། ལོ་རྒྱུས་སྙན་རྩོམ་དཀའ་སྡུག་ཅན་བཅས་སུ་དབྱེ་ཆོགལོ་རྒྱུས་སྙན་རྩོམ་གྱི་གྲུབ་ཆ་(གླུ་དང་སྣང་བརྙན་གྱིས་ཞན་པ་)དེའང་སྐྱོ་བའི་ཟློས་གར་དང་འདྲ་དགོས་ཏེ། འཕོ་འགྱུར་གློ་བུར་བ་དང་། དཀའ་སྡུག་གསར་དུ་རྙེད་པ་ཞིག་མཁོ།”ཞེས་གསུངས་པ་ནི་སྤྱིར་བཏང་དུ་གནའ་བོའི་ཀི་རུའི་རྒྱལ་ཁབ་ཀྱི་སྐྱོ་བའི་ཟློས་གར་ལ་རྙོག་འཛིང་ཅན་དང་། དཀའ་སྡུག་ཅན། གཤིས་ཀ་ཅན། སྣོལ་མར་སྲེ་བ་ཅན་(穿插剧)བཅས་སུ་དབྱེ་མོད། ལོ་རྒྱུས་སྙན་རྩོམ་མང་ཆེ་བ་ནི་སྣོལ་མར་སྲེ་བ་ཅན་ཡིན་པས། ཡ་ལེ་སི་ཏོ་དི་ལགས་ཀྱིས་སྟབས་བདེ་ཅན་ཞེས་སུ་བཅོས་པ་ཡིན། དེ་བཞིན་དུ་“ཡེ་ལེ་ཡ་ཐི་ནི་ལོ་རྒྱུས་སྙན་རྩོམ་སྟབས་བདེ་ཅན་དང་དཀའ་སྡུག་ཅན་ཡིན། ཨོ་ཏི་སེ་ནི་ལོ་རྒྱུས་སྙན་རྩོམ་རྙོག་འཛིང་ཅན་(ག་ས་གང་དུ་གསར་དུ་རྙེད་པ་མང་བའི་ཕྱིར་)དང་གཤིས་ཀ་ཅན་ཡིན། གཞན་དུ་ན་ལོ་རྒྱུས་སྙན་རྩོམ་འདི་གཉིས་ཀྱི་བསམ་བློའང་བླ་ན་མེད་པ་ཞིག་ཡིན་ནོ།།” ཞེས་གསུངས་མོད། འོན་ཀྱང་ལོ་ངོ་སྟོང་ཕྲག་གཉིས་ཀྱི་རྗེས་སུ། ཁོང་གི་རྗེས་འཇུག་ཧེ་གིར་ལགས་ཀྱིས་ལོ་རྒྱུས་སྙན་རྩོམ་ལ་དཔྱད་པ་བཏང་བའི་རྩོམ་གྱི་སྤྱི་ཁོག་ནི་འདི་ལྟ་སྟེ།
          གཅིག ལོ་རྒྱུས་སྙན་རྩོམ་གྱི་ཁྱད་ཆོས་སྤྱིར་བཏང་བ། 1.གདམས་ངག ལེགས་བཤད། བསླབ་བྱ། (བཅས་པ་ལོ་རྒྱུས་སྙན་རྩོམ་ནང་བེད་སྤྱོད་ཚུལ་སོགས་ཤོག་ངོས་2ཡས་མས།)2.མཚན་ཉིད་རིག་པའི་བསླབ་བྱ། འཇིག་རྟེན་ཆགས་རབས།ལྷའི་འཁྲུངས་རབས། (བཅས་པ་ལོ་རྒྱུས་སྙན་རྩོམ་ནང་བེད་སྤྱོད་ཚུལ་སོགས་ཤོག་ངོས་2ཡས་མས།) 3.ལོ་རྒྱུས་སྙན་རྩོམ་ངོ་མ། (འདིའི་ནང་དུ་ཆེས་སྔ་བའི་ལོ་རྒྱུས་སྙན་རྩོམ་ངོ་མའི་རིགས་ཀྱི་ཁྱད་ཆོས་སོགས་ཤོག་ངོས་9ཡས་མས།)
          གཉིས། ལོ་རྒྱུས་སྙན་རྩོམ་ངོ་མའི་ཁྱད་ཆོས། 1.ལོ་རྒྱུས་སྙན་རྩོམ་གྱི་འཛམ་གླིང་གནས་ཚུལ་སྤྱིར་བཏང་བ། (འདིའི་ནང་མི་རིགས་བར་གྱི་དམག་འཁྲུག་གཡུལ་འགྱེད་གལ་ཆེ་ཚུལ་སོགས་ཤོག་ངོས་15ཡས་མས།) 2.ལོ་རྒྱུས་སྙན་རྩོམ་གྱི་གཏམ་རྒྱུད་བྱུང་རིམ་དམིགས་བསལ་ཅན། (འདིའི་ནང་ཏན་ཏིན་གྱི་《འཆི་མེད་རོལ་དབྱངས་》དང་། 《རཱ་མ་ཎ་》སོགས་ཤོག་ངོས་20ཡས་མས།) 3.ལོ་རྒྱུས་སྙན་རྩོམ་ནི་གོང་བུ་གཅིག་གྱུར་གྱི་ཚོགས་སྤྱི་ཞིག་ཡིན།(འདིའི་ནང་དོན་བརྗོད་སྙན་ངག་དང་འཁྲབ་གཞུང་ཟློས་གར་སོགས་ཀྱང་ཐེ་ཆོག་མོད། འོན་ཀྱང་མི་རིགས་ལ་ལར་ལོ་རྒྱུས་སྙན་རྩོམ་མེད་སོགས་ཤོག་ངོས་40ཡས་མས།)ཞེས་སུ་བཀོད་པ་ལྟར། ཧེ་གིར་ལགས་ཀྱིས་ལོ་རྒྱུས་སྙན་རྩོམ་ལ་ནང་གསེས་ཀྱི་ལོ་རྒྱུས་སྙན་རྩོམ་ངོ་མ་ཞེས་པའི་དབྱེ་བ་ཞིག་མཛད་པ་མ་ཟད། ད་དུང་ལོ་རྒྱུས་སྙན་རྩོམ་ངོ་མའི་ནང་མི་རིགས་བར་གྱི་དམག་འཁྲུག་གཡུལ་འགྱེད་གལ་ཆེ་ཚུལ་ཡང་ཡང་གསུངས་པ་ནི།“དམག་འཁྲུག་གཡུལ་འགྱེད་ནང་གི་འགལ་བ་ལྟག་སྤྲོད་ཀྱི་གནས་ཚུལ་དེས་ལོ་རྒྱུས་སྙན་རྩོམ་ཞིག་འབྱུང་བར་ཆེས་འོས་ཤིང་འཚམས་པའི་ཁོར་ཡུག་ཅིག་མཁོ་སྤྲོད་བྱས་ཡོད་དེ། དམག་འཁྲུག་གཡུལ་འགྱེད་དེས་མི་རིགས་ཧྲིལ་བོ་ལ་སྐུལ་སློང་བྱས་ཡོད་པ་མ་ཟད། ཐུན་མོང་གི་གནས་ཚུལ་འོག་ཏུ་ལས་འགུལ་གསར་བ་ཞིག་གི་ཁྲོད་དུ་ཞུགས་པའི་སེམས་འགུལ་དྲག་པོ་ཐེབས་སུ་འཇུག རྒྱུ་མཚན་ནི་མི་རིགས་ཧྲིལ་བོ་ཐུན་མོང་གིས་རང་ཉིད་སྲུང་སྐྱོབ་བྱེད་དགོས་པའི་ཕྱིར།” ཞེས་གསུངས་པའམ་“དོན་དངོས་སུ་ཨོ་ཏི་སེ་ཞེས་པའི་བརྗོད་བྱའང་སླར་ཡང་དམག་འཁྲུག་གཡུལ་འགྱེད་ཡིན། ཀི་རུའི་དཔའ་ཐུལ་རྣམས་ལོ་ངོ་བཅུ་ཐམ་པའི་ཡུལ་གྱར་གྱིས་ཕྱིར་ལོག་དུས་རང་རང་གི་ཕ་ཡུལ་གྱི་གནས་ཚུལ་འགྱུར་ཟིན་པས། སླར་ཡང་དབང་དུ་བསྡུ་དགོས་པ་དེ་རེད།” ཅེས་གསུངས་པ་ལྟར་ཤོག་ངོས་15ཡས་མས་ཟིན། དེས་ན་ཧེ་གིར་ལགས་ཀྱིས་ལོ་རྒྱུས་སྙན་རྩོམ་ངོ་མ་ཟེར་བ་ནི་དུས་ཕྱིས་སུ་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཞེས་བརྗོད་པ་འདི་ཡིན་ནོ།།འོ་ན་ཁོང་གིས་ཅིས་ཕྱིར་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ལ་ལོ་རྒྱུས་སྙན་རྩོམ་ངོ་མར་བརྗོད་ཅེ་ན། དེ་ནི་ལོ་རྒྱུས་སྙན་རྩོམ་ལ་དཔྱད་པ་བཏང་མྱོང་བའི་དགེ་རྒན་སྔ་མ་དག་ལ་བརྩི་བཀུར་བྱེད་པ་ལས། དོན་གྱིས་དགེ་རྒན་སྔ་མ་དེ་དག་གིས་རིགས་དབྱེ་མཛད་པ་ལ་ཁས་མ་བླངས་པ་ཡིན་ནོ།། འདིའང་ཡ་ལེ་སི་ཏོ་དི་ལགས་ཀྱིས་རང་གི་དགེ་རྒན་པོ་ལ་ཐུའུ་ལ་བརྩི་བཀུར་བྱས་པ་དེ་དང་གཉིས་སུ་མ་མཆིས་སོ།།
          འོན་ཀྱང་དེང་སང་རྒྱལ་ནང་དུ་ལོ་རྒྱུས་སྙན་རྩོམ་ལ་དཔའ་བོའི་ལོ་རྒྱུས་སྙན་རྩོམ་དང་སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་སྙན་རྩོམ་གཉིས་སུ་ཕྱེས་ཏེ། “སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་སྙན་རྩོམ་ནི། མི་ལ་ལས་གདོད་མའི་ཁྱད་ཆོས་མངའ་བའི་ལོ་རྒྱུས་སྙན་རྩོམ་མམ། ལྷ་སྒྲུང་གི་ལོ་རྒྱུས་སྙན་རྩོམ་ཞེས་ཀྱང་བརྗོད། འདི་ཉིད་མི་རིགས་ཤིག་གི་ཆེས་སྔ་བའི་ཐུན་མོང་གི་བརྩམས་ཆོས་རིང་ཤོས་དེ་ཡིན།”ཞེས་སུ་འགྲེལ་བ་དང་། “རང་རྒྱལ་གྱི་ནཱ་ཞི་རིགས་དང་། ཡོ་རིགས། པེ་རིགས་བཅས་པར་དར་ཁྱབ་ཏུ་སོང་བའི་《སྲིད་པ་ཆགས་རབས་》མི་འདྲ་བ་དེ་དག་དང་། དབྱི་རིགས་ཀྱི་《མེ་ག་》ཞེས་པ་དང་། 《ཨ་ཞི་པ་ཡི་གླུ་》ད་དུང་《མེའོ་རིགས་ཀྱི་གླུ་》སོགས་ནི་ལོ་རྒྱུས་སྙན་རྩོམ་འདི་རིགས་ཀྱི་ཁོངས་སུ་གཏོགས།” ཞེས་སུ་ཐལ་བས། དུས་ཕྱིས་སུ་རྒྱལ་ནང་གི་པེ་ཏུའུ་(百度)སོགས་དྲ་བའི་ངོས་སུ་ཆེད་བསྒྲིགས་ཀྱི་ལེ་ཚན་བཙུགས་ཏེ། རྒྱ་མི་རིགས་ཀྱི་《མུན་ནག་གི་ལོ་རྒྱུས》(《黑暗传》)ཞེས་པའང་སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་སྙན་རྩོམ་ཡིན་སོགས་བསྒྲགས། དེ་ལས་ཀྱང་ལྷག་པ་ནི། གློག་བརྙན་སོགས་ཅུང་ཟད་གཞི་རྒྱ་ཆེ་བའི་དམག་འཁྲུག་གཡུལ་འགྱེད་ཅིག་སྟོན་ན། དེའང་ལོ་རྒྱུས་སྙན་རྩོམ་ལྟ་བུའི་གློག་བརྙན་ཞེས་བརྗོད་པར་སྤྲོ། དཔེར་ན་དམར་དམག་རྒྱང་བསྐྱོད་ཀྱི་གློག་བརྙན་དང་། ཐ་ན་ཧན་རྒྱལ་རབས་ཀྱི་མུ་འབྲེལ་བརྙན་འཕྲིན་ལའང་ལོ་རྒྱུས་སྙན་རྩོམ་གྱི་ཁེབས་རྒྱ་དང་ལྡན་ཞེས་བརྗོད། འོན་ཀྱང་། འདི་རིགས་ལོ་རྒྱུས་སྙན་རྩོམ་ངོ་མ་ཡིན་མིན་དེ་ལོ་རྒྱུས་སྙན་རྩོམ་ཞིག་ལ་ཚང་དགོས་པའི་རྩ་བའི་ཆ་རྐྱེན་བཞི་ཡོད་པ་དང་བསྡུར་ན་ཤེས། དེ་མིན་“མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་དམག་འཁྲུག་བརྒྱབ་ན་ད་གཟོད་ལོ་རྒྱུས་སྙམ་རྩོམ་གྱི་ཁྱད་ཆོས་ལྡན་པ་ལས། རྒྱལ་རབས་སྤོ་བའི་འཐབ་རྩོད་དང་མི་རིགས་ནང་ཁུལ་གྱི་འཁྲུག་ཟིང་ནི་འཁྲབ་གཞུང་ཟློས་གར་ཞིག་གི་བརྗོད་བྱ་ལས་འོས་མེད།” ཅེས་གསུངས་པ་དེ་ལྟར་ཡིན། དེས་ན་གྱི་ན་བ་ནི་ཧེ་གིར་ལགས་ཀྱི་རྗེས་འཇུག་གི་བཟོ་ལྟར་མོས་པས། དཔའ་བོའི་ལོ་རྒྱུས་སྙན་རྩོམ་ལས་ལོག་པའམ། སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་སྙན་རྩོམ་འདི་རིགས་ལ་“ལོ་རྒྱུས་སྙན་རྩོམ་བཏགས་པ་བ་”ལྟ་བུར་ངོས་འཛིན།
          དེས་ན་སྐུ་ཞབས་ཐོ་ལས་ཧྥན་(陶立璠1938—)ལགས་ཀྱིས་གསུངས་དོན། “ལོ་རྒྱུས་སྙན་རྩོམ་གྱི་རིགས་དབྱེ་སྐོར་ནི། ལ་ལའི་བརྩམས་ཆོས་སུ་སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་སྙན་རྩོམ་(ཡང་ན་གནའ་བོའི་ལོ་རྒྱུས་སྙན་རྩོམ་མམ། གདོད་མའི་ཁྱད་ཆོས་མངའ་བའི་ལོ་རྒྱུས་སྙན་རྩོམ་)དང་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཞེས་སུ་དབྱེ་མོད། དབྱེ་འབྱེད་འདི་རིགས་འོས་ཤིང་འཚམས་པ་ཡིན་མིན་ད་རུང་གྲོས་བསྡུར་བྱ་དགོས་ཏེ། སྲིད་པ་ཆགས་རབས་ཀྱི་ལོ་རྒྱུས་སྙན་རྩོམ་མམ་སྲིད་པ་ཆགས་རབས་ནི། གཟབ་ནན་གྱིས་བཤད་ན་ལོ་རྒྱུས་སྙན་རྩོམ་གྱི་ཁོངས་སུ་མི་གཏོགས་པར། ལྷ་སྒྲུང་གི་ཁོངས་སུ་གཏོགས་པ་ཡིན། སྔོན་ཆད་བཤད་པའི་མི་རིགས་སོ་སོའི་དཔའ་བོའི་ལྷ་སྒྲུང་དང་། མི་རིགས་ཀྱི་མཆེད་ཁུངས་སྟོན་པའི་ལྷ་སྒྲུང་། མི་རིགས་ཀྱི་གནས་སྤོ་བའི་ལྷ་སྒྲུང་བཅས་ཀྱིས་ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་བར་དུ་འབྲེལ་ཐག་འཐེན་མྱོང་བ་མ་ཟད། མི་རིགས་སོ་སོའི་སྲིད་པ་ཆགས་རབས་ནང་ལྷག་པར་དུ་མངོན་གསལ་ཡིན་མོད། འོན་ཀྱང་། སྲིད་པ་ཆགས་རབས་དང་དུས་ཕྱིས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གཉིས་ལ་རྩ་བའི་ཁྱད་ཆོས་ཀྱི་སྟེང་ན་ཁྱད་པར་ཡོད་དེ། སྲིད་པ་ཆགས་རབས་ནང་གི་དཔའ་བོ་ནི་ལྷའི་གཤིས་ཀ་དེ་མིའི་གཤིས་ཀ་ལས་བརྒལ་ཚར་ཞིང་། རྩོམ་སྟངས་ཀྱི་ཆ་ནས་ཀྱང་འཕྲུལ་སྣང་ཤས་ཆེ་བས་དངོས་ཡོད་འཚོ་བ་ལས་འདས་དྲགས་པ་ཞིག་ཡིན།” ཞེས་གསུངས་པ་ནི་རིག་གཞུང་གི་སྐད་ཆ་ཡིན་པ་ལས། མི་རིགས་ཀྱི་ཞེན་ཆགས་གུ་དོག་པོས་མ་བསླད་པ་ཞིག་ཡིན་སྙམ།
བཞི་བ། ལོ་རྒྱུས་སྙན་རྩོམ་གྱི་རིག་གཞུང་ཚན་ཁག
          མཁས་པ་སྐུ་ཞབས་རིན་ནེ་ཆཱང་(任乃强1894—1989)གིས་སྤྱི་ལོ་1930ལོ་ནས་གེ་སར་སྒྲུང་དཔེ་ལ་བོད་ཀྱི་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་(《藏三国》)ཅེས་མཚམས་སྦྱོར་དང་དཔྱད་པ་བཏང་བ་ནས། རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལོ་ཧྲི་(老舍1899—1966)དང་དཔྱད་བརྗོད་མཁན་སྐུ་ཞབས་ཞོས་ཀོ་ཆོན་(徐国琼1928—)གཉིས་ཀྱིས། སྤྱི་ལོ་1956ལོ་དང་1959ལོར། མི་དམངས་ཀྱི་ཉིན་རེའི་ཚགས་པར་དང་རྩོམ་རིག་དཔྱད་བརྗོད་སྟེང་དུ་དཔྱད་རྩོམ་སྤེལ་ནས། གེ་སར་སྒྲུང་ནི་ལོ་རྒྱུས་སྙན་རྩོམ་(史诗Epic古希腊语:epǒs)གྱི་ཁོངས་སུ་གཏོགས་པར་བཞེད།
          བོད་ཡིག་གི་སྟེང་དུ་གེ་སར་སྒྲུང་ལ་ལོ་རྒྱུས་སྙན་རྩོམ་ཞེས་བརྗོད་མཁན་ཐོག་མ་ནི་ཕལ་ཆེར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ཡིན་ཏེ། བདུད་འདུལ་གྱི་སྒྲུང་དཔེ་ལྕགས་པར་དུ་ཕུད་དུས། པར་དུ་བསྐྲུན་པའི་གསལ་བཤད་དུ། “གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་དམངས་ཀྱི་ཁྲོད་དུ་དར་ཁྱབ་ཆེ་བའི་ལྷ་སྒྲུང་གི་དཔའ་བོར་བསྟོད་བསྔགས་བྱེད་པའི་ལོ་རྒྱུས་ཀྱི་སྙན་རྩོམ་ཞིག་ཡིན།” ཞེས་བརྗོད་པ་དེ་རྒྱ་ཡིག་ཏུ་“《格萨尔王传》是流传在藏族人民中的一部歌颂神话英雄的史诗。”ཞེས་བསྒྱུར་ཡོད་པས། སྐབས་འདིའི་“ལོ་རྒྱུས་ཀྱི་སྙན་རྩོམ་”ཞེས་པ་ནི་“史诗”རང་རེད། གསལ་བཤད་འདི་འབྲི་དུས་སྤྱི་ལོ་1979ལོའི་ཟླ་4བའི་ཚེས་15ཡིན་ཞེས་བཀོད་ཡོད། དེ་ནས་རིམ་པ་བཞིན་བོད་ཀྱི་མཁས་པ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་དང་། དམུ་དགེ་བསམ་གཏན་ཚང་། རྗེ་བསམ་གྲུབ་རྒྱ་མཚོ་ཚང་། དུང་དཀར་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཚང་། གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་ཚང་སོགས་བརྒྱུད་དེ་“ལོ་རྒྱུས་སྙན་རྩོམ་”ཞེས་པའི་རིག་གཞུང་བརྡ་ཆད་འདི་རྒྱུན་འབྱམས་སུ་བཀོལ་བ་ཡིན་ནོ།།          ཞར་བྱུང་ལ་ལ་ཞིག་གིས་ལོ་རྒྱུས་སྙན་རྩོམ་ཞེས་པའི་རིག་གཞུང་གི་བརྡ་ཆད་འདི་མི་བཀོལ་བར། དེ་ལ་བྱུང་བརྗོད་སྙན་ངག་ཅེས་བརྗོད་མྱོང་ཞིང་། ན་ནིང་དོ་ཚིགས་སྒྲུང་རབས་ཆེན་མོ་ཞེས་པའི་བརྡ་ཆད་གསར་བ་ཞིག་ཀྱང་བཟོས་མྱོང་།
          བྱུང་བརྗོད་སྙན་ངག་ཅེ་ན་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཡིན་ཏེ། མཚན་གཞིར་དམངས་ཁྲོད་ཀྱི་ཡི་དྭགས་སྐེ་རིང་ངམ། སྣང་རའི་སངས་རྒྱས། ལྷ་སའི་ཁྲོམ། ཏཱ་ནི་སྟོད་བཅས་པ་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཡིན་པའི་མི་ཚད། གེ་སར་སྒྲུང་དེ་མི་རིགས་གཞན་ལ་དར་ན་ད་བཟོད་བོད་ཀྱི་ལོ་རྒྱུས་སྙན་རྩོམ་ནས་མི་རིགས་གཞན་གྱི་བྱུང་བརྗོད་སྙན་ངག་ཏུ་གྲུབ་ཅིང་། སོག་པོ་དང་། ཐུའུ་ཧོར་སོགས་ཀྱི་གེ་སར་སྒྲུང་ལ་ལོ་རྒྱུས་སྙན་རྩོམ་གྱི་མཚན་ཉིད་ཚང་དཀའ་བས། ལོ་རྒྱུས་སྙན་རྩོམ་ཞེས་པའི་མཚན་བྱང་དེའང་ཐོགས་དོན་མེད། ཞོར་དུ་བོད་རང་གི་རྩོམ་པ་པོའི་རྩོམ་རིག་བཤད་ན། རྫ་དཔལ་སྤྲུལ་ཚང་གི་གཏམ་པད་མོའི་ཚལ་གྱི་ཟློས་གར་དང་། འཇུ་སྐལ་བཟང་གི་ཕུ་ནུ་ལྷན་འཛོམས་ཀྱི་སྒྲུང་བཅས་པ་དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ཡིན་མོད། འོན་ཀྱང་འདི་དག་ལ་རིག་པའི་གཞུང་ལུགས་མ་དགོས། རྩོམ་རིག་གཞུང་ལུགས་ཁྲོད་དུའང་ལོ་རྒྱུས་སྙན་རྩོམ་ཞེས་པའི་ཆོ་ལོ་སྦྱོར་མི་སྲིད།
          སྒྲུང་རབས་ཆེན་མོ་ཞེ་ནའང་ཁུངས་དགེ་འདུན་ཆོས་འཕེལ་ལ་གཏུག་ཁུལ་བྱེད་མོད། རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མར། “དེ་བཞིན་བྷ་ར་ཏ་དང་ར་མ་ཡ་ཎ་སྔོན་བྱུང་གི་ཆོས་བཅོ་བརྒྱད་ལ་སོགས་པའི་ངོ་མཚར་ཅན་གྱི་སྒྲུང་རབས་ཆེན་མོ་དག་དང་རིགས་པ་ཅན་དང་དཔྱོད་པ་པོ་ལ་སོགས་པའི་རིག་པའི་བསྟན་བཅོས་ཆེན་པོ་དག་ཀྱང་ཕལ་ཆེར་གུཔྟའི་སྐབས་སུ་བྱུང་”ཟེར་བ་ནི་གེ་སར་སྒྲུང་ལ་སྒྲུང་རབས་ཆེན་མོ་ཞེས་པའི་མིང་བཏགས་པ་མིན་ཞིང་། བྷ་ར་ཏ་དང་ར་མ་ཡ་ཎ་སོགས་ལ་སྒྲུང་རབས་ཆེན་མོ་ཞེས་བཏགས་པ་ཡིན་ཏེ།འདི་ནི་དཔེར་ན་མི་རབས་ཞེས་བརྗོད་ཚེ་མི་བྱེ་བྲག་ག་གེ་མོ་ཞིག་ལ་མི་གོ་བར། མི་རབས་དེའི་མི་ཚང་མ་ལ་གོ་བར་འགྱུར་བ་ནང་བཞིན། སྒྲུང་རབས་ཞེ་ནའང་སྒྲུང་སྣ་གཉིས་ཡན་ཆད་དུས་རབས་གཅིག་གི་ནང་དུ་བྱུང་བ་ལ་གོ་བ་ཡིན་ནོ།།
          འོ་ན་དགེ་ཆོས་ལགས་ཀྱིས་གེ་སར་སྒྲུང་ལ་སྒྲུང་རབས་ཆེན་མོ་ཞེས་པའི་མིང་བཏགས་མེད་དེ། དགེ་ཆོས་ལགས་ཀྱིས་གེ་སར་སྒྲུང་ལ་མིང་གསར་བ་ཅི་ཞིག་བཏགས་ཟེར་ན། སྒྲུང་ཡིག་ཆེན་པོ་ཞེས་པ་ཡིན་ཏེ། “རང་རེའི་སྒྲུང་ཡིག་ཆེན་པོ་ལ་བལྟས་ནས་གེ་སར་འདི་འདྲ་ཞིག་ཡིན་ནོ་ཞེས་ཐག་ཆོད་མི་ནུས་སུ་ཆུག་ཀྱང་། རྩོམ་པ་པོ་ཁམས་དང་། ཨ་མདོའི་འབྲོག་པ་དེ་ཚོའི་སྐད་ལུགས་འདི་འདྲ་རེད། སྤྱོད་ལམ་དང་། བཟའ་བཏུང་འདི་འདྲ་རེད། བསམ་བློ་འདི་འདྲ་རེད་སོགས་ལེགས་པར་གོ་ནུས་པ་ཡིན་ནོ།།” ཞེས་གསུངས།
          སྤྱིར་ན་རབས་ནི་དུས་ཀྱི་བྱེ་བྲག་སྟོན་བྱེད་ཀྱི་ཚིག་གྲོགས་ཡིན་ཏེ། དཔེར་ན་གནའ་རབས། དེང་རབས། ཉེ་རབས། དུས་རབས། ལོ་རབས། རྒན་རབས། ལྟ་བུ།གཞན་པའི་ཡ་རབས། མ་རབས་ལྟ་བུ་བཟང་ངན་གྱི་བྱེ་བྲག་སྟོན་བྱེད་ལ་འཇུག་མོད། ཡང་དངོས་པོའི་མིང་ལ་སྦྱོར་བའང་ཡོད་དེ། སྐྱེས་རབས། མི་རབས་ལྟ་བུ་ཡིན།འདི་རིགས་ཀྱི་ཤུགས་བསྟན་དུ་སླར་ཡང་དུས་ཀྱི་བྱེ་བྲག་ཅིག་ལ་གོ་བ་ནི་ཤེས་སླའོ།། དེས་ན་རབས་ལ་ཆེན་མོ་ཞེས་པའི་ཚིག་གྲོགས་སྦྱར་སྲོལ་མེད་དེ། དཔེར་ན་སྐྱེས་རབས་ཆེན་མོ་དང་། མི་རབས་ཆེན་མོ། དུས་རབས་ཆེན་མོ། ལོ་རབས་ཆེན་མོ་ཟེར་སྲོལ་མེད་པ་ལྟ་བུ། འོ་ན་ཅིའི་ཕྱིར་སྒྲུང་རབས་ཆེན་མོ་ཟེར་ཞེ་ན། འདི་འང་དེང་སང་ཅི་ཞིག་ཡིན་རུང་ཆེན་མོ་ཞེས་པའི་འུད་བསྟོད་བྱེད་པར་སྤྲོ་བ་ལ་འབྲེལ་བ་ཡོད། གལ་ཏེ་ཆེན་མོ་ཞིག་མ་སྦྱར་ན་རང་ཉིད་ཀྱི་དོན་དག་དེའི་གལ་ཆེ་ཚུལ་གཞན་གྱིས་མི་ཤེས་པའི་དོགས་པ་ཡོད་པ་འདྲ།
          རིག་པའི་གཞུང་ལུགས་ཀྱི་སྟེང་ནས་བཤད་ན། 《格萨尔》是一部史诗ཞེས་པ་མཐོང་ཚེ་དེ་མ་ཐག་གེ་སར་སྒྲུང་ནི་དམངས་ཁྲོད་རྩོམ་རིག་ལས་ལོ་རྒྱུས་སྙན་རྩོམ་གྱི་ཁོངས་སུ་གཏོགས་པ་དང་། ལོ་རྒྱུས་སྙན་རྩོམ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་རྩ་བའི་ཁྱད་ཆོས་བཞི་ཡོད་པ་སོགས་ཅིག་ཅར་དུ་དྲན་ཡོང་མོད། འོན་ཀྱང་རིག་པའི་གཞུང་ལུགས་ཀྱི་ཚིག་འདི་“གེ་སར་སྒྲུང་ནི་སྒྲུང་རབས་ཆེན་མོ་ཞིག་རེད།”ཅེས་བསྒྱུར་ན་ཅང་གོ་རྒྱུ་ཨེ་ཡོད་འཕྱང་མོ་ཉུག ལྡོག་སྟེ་གེ་སར་སྒྲུང་དང་མཉམ་དུ་བོད་ལ་ད་དུང་དཔའ་བོའི་སྒྲུང་དཔེ་གཞན་ཞིག་དུས་རབས་གཅིག་གི་ནང་དུ་བྱུང་བའམ། ཡང་ན་དུས་རབས་གཅིག་གི་ནང་དུ་དཔའ་བོའི་སྒྲུང་དཔེ་མང་པོ་ཞིག་མཉམ་དུ་བྱུང་ངམ་སོགས་ཉོན་མོངས་འཁྲིགས་པའི་སྤྲིན་ནག་གི་ཕུང་བོ་ཞིག་ངང་གིས་འཐིབས་ཡོང་། དེས་ན་ཕྱིའི་རྒྱལ་ཁབ་ཀྱི་རིག་གཞུང་གསར་བ་ནང་དུ་འདྲེན་པ་ལ་བརྡ་ཆད་གསར་བ་མཁོ་ཆེ་སྟེ། རྒན་བདུད་ལྷ་རྒྱལ་གྱིས་བོད་ལ་མང་བའི་མང་སྐྱོན་མེད་དེ། ཉུང་བའི་ཉུང་སྐྱོན་ཡོད། ཅེས་གསུངས་པ་ལྟར་ལོ་རྒྱུས་སྙན་རྩོམ་ཞེས་པའི་རིག་གཞུང་འདིའི་འགྲེལ་བ་རྒྱག་སྟངས་ཀྱི་ཁྱད་ཆོས་བཞི་སོགས་ལ་བལྟས་ན། སྔོན་བྱོན་མཁས་པ་མང་པོས་གེ་སར་སྒྲུང་འདི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་གྱི་ཁོངས་སུ་གཏོགས་པར་བཞེད་པ་ལ་འགལ་བ་ཅི་ཡང་མ་མཆིས་ཤིང་། གེ་སར་སྒྲུང་གི་རིག་པ་ཞེས་པའི་རིག་གཞུང་གི་མ་ལག་ཅིག་འཛུགས་སྐྲུན་བྱེད་པ་ལ་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་བརྡ་ཆད་མང་པོ་ནང་དུ་འདྲེན་པའི་སྔོན་འགྲོའི་ཆ་རྐྱེན་བསགས་ཤིང་རྨང་གཞི་ཡག་པ་ཞིག་བཏིང་ཟིན་པས། ད་སྔ་ཡན་ཆད་ཀྱི་བོད་རྒྱའི་མཁས་པ་རྒན་གཞོན་གེ་སར་སྒྲུང་ལ་ཞིབ་འཇུག་གནང་མཁན་ཚོས་གེ་སར་སྒྲུང་ལ་བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཞེས་བརྗོད་པ་ནི། གེ་སར་སྒྲུང་ལ་རྒྱལ་སྤྱིའི་རིག་གཞུང་གི་གོ་ས་སྤྲད་པ་ཡིན་ཞིང་། འདིས་ཀྱང་གེ་སར་སྒྲུང་གི་རིག་པའི་གཞུང་ལུགས་ཀྱི་སྒོ་འཕར་ངང་གིས་ཕྱེས་པ་ཡིན་པས་ཐུགས་རྗེ་ཆེ་ཞུའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1