༄༅།། བོད་ཀྱི་སྤུར་སྦྱོང་ལས་བྱ་གཏོར་གྱི་སྐོར་ལ་ཞིབ་ཏུ་དཔྱད་པ།
ཀུན་དགའ་དབང་ཕྱུག རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 01-17
ཀུན་དགའ་དབང་ཕྱུག
[ནང་དོན་གནད་བསྡུས།]བོད་ཀྱི་དམངས་སྲོལ་རིག་གནས་ལས་བྱ་གཏོར་གྱི་སྲོལ་བྱུང་བའི་རྒྱུ་རྐྱེན་དང་། ཚུལ་ཇི་ལྟར་བྱས་ནས་གཏོར་བ་དང་དེའི་རྒྱུ་མཚན་དག་གཞིར་བཅས་ཏེ་རང་གི་འདོད་ཚུལ་ལྷུག་པར་གླེང་ཡོད།
[བརྡ་ཆད་གཙོ་བོ།] བྱ་གཏོར། རྒྱུ་རྐྱེན། ལག་ལེན། དགེ་མཚན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]k89[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2009)01-097-11
ད་ལྟའི་བར་དུ་བྱ་གཏོར་གྱི་སྐོར་ལ་བོད་དང་རྒྱ། དབྱིན་ཇི་དང་ཉི་ཧོང་(日本)སོགས་ཀྱི་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་ཡིག་རིགས་སྣ་ཚོགས་ཀྱི་ལམ་ནས་རྩོམ་ཡིག་འདྲ་མིན་སྤེལ་ཡོད་རུང་བྱ་གཏོར་དེ་རྒྱུ་རྐྱེན་གང་ལས་བྱུང་བ་དང་། ཇི་ལྟར་གཏོར་བ། ཅིའི་ཕྱིར་གཏོར་བ་བཅས་ལ་བཞེད་པ་འདྲ་མིན་ཡོད་སྟབས་འདིའི་སྐོར་ལ་མུ་མཐུད་དཔྱད་པར་བྱ་བ་ལ།
དང་པོ། བྱ་གཏོར་བྱུང་བའི་རྒྱུ་རྐྱེན།
ད་ལྟ་བོད་ཀྱི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་ཞིག་ཏུ་ཆགས་ཡོད་པའི་སྤུར་སྦྱོང་ལས་བྱ་གཏོར་གྱི་ཕྱག་ལེན་འདི་བོད་ལ་ནམ་དར་བའི་སྐོར་ལ་བཞེད་ཚུལ་མི་འདྲ་བ་ཡོད་ནའང་། ཡིག་ཆ་དངོས་སུ་མཐོང་ཐུབ་པ་ནི། དུས་རབས་བཅུ་གཉིས་པའི་འགོ་སྟེ། སྤྱི་ལོ་1113ལོར་ཕ་དམ་པ་སངས་རྒྱས་(?-1117)བོད་དུ་ཕེབས་1ཏེ། དེ་ལས་བརྒྱུད་པའི་ཞི་བྱེད་གཅོད་ཀྱི་གདམས་པ་2ལས་ཕུང་པོ་གཟན་བསྐྱུར་གྱི་ཕྱག་ལེན་མ་ཅིག་ལབ་སྒྲོན་(1103-1201)གྱིས་ཉམས་ལེན་གནང་བ་ནས་བཟུང་བོད་ལ་བྱ་གཏོར་བྱེད་སྲོལ་དར་སྤེལ་བྱུང་།3
དེས་ན་ཁ་ཅིག་གིས། གཅིག་ནས་ཕ་དམ་པའི་ཡར་སྔོན་དུ་དེ་འདྲའི་ལུགས་སྲོལ་མེད་ན་གློ་བུར་དུ་དར་མི་ནུས་ཏེ། གནམ་གྱི་ཁྲི་བདུན་ཕུད་པའི་རྒྱལ་རབས་ཕྱི་མ་རྣམས་ནས་བཟུང་གླང་དར་བར་བང་སོ་བརྩིགས་པའི་སྲོལ་ལོ་ངོ་སྟོང་ལྷག་བོད་དུ་གནས་པས་དེ་དོར་ནས་གློ་བུར་དུ་བྱ་གཏོར་བྱེད་མི་ནུས་པའི་ཕྱིར། ཕྱིས་སུ་བྱ་གཏོར་དར་ནུས་པ་དེ་ནི་བཙན་པོའི་རིགས་རྒྱུད་མ་ཡིན་པའི་དམངས་ཁྲོད་དུ་དེ་འདྲ་ཡོད་པའི་སྟབས་ཀྱིས་ཡིན་ཞེས་དང་། གཉིས་ནས་དུས་རབས་བཅུ་གཉིས་པའི་ཡར་སྔོན་དུ་བྱ་གཏོར་ཕྱག་ལེན་སྐོར་གྱི་དཔྱད་གཞིའི་ཡིག་ཚང་མེད་པ་བདེན་མོད། ལོ་རྒྱུས་སུ་ཡོད་ན་ཡོད་གོ་ཆོད་པ་དང་མེད་ན་མེད་གོ་ཆོད་ཟེར་མི་ནུས་ལ། ལྷག་པར་དུ་ཡིག་ཚང་དུ་བཀོད་པ་རྣམས་ཀྱང་བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་དབང་སྒྱུར་མཁན་གྱི་ལོ་རྒྱུས་ལས་འབངས་དཀྱུས་མའི་གནས་ཚུལ་བཀོད་མེད་པས། དེ་དུས་བྱ་གཏོར་གྱི་ཕྱག་ལེན་མེད་ཟེར་མི་ནུས་ཏེ། དཔེར་ན། གནམ་གྱི་ཁྲི་བདུན་དག་གནམ་ལ་གཤེགས་ཟེར་བ་ནི་མཐར་གཏུགས་ན་བྱ་གཏོར་བྱས་པ་ཡིན་ཏེ། བེམ་པོ་དེ་ཟས་རྗེས་སླར་མཐོངས་སུ་འཕུར་འགྲོ་བའི་བྱ་དེར་ད་ལྟའི་བར་བོད་ཀྱིས་ལྷ་བྱ་རུ་འབོད་ཅིང་། གུས་པའི་ཚུལ་གྱིས་ཕྱིས་སུ་རྒོད་ཀྱི་གཤོག་སྒྲོ་དེ་ཐོད་དང་ཞྭ་མོར་བཅིངས་པའི་སྲོལ་ཡང་བྱུང་འདུག་པ་དེ་ཡང་མི་ལའི་(1040-1123)རྣམ་མགུར་དུ། ལྡེམ་བྱ་རྒྱལ་རྒོད་ཀྱི་འཕྲུ་ཏོ་བཙུགས་4ཞེས་ངོམ་སོ་དང་། ལྔ་པ་ཆེན་པོའི་སྐབས་སུ་བྱོན་པའི་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་5ཟེར་བའི་རྙིང་མའི་བླ་མ་དེས་ཀྱང་དབུ་ཞྭ་ལ་རྒོད་ཀྱི་ལྡེམ་འཕྲུ་བཏགས་ཡོད་པ་དང་། རྣམ་ཐར་ཁ་ཤས་སུ་བྱ་རྒོད་ཀྱི་སྒྲོ་བཏུས་ཏེ་བརྩིས་ཆེན་མཛད་པའི་ལོ་རྒྱུས་6བྱུང་བ་དང་། སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་བྱང་གི་གཉན་ཆེན་ཐང་ལྷ་ཡང་དང་པོ་གཟུགས་ཤིན་ཏུ་ཆེ་བའི་བྱ་རྒོད་ཅིག་ཡིན་ཞིང་། ལྷ་ཡུལ་ནས་འཇིག་རྟེན་དུ་འཕུར་འོང་ནས་རི་དེར་ཚང་བྱས་པར་གྲགས་7པ་དང་། བོད་ཀྱི་གནའ་བོའི་འཇིག་རྟེན་ཆགས་ཚུལ་དང་ལྷ་རབས། རིགས་རུས་འཕེལ་རིམ་བཅས་ལ་འཛིན་པའི་ལྟ་ཚུལ་དག་མུ་འབྲེལ་ནས་རྒྱས་བཤད་བྱེད་པའི་དཔེ་རྙིང་གཅིག་པུ་《དབུ་ནག་མིའུ་འདྲ་ཆགས་》ཀྱི་ནང་དུ་སྟག་གཟིག་བོན་གྱི་རྒྱལ་པོ་དང་རྒྱ་གར་ཆོས་ཀྱི་རྒྱལ་པོ་གཉིས་བྱ་རྒྱལ་རྒོད་ཀྱི་སྤྲུལ་པ་ལས་མཆེད་ཚུལ་8དང་། གེ་སར་དམག་གི་རྒྱལ་པོའི་མཆེད་ཁུངས་ཀྱང་བྱ་རྒོད་ཡིན་པར་བཤད་9པ་དག་ལས་བྱ་རྒྱལ་རྒོད་འདི་བོད་ཀྱི་ཡིག་ཚང་རྣམས་སུ་ཆེས་ཡ་མཚན་ཞིག་ཏུ་བརྩི་བ་གནའ་བོའི་དུས་ནས་ཡོད་པར་མངོན་པས། བཙན་པོའི་ཕོ་བྲང་གི་ལུགས་སྲོལ་དེས་བོད་ཀྱི་ལུགས་སྲོལ་ཡོངས་རྫོགས་མཚོན་མི་ནུས་པ་ཞིག་རེད་ཅེས་བརྗོད། འོན་ཀྱང་། དུས་རབས་བཅུ་གཉིས་པའི་ཡར་སྔོན་དུ་བྱ་གཏོར་གྱི་ཆོ་ག་མེད་ཟེར་བ་ནི། བཙན་པོའི་གདུང་རྒྱུད་སྐོར་གྱི་བོད་ཀྱི་ཡིག་ཚང་ཁོ་ན་གཞིར་བཅོལ་བ་མ་ཡིན་ཏེ། རྒྱའི་ཡིག་ཚང་《ཐང་ཡིག་རྙིང་མ་ཐུ་བོད་ཀྱི་གླེགས་བམ་》ལས་ཀྱང་“居父母丧,截发,青黛涂面、衣服皆黑,既葬即吉。”(ཕ་མ་ཤི་ཚེ་སྐྲ་འབྲེག གདོང་ལ་ཚོས་ནག་པོ་བྱུགས། གྱོན་པའང་ནག་པོར་བྱེད། དུར་དུ་སྦས་ཟིན་ན་འདུན་ཀྱང་གྲོལ་བ་ཡིན།)ཞེས་བཀོད་ཡོད་པས་ཤེས་ལ། ལྷག་པར་དུ་ཕྱི་རབས་པ་རྣམས་ཀྱིས་བོད་ཀྱི་བཙན་པོའི་ལོ་རྒྱུས་ལ་གཞི་བཅོལ་ཏེ་དབྱེ་ཞིབ་མཛད་པའང་སྐབས་འདིའི་ཤེས་བྱེད་དུ་དྲངས་ན་ཤིན་ཏུ་ལེགས་ཏེ། བོད་ཀྱི་བཙན་པོ་ལས་གནམ་གྱི་ཁྲི་བདུན་འདས་སྐབས་སྤྱི་གཙུག་ཏུ་ཡོད་པའི་འོད་དཀར་པོའི་རྨུ་ཐག་ལ་འཇུས་ནས་ནམ་མཁར་གཤེགས་ཏེ་འཇའ་ཚོན་བཞིན་ཡལ་ནས་འགྲོ་བ་ལས་རོ་མེད་པའི་དབང་གིས་“གནམ་ལ་ཁྲི་བདུན་”ཞེས་ཏུན་ཧོང་ཡིག་རྙིང་དུ་གསལ་ཞིང་། དོན་དམ་དུ་གནམ་གྱི་རྒྱལ་པོ་བདུན་ཟེར་བ་དང་འདྲའོ། གནམ་གྱི་ཁྲི་བདུན་གྱི་སྐོར་ལ་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་དེ་རྣམས་འདས་རྗེས་ནམ་མཁའ་ལ་ཡལ་ནས་བང་སོ་མེད་ཅེས་གྲགས་ཤིང་། “དོན་དུ་སྐབས་དེར་སྐུ་ཕུང་མེར་བསྲེགས་ནས་དུ་བ་ནམ་མཁར་གཏོང་བའི་སྲོལ་ཞིག་དར་བ་མིན་ནམ་སྙམ་”10ཞེས་ཐེ་ཚོམ་དང་བཅས་དཔྱད་གཞི་ཞིག་བཀོད་པ་ལས་བྱ་གཏོར་བྱུང་བའི་ལོ་རྒྱུས་ཀྱི་སྒྲོས་མེད་དོ། དེ་ནས་སྟོད་ཀྱི་སྟེང་གཉིས་11བྱུང་། དེ་ནི་ཕྱིས་ཀྱི་རྒྱལ་རབས་རྣམས་ལས་སྟོད་དང་བར་དུ་བྱུང་བ་སྟེ། གྲི་གུམ་བཙན་པོ་ནི་སྲིད་དབང་བཟུང་མུས་ཀྱི་སྐབས་སུ་བློན་པོ་ལོ་ངམ་གྱིས་བཀྲོངས་པ་དང་། པུ་དེ་གུང་རྒྱལ་ནི་ལོ་ན་གཞོན་དུས་སྲིད་དབང་མ་ཐུབ་པར་ཡུན་རིང་འཁྱམས་ནས་སྡོད་དགོས་བྱུང་བས་རྒྱལ་སྲིད་སྟེང་པའམ་སྟོང་བས་སྟོད་ཀྱི་སྟེང་གཉིས་12ཞེས་དུས་རབས་བཅུ་གསུམ་པའི་ནང་བཏགས་པར་མངོན། སྟེང་ནི་སྟོང་དུ་ཇི་ལྟར་འགྱུར་ཞེ་ན། འགྲེང་བུ་དང་ན་རོ་ཕན་ཚུན་བརྗེ་བ་སྐབས་འགར་འབྱུང་སྟེ། རྒྱལ་པོའི་དོད་དུ་རྗེ་བོ་ཞེས་འབྲི་དགོས་པ་ལ་ཡིག་རྙིང་དུ་རྗོ་བོ་13དང་། ལེན་པ་ལ་ལོན་ཞེས་བྲིས་པ་མཐོང་རྒྱུ་ཡོད་ཅིང་། ཕྱིས་སུ་གྲི་གུམ་བཙན་པོའི་སྐུ་སྤུར་འཕྱིང་ཡུལ་དར་ཐང་དུ་གདན་དྲངས་ནས་བང་སོ་བརྩིགས་པས་བང་སོ་བརྩིགས་པའི་སྲོལ་དར་ཞིང་། དེ་ནས་ས་ཡི་ལེགས་དྲུག་གི་སྐབས་སུ་ས་ལ་བང་སོ་བརྩིགས་པ་ཆེས་ཆེར་དར་བས་ཏུན་ཧོང་ཡིག་རྙིང་དུའང་“ས་ལ་ལེགས་དྲུག་”14ཅེས་འབྱུང་བའི་རྒྱུ་མཚན་དེ་ལ་དགོངས་སམ་སྙམ། དེ་ནས་ལྡེ་བརྒྱད་ཀྱི་དུས་ཡིན་ཞིང་། ཏུན་ཧོང་ཡིག་རྙིང་དུ་ལྡེ་བརྒྱད་ཅེས་པའི་ཐ་སྙད་མི་འབྱུང་ཡང་། ཉང་ཉི་མའི་འོད་ཟེར་(1124-1192)གྱི་ལོ་རྒྱུས་སུ་“ཆུ་ལ་ལྡེ་བརྒྱད་”15ཅེས་བྲིས་པ་ནི་ཐོག་མ་ཡིན་པར་སེམས་16། དེ་ནི་ད་ལྟའི་ལུགས་སྲོལ་ལྟར་ཆུ་ལ་བསྐུར་བ་མ་ཡིན་པར་ཆུ་བོའི་གཞུང་དུ་བང་སོ་བཞེངས་པ་ཡིན་ཤས་ཆེ་སྟེ། སྲོལ་ལུགས་དེ་ནི་མཚོ་ལ་ཁ་བ་བབ་པ་འདྲ་བར་གསུངས་བས་ཀྱང་རྟོགས་ནུས་སྙམ། དེ་ནས་བཙན་ལྔ་སྟེ་ཏུན་ཧོང་ཡིག་རྙིང་དུ་བཙན་ལྔ་ཞེས་པའི་ཐ་སྙད་མི་འབྱུང་ནའང་། དེ་ལྟར་འདོགས་བྱེད་ནི་རྒྱལ་པོ་སོ་སོའི་མཚན་གྱི་མཇུག་ཏུ་“བཙན་”17ཞེས་པའི་སྒྲ་ཡོད་པ་ལ་དགོངས་པའི་ཕྱིར་རོ། དེའི་ཕྱིས་སུ་དུར་སྦས་ཀྱི་སྲོལ་ལུགས་མ་ཉམས་པར་ཡོད་པ་ཡིག་ཐོག་ཏུ་བཀོད་པའི་ལོ་རྒྱུས་རྣམས་སུ་གསལ་ཞིང་། གླང་དར་བར་གྱི་བང་སོ་ཕལ་ཆེ་བ་ད་ལྟ་དངོས་སུ་མཇལ་ནུས་པས་སོ།
འོ་ན། དུས་རབས་བཅུ་གཉིས་པའི་དུས་འགོ་ནས་བཟུང་། བོད་ལ་བྱ་གཏོར་གྱི་སྲོལ་ལུགས་དར་སྤེལ་བྱུང་ཐུབ་པ་གང་ཡིན་ཞེ་ན། རྒྱུ་རྐྱེན་གཉིས་སུ་འདུས་ཏེ། རྒྱུ་གཙོ་བོ་ནི་ས་བབ་ཀྱི་ཆ་རྐྱེན་དང་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་རག་ལས་པའོ། དེ་ཡང་ཞིབ་ཏུ་དཔྱད་ན། ས་བབ་ཀྱི་ཆ་རྐྱེན་ཏེ། རོ་གཟན་གྱི་བྱ་རྒོད་མེད་ན་བོད་ཡུལ་ལ་བྱ་གཏོར་གྱི་སྲོལ་འབྱུང་ཐབས་མེད་པའི་གནས་ལུགས་སླ་མོ་དེ་ཡིན་ཞིང་། བྱ་རྒོད་དེ་ནི་ད་ལྟ་ཞིབ་འཇུག་བྱས་པ་ལྟར་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་2000 (ཨར་ཐེ་རི་བོ་)ནས་རྨིད་4500(བོད་ལྗོངས་)རི་ཁུལ་དུ་འཚོ་ཞིང་། ཁྱབ་ཁོངས་ཀྱི་ཆ་ནས་བཤད་ན། ལྷ་ས་དང་མཚོ་སྔོན། ཤིན་ཅང་ནུབ་ཁུལ་དང་ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་ས་ཁུལ་སོགས་སུ་གནས་པར་18བཤད་པ་ལྟར་རོ། བྱ་རྒོད་འདི་གནའ་ནས་བོད་ཀྱི་ས་སྒང་དུ་གནས་པས་དེའི་གནས་སྟངས་དང་འཚོ་བའི་བརྒྱུད་རིམ་ལ་བོད་པ་རྣམས་ཅུང་རྒྱུས་ཆེ་སྟེ། བྱ་རྒོད་འདིའི་ཁྱད་ཆོས་གཅིག་ནི། ཁྱུ་དང་ཁྱུ་བྱས་ཏེ་འཚོ་སྡོད་བྱེད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། ཕལ་ཆེར་ཁེར་རྐྱང་དུ་མི་འགྲོ་བར་ཉིན་ལྟར་ཞོགས་པ་སྔ་མོར་བྱ་རྒོད་རྣམས་གཅིག་རྗེས་གཅིག་གིས་འབྲངས་ཏེ་རི་མཐོན་པོའི་རྩེ་ནས་མཁའ་དབྱིངས་སུ་འཕུར་ལ་ས་སྲོད་ཀྱི་དུས་སུ་ཕྱིར་བྲག་སྟེང་དུ་བབ་པ་ཡིན།19ཁྱད་ཆོས་གཉིས་པ་ནི། བྱ་རྒོད་དེས་བེམ་རོ་ཟ་བ་ལས་སྲོག་ལྡན་ལ་གནོད་འཚེ་མི་གཏོང་བ་དོན་དངོས་ཡིན་པ་ལྟར་དང་། དཀྱིལ་གྲྭ་དཀའ་ཆེན་པད་མའི་བརྡ་དག་ཏུའང་། བྱ་རྒོད་ནི་མི་ཤ་ཟ་བའི་བྱ་ཞེས་བཀྲལ་བས་ཤེས། འོན་ཀྱང་། འགའ་ཞིག་གིས་ཉིན་མོར་ས་གང་ཞིག་ན་བེམ་པོ་ཡོད་པ་ཐོག་མར་ཁྭ་ཏས་རྙེད་ལ། ཁྭ་ཏས་ནམ་མཁའི་དབྱིངས་སུ་ལྡིང་སྐོར་བྱེད་བཞིན་པའི་བྱ་རྒོད་ལ་བརྡ་སྦྲན་ཞིང་། བྱ་རྒོད་ཀྱི་ཁྱུ་ཚོགས་ཕྱོགས་ཁག་ནས་མར་བབས་ཏེ་བེམ་པོ་ཟས་རྗེས་ཕྱིར་མཁའ་དབྱིངས་སུ་འཕུར་འགྲོ་20བར་བཤད་པ་ནི་བདེན་པའི་ཆ་ཅུང་ཟད་ཀྱང་མ་ངེས་ཏེ། དེ་ལྟར་ན། བོད་མིས་བྱ་གཏོར་བྱེད་པའི་སྐབས་སུ་ཐོག་མར་ཁྭ་ཏས་རྙེད་དགོས་པ་ཞིག་ཏུ་སྣང་བས་དེ་ལྟར་མ་ཡིན་ཏེ། མངོན་པ་མཛོད་དུ་གསུངས་པའི་སྤྱན་ལྔ་ལས་ཤའི་སྤྱན་གྱི་མཚན་གཞི་ལ་བྱ་རྒོད་ཀྱི་སྤྱན་བཞག་ཡོད་པས། རྒོད་ལ་ཉིན་ལམ་བཅོ་བརྒྱད་ཀྱི་མཚམས་ན་ཡོད་པའི་བེམ་པོ་མཐོང་བའི་མིག་ཤེས་ཁྱད་པར་ཅན་ཞིག་ཡོད་པར་བཤད། བྱ་རྒོད་ཀྱི་ཚེ་མཇུག་ནི་ཤི་ལ་ཉེ་བའི་ཚེའང་། ནམ་འཕང་གཅོད་ཅིང་ཅི་ནུས་ཀྱིས་ཉི་མའི་ཕྱོགས་ལ་འཕུར་བ་ཡིན། ཉི་མ་དང་མཁའ་དབུགས་ཀྱི་རྒྱུ་བས་བྱ་རྒོད་ཀྱི་ཕུང་པོ་རྡུལ་དུ་བཏང་21བ་བདེན་མིན་བཤད་དཀའ་ནའང་། རྗེ་ཙོང་ཁ་པས་(1359-1419)དགུང་ལོ་སུམ་ཅུ་ཡས་མས་སུ་བརྩམས་པའི་སྙན་ངག་《སྟོན་པ་ཤཱཀྱ་ཐུབ་པ་ལ་བསྟོད་པ་བྱིན་རླབས་ཉེར་འཇུག》ལས། མཁའ་ལྡིང་དབང་པོ་མཁའ་ལ་བགྲོད་བགྲོད་ནས། །ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། །ཞེས་གསུངས་པ་ལ་གཞིགས་ན། བྱ་རྒོད་དེ་ནི་མཁའ་དབྱིངས་སུ་འཕུར་འཕུར་ནས་མཐའ་མ་རང་གི་ནུས་པ་ཟད་ནས་ཤི་བའམ་ཡང་ན་མར་ཐུར་དུ་རིམ་གྱིས་འབབ་པ་ཞིག་ཡིན་པ་གོར་མ་ཆག མི་ལའི་རྣམ་མགུར་དུ། བྲག་དམར་གྱི་བྱ་རྒྱལ་རྒོད་པོ་དེ། །རྒོད་གཤོག་སྒྲོ་ནམ་མཁའི་དབྱིངས་སུ་བརྐྱང་། །རྒོད་གཡང་ལ་ལྷུང་དོགས་མ་ཡིན་ཏེ། །ནམ་འཕང་གཅོད་པ་དཔའ་ཚུལ་ཡིན། །ཞེས་པ་ལྟར་རོ། རྒྱ་ཡིག་གི་ལམ་ནས་བརྩམས་པའི་རྩོམ་ཡིག་མང་པོར། བོད་པ་རྣམས་གདོད་མ་ནས་དབྱར་དགུན་གྱི་དུས་སུ་གནས་སྤོས་ཏེ་ཕྱུགས་འཚོ་བ་ལས་ཞིང་ལས་གཙོ་བོར་མི་གཉེར་ཞིང་། ལྟོས་བཅས་ཀྱིས་བཤད་ན། ས་ནི་ཚེ་སྲོག་ལྟར་གཅེས་པའི་འདུ་ཤེས་མེད་པ་དང་ནམ་ཟླ་ཤིན་ཏུ་གྲང་བས་མི་ཤི་ཚེ། དུར་སྦས་བྱེད་པ་ལ་ས་བརྐོ་དཀའ་བ་སོགས་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དེ་དག་གིས་བོད་ལ་བྱ་གཏོར་བྱུང་བར་འདོད་པའི་ལྟ་ཚུལ་གླེང་ཡོད་ནའང་། དེ་ཙམ་གྱིས་ག་ནས་ཡིན་ཏེ། དེ་ལྟར་ཡིན་ན། བཙན་པོའི་སྐབས་སུ་གོང་དུ་བཤད་པ་ལྟར་དུར་སྦས་ཀྱི་ཆོ་ག་ཆེས་ཆེར་དར་ནུས་པའི་རྒྱུ་མཚན་ཅི། ཁྱད་པར་ས་ལ་སྲོག་ལྟར་གཅེས་པའི་འདུ་ཤེས་མེད་ཟེར་ན། གདོད་མ་ནས་བོད་ཀྱི་རི་ཆུ་ཐམས་ཅད་ལྷའི་ཡུལ་དུ་བྱས་ཤིང་། བླ་རི་དང་། བླ་ཤིང་། ཀླུ་ས། གཉན་ས་སོགས་སུ་བྱས་པའི་རྒྱུ་མཚན་ཅི། བྱ་གཏོར་སྔོན་ནས་ཡོད་ཟེར་ན། ཉེ་འབྲེལ་དང་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱིས་བྲིས་པའི་བོད་དང་འབྲེལ་བའི་ཡིག་ཆའི་ནང་དུ་དེ་སྐོར་སྒྲོས་ཙམ་ཡང་བྱུང་མེད་པའི་རྒྱུ་མཚན་ཅི། བློ་རྣལ་དུ་ཕབ་སྟེ། ཤེས་རིག་འཕེལ་བའི་གོ་རིམ་ལ་མནོ་བསམ་ཞིག་བཏང་ན། གདོད་མའི་དུས་སུ་ཤེས་རིག་དར་རྒྱས་ཆེར་མེད་པས། མི་ཤི་ཚེ་སྡུག་བསྔལ་ཆེས་ཆེར་བྱས་ཏེ། གཉེན་ཉེ་རྣམས་ཀྱིས་ཁ་ངོ་མི་བཀྲུ་བར་ཉིན་དང་ཟླ་བ་འགར་གནས་ཤིང་། ལོ་གསར་པའི་ནང་གོས་གསར་མི་གྱོན་པ་དང་དགའ་སྟོན་སོགས་སུ་མི་ཞུགས་པར་གནས་པ་ནི་ད་ལྟའི་སྲོལ་རྒྱུན་གྱི་གོམས་སྲོལ་འདི་དག་གིས་རིགས་འདེད་བྱས་པས་ཤེས། དེ་འདྲའི་འདུ་ཤེས་འཛིན་སྟངས་འོག ཤི་བའི་བེམ་པོ་དེའི་བདག་པོ་དང་གཉེན་ཉེ་སུ་ཞིག་གིས་བེམ་པོ་དེ་བྱ་ལ་གཏོར་ནུས། དེ་ཐམས་ཅད་ཀྱི་རྩ་བ་གང་ལ་གཏུགས་ཤེ་ན། གཉེན་ཉེ་དུའི་འབྲལ་མི་ཕོད་པའི་སྡུག་བསྔལ་ལས་བྱུང་བ་ཁོ་ན་མིན་ཏེ། བོད་ལ་གདོད་མ་ནས་མི་ཤི་བའི་རྗེས་སུ་བླ་གནས་པའི་འདུ་ཤེས་ཤིག་བྱུང་ཡོད་པ་དེའོ། དཔེར་ན། བླ་ཤིང་བླ་རི་ཞེས་པ་སོགས་ཀྱིས་མཚོན་པར་མ་ཟད། ཡིག་རྙིང་དུ་ཐོན་པའི་དཔྱད་གཞིའི་ཡིག་ཆ་ཆེས་སྔ་བ་ནི་གྲི་གུམ་བཙན་པོའི་དུས་སྐབས་དེར་ཤ་ཁྲིས་བློན་པོ་ལོ་ངམ་བཀྲོངས་རྗེས་“བརླའ་བརྡུངས་”ཞེས་པ་སོགས་ཀྱི་མགུར་ཞིག་བླངས་ཡོད་པ་དེ་ཡིན་ཞིང་། དོན་ནི་“བརླ་”རུས་ཀྱང་བརྡུངས་ཤིང་བཅགས་ནས་དེ་དག་གི་“བླ་”ཡང་མེད་པར་བཟོས་22ཞེས་པ་ཡིན། “བརླ་”དང་“བླ་”ལ་འབྲེལ་བ་ཡོད་པའི་འདུ་ཤེས་ཤིག་དེ་དུས་ནས་ཡོད་པར་གསལ་ལ། དེའི་ཕྱིས་སུ་དར་བའི་རྒྱ་ནག་གི་གཙུག་ལག་རྒྱུད་དུའང་། སྲོག་དང་བླ་དང་རྣམ་ཤེས་གསུམ། །སྲོག་ནི་གཤེད་མ་འདྲེ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །བླ་དེ་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་ལ་གནས་པ་ཡིན། །དུར་ས་ལེགས་ན་བླ་དེ་དར། །གསོན་པོ་རྣམས་ལ་མགོན་སྐྱབས་ནུས། །ཞེས་གསུངས་པ་གནས་ཡིག23འགར་དྲངས་པས་ན། སྔར་ཡོད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་རྨང་གཞི་དང་ཕྱིས་རིག་གནས་ཀྱི་ཤན་ཤུགས་གང་ཡིན་མ་ངེས་ཀྱང་དེ་དག་བྱུང་བ་ལ་བརྟེན་ནས་“མདད་བཏང་”དང་“གུམ་ན་མཆད་པྱག་དར་ཏེ་བརྩིག་པར་གནང་། རྟ་ནི་བརྒྱའ་དགུམ་བར་གནང་”24ཞེས་ཏུན་ཧོང་ཡིག་རྙིང་དུ་གསལ། དེའི་སྟབས་ཀྱིས་ས་བབ་མཐོ་སར་བྱ་རྒོད་ཡོད་པ་ཁོ་ནས་བྱ་གཏོར་ཕྱག་ལེན་དར་མི་ནུས་པས། དེ་དང་འཚམས་པའི་བསམ་བློའི་འདུ་ཤེས་ཤིག་ཅིས་ཀྱང་ཡོད་དགོས་པའོ།
འོ་ན། བསམ་བློའི་འདུ་ཤེས་དེ་གང་ཡིན་ཞེ་ན། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཡིན་ཏེ། ནང་ཆོས་དག་སྲོང་བཙན་ནས་སྲོལ་བཏོད་པ་དང་ཁྲི་སྲོང་ལྡེ་བཙན་ནས་དར་སྤེལ་བཏང་ཡང་། འབངས་མི་དཀྱུས་མ་ཕར་ཞོག་སྐབས་དེའི་ཕོ་བྲང་ནང་དུའང་བན་བོན་གྱི་འགལ་བ་ཆེ་བ་སོགས་ཀྱིས་བོད་མི་བྱིངས་ཀྱིས་དང་ལེན་བྱེད་པ་ཞིག་ནི་མ་བྱུང་བར་མངོན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བཙན་པོས་བཀས་བཅད་དེ་སློབ་དཔོན་དཔའ་བོས་མཛད་པའི་སྟག་མོར་ལུས་སྦྱིན་སོགས་སྐྱེས་རབས་སོ་བཞི་བོད་དུ་བསྒྱུར་བ་དང་། ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་བོད་དུ་བསྒྱུར་བ་དེའི་ནང་དུ། ཁྱོད་ཉོན་མོངས་པའི་གདོང་དེ་ནི། །ད་ལྟ་མངོན་སུམ་གྱུར་བ་བཞིན། །བྱ་རྒོད་ཀྱིས་བསལ་བྱས་མཐོང་ནས། །དེ་ལྟར་ཅིའི་ཕྱིར་འབྱེར་བར་བྱེད། །25ཅེས་དང་། ཤ་ཡི་ཕུང་པོ་འདི་མཐོང་ནས། །བྱ་རྒོད་དང་གཞན་ཟ་བྱེད་ན། ། གཞན་གྱི་ཟས་ལ་མེ་ཏོག་གི ། ཕྲེང་བ་ཙན་དན་རྒྱན་གྱིས་མཆོད། །26ཅེས་གསུངས་ནའང་། རང་གི་ཉམས་ལེན་ཕར་ཞོག ཐ་ན་བང་སོ་བརྩིགས་པ་དང་ནད་སོགས་བྱུང་ན་སྲོག་ཆགས་མང་པོ་གསོད་ཚུལ་མི་ལ་རས་པའི་བར་མ་ཉམས་པར་ཡོད་པ་ཕྱིས་ཀྱི་ཡིག་ཚང་ལས་ཤེས་ནུས། གླང་དར་གྱིས་འདུལ་བསྟན་བཅོས་སྒྱུར་བྱས་ཏེ། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་བོད་ཀྱི་ནང་བསྟན་རེ་ཞིག་ཉམས་དམས་སུ་སོང་ནའང་། ཕྱིས་སུ་བཙན་པོའི་གདུང་རྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་རྗེ་ཨ་ཏི་ཤ་གདན་དྲངས་ཏེ་མངའ་རིས་སོགས་བོད་དུ་དུས་ཡུན་ལོ་ངོ་ཧྲིལ་པོ་བཅོ་ལྔ་(1040-1054)མ་ལོངས་ཙམ་བཞུགས་ནས་གདུལ་བྱ་ཡོངས་ལ་ལས་འབྲས་གཙོ་བོར་གསུངས་པས་བོད་ཡོངས་ལ་བླ་མ་ལས་འབྲས་པ་དང་བླ་མ་སྐྱབས་འགྲོ་བར་གྲགས། སྐབས་འདིར་བསྟན་པ་ལ་དག་ཐེར་ཐེངས་གཅིག་བྱས་པས་ནང་པའི་ཆོས་རྣམ་དག་ཅིག་བོད་ཀྱི་དམངས་ཁྲོད་བར་དུ་སྤེལ་ཐུབ་པ་བྱུང་།27དེའི་ཕྱིས་སུ་ཁོང་གི་དངོས་སློབ་འབྲོམ་སྟོན་པས་བཀའ་གདམས་པའི་གྲུབ་མཐའི་སྲོལ་ཕྱེ་ནས་སྔར་ལས་ཀྱང་དར་ཞིང་རྒྱས་པ་བྱུང་བ་དང་། ཐ་ན་འབྲོམ་སྟོན་རང་ཉིད་མཛེ་བོ་རྣམས་ཀྱི་ཚོགས་སུའང་ཞུགས་ཏེ་ཉལ་འཆག་གི་སྒོ་ནས་ཆོས་བསྟན་པས་སྔར་ལས་དར་ཞིང་ཕྱིས་ཀྱི་གྲུབ་མཐའ་ཐམས་ཅད་ཀྱི་མ་ལྟ་བུར་གྱུར། གོ་རིམ་དེ་དག་གི་ཁྲོད་དུ་སྐྱེ་བོ་ཕལ་ཆེ་བས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་གནས་སུ་སྐྱེ་བའམ་གང་གིས་འཁོར་བ་ལས་དང་ཉོན་མོངས་ཀྱིས་འཁོར་བ་དང་། ཇི་ལྟར་འཁོར་བ་སྡུག་བསྔལ་མི་བཟད་པའི་སྒོ་ནས་འཁོར་བ་དང་། གང་དུ་འཁོར་བ་ཁམས་གསུམ་དུ་འཁོར་བ་དང་། གང་འཁོར་བ་རྣམ་ཤེས་འཁོར་བ་སོགས་ལ་ངེས་པ་ཅུམ་ཙམ་རྙེད་དེ། མི་ཚེ་འདི་དང་རང་གི་ལུས་ངག་ཡིད་གསུམ་གཞན་དོན་དུ་བཀོལ་མ་ནུས་ཚེ་སྙིང་པོ་མེད་པའི་བསམ་བློའི་འདུ་ཤེས་ཤིག་སྔར་དང་བསྡུར་ན་ཅུང་ཤུགས་དྲག་པོ་ཞིག་བྱུང་ཡོད་པར་སྙམ། རབ་བྱུང་དང་པོའི་ཤིང་རྟ་སྟེ་སྤྱི་ལོ་1054ལོར། ཇོ་བོ་རྗེ་ཨ་ཏི་ཤ་སྙེ་ཐང་དུ་སྐུ་གཤེགས་པ་ནས་བརྩིས་པའི་བགྲང་བྱ་60སོང་བའི་སྐབས་ཏེ། སྤྱི་ལོ་1113ལོར་ཕ་དམ་པ་བོད་དུ་ཕེབས། སྐབས་དེར་ཕ་དམ་པས་བོད་ལ་བྱ་རྒོད་ནི་རང་བཞིན་གྱིས་མཆིས། གཞན་དོན་དང་སྤྱོད་འཇུག་སོགས་ལས་གསུངས་པའི་ལས་འདི་གཞན་དོན་དུ་བསྔོ་བའི་རྨང་གཞི་ཡང་ཅུང་ལྡན་པས་རྒྱ་གར་གྱི་གདམས་པ་འདི་བོད་ལ་གནང་ན་ལུས་སྦྱིན་གཏོང་བ་འདི་དར་ནུས་པར་དགོངས་ཏེ། ཕུང་པོ་གཟན་བསྐྱུར་གྱི་གདམས་པ་མ་ཅིག་ལབ་སྒྲོན་ལ་གནང་པའི་རྐྱེན་དེས་རྩྭ་ཡན་ལ་མེ་མཆེད་པ་བཞིན་དུ་བྱ་གཏོར་གྱི་ཕྱག་ལེན་བོད་དུ་དར་སྤེལ་བྱུང་།
ནང་སའི་མཁས་པ་ཧའོ་ཝེ་(霍魏)ཟེར་བ་ཞིག་གིས་བྱ་གཏོར་འདི་རྒྱ་གར་དང་བོད་རང་ནས་བྱུང་བ་བཀག་སྟེ། ཡ་གླིང་དབུས་མའི་པར་སིག་གི་ཤན་ཤུགས་ཐེབས་པར་བཤད་28པ་དང་། ལ་ལས་ས་མན་ཆོས་ལུགས་དང་མེ་མཆོད་ཆོས་ལུགས།(袄教)བོན་ཆོས་དང་ནང་བསྟན་ཆོས་ལུགས་བཅས་ཀྱི་ཤན་ཤུགས་འོག་བྱུང་བར་བཤད་29མོད། མི་རིགས་དེ་དག་ལ་ལུགས་སྲོལ་དེ་ཡོད་པས་དེ་ནས་བྱུང་ཟེར་ན་ཁྱབ་པ་མེད་ཅིང་། ལྷག་པར་དུ་པར་སིག་ནས་བྱུང་བ་ཡིན་ཟེར་ན། བོད་དང་པར་སིག་གི་འབྲེལ་བ་ཆེས་ཟབ་པ་ནི་བོད་བཙན་པོའི་དུས་སྐབས་དང་ལྷག་པར་དུ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་ཡིན་པ་ལོ་རྒྱུས་ཡིག་ཚང་རྣམས་ལས་ཤེས་པས་ཤན་ཤུགས་ཐེབས་ན་དེ་དུས་ཐེབས་དགོས་ཀྱང་། སྐབས་དེ་དག་ཏུ་བོད་ལ་བྱ་གཏོར་ཕྱག་ལེན་ཡོད་ཚུལ་རྒྱ་བོད་གང་གི་ཡིག་ཚང་དུ་མ་བྱུང་ངོ་།
གཉིས་པ། བྱ་གཏོར་ལག་ལེན་ཇི་ལྟར་བྱ་ཚུལ།
གཅིག བྱ་གཏོར་ལག་ལེན་གྱི་སྒོམ་ཇི་ལྟར་བྱ་ཚུལ།
བྱ་གཏོར་འདི་“གཞན་ཕན་”དང་“ཚོགས་བསགས་སྒྲིབ་སྦྱོང་”ཞིག་གི་སྟེང་ནས་ལག་ལེན་དུ་བསྟར་དགོས་པ་ཡིན་ཏེ། ཐོག་མར་མི་སུ་ཞིག་ཡིན་རུང་རང་ལ་སྡང་བ་དང་གནོད་པའི་གྲོགས་མེད་པར་བྱས་ནས་རང་གི་ལུས་འདི་གཅིག་པུ་དབེན་པར་གནས། གྲོགས་དང་གཉེན་ཉེ་དུ་རྣམས་དོར་བས་ཤི་བའི་སྔ་ནས་ཀྱང་ཤི་བ་དང་འདྲ་བར་བརྩིས་ཏེ། ལུས་སེམས་སོ་སོར་ཕྲལ་ནས་ལུས་སྦྱིན་གཏོང་བ་སོགས་ཀྱི་སྒོམ་ཉམས་སུ་བླངས་ན། ལུས་འདི་ལ་ཆགས་པ་དང་བྲལ་ཞིང་ཤི་ནའང་མྱ་ངན་བྱེད་པ་མེད་པ་ནི་སྤྱོད་འཇུག་ལས། ལུས་འདི་གཅིག་པུ་དབེན་གནས་ཏེ། །སྔ་ནས་ཤི་དང་འདྲར་བརྩིས་ནས། །ཤི་ནའང་མྱ་ངན་བྱེད་པ་མེད། །30ཅེས་གསུངས་པ་ལྟར་ཡིན། ཕུང་པོ་གཟན་བསྐྱུར་གྱི་གདམས་པ་ཐོག་མར་ཤི་བའི་བེམ་པོ་དེ་ལ་སྦྱོར་རྒྱུ་མ་ཡིན་པར་སེམས་ཅན་གང་ཞིག་མ་ཤི་བའི་སྔོན་དུ་ཤི་བ་དང་འདྲ་བར་བརྩིས་ཏེ་སྒོམ་ཚུལ་འདི་མ་ཅིག་ལབ་སྒྲོན་གྱིས་ཐབས་མཁས་ཀྱིས་དར་སྤེལ་བཏང་། དེ་ལྟ་བུའི་སྒོམ་མཐའ་འཁྱོལ་བ་ཞིག་བྱུང་ན་བྱ་གཏོར་གཏོང་བ་ལ་གེགས་ཅི་ཡང་མེད་ཅིང་རང་བཞིན་གྱིས་དར་ངེས་པས་ཐོག་མར་སྒོམ་ཚུལ་བསྟན་པའོ།
དང་ཐོག་ཉམས་ལེན་གྱི་རྩ་བ་ཕུང་པོ་མཆོད་སྦྱིན་གྱི་སྒོམ་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། རིམ་པ་བདུན་བསྟན་པ་ལས། དང་པོ་སེམས་བསྐྱེད་ནས་མགྲོན་སྡུད་པ་དེ་ཡིན་ཞིང་། སེམས་བསྐྱེད་པའི་ཡུལ་གཙོ་བོ་བརྒྱད་དེ། རང་ལ་སྡང་བའི་དགྲ(གཟུགས་ཅན་གྱི་མི་དང་གཟུགས་མེད་ཀྱི་ལྷ་འདྲེ་)གནོད་པའི་བགེགས། (ནད་དང་གདོན་)བར་ཆད་བྱེད་པའི་རྐྱེན་དང་བཅས་པའི་ཕྱིའི་གནོད་བྱེད་གསུམ་དང་། དེ་ནས་ལས་གདོན། (མ་རིག་པ། བདག་འཛིན།) ལུས་གདོན། གཉན་སའི་གདོན་དང་བཅས་པའི་ནང་གི་གནོད་བྱེད་གསུམ་དང་། དེའི་སྟེང་ཕ་དང་མ་བརྩིས་པས་བརྒྱད་པོ་གཙོ་བོར་བྱས་པའི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྤྱི་བྱེའི་སྡུག་བསྔལ་ལ་བསམས་ནས་དེ་དག་སྡུག་བསྔལ་ལས་ཐར་བའི་ཕྱིར་དུ་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་སྙམ་ནས་སེམས་བསྐྱེད། དེ་དག་རང་གི་མདུན་དུ་བསྡུས་པར་སྒོམ། གཉིས་པ་སྐྱབས་ཡུལ་བསྒོམ་ཞིང་ཚད་མེད་བཞི་ལ་བློ་སྦྱངས་ཤིང་། ཚོགས་ཞིང་སྤྱན་འདྲེན་རྒྱུ་དེ་ཡིན་ཞིང་། དེ་ནི་རང་གི་དཔྲལ་བའི་ཐད་དུ་མཆོག་གསུམ་བཞུགས་པར་བསམས་ནས་རང་དང་འཁོར་གྱི་མགྲོན་ཐམས་ཅད་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང་། ཕན་ཐོགས་འདོད་ཀྱི་བསམ་པ་རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་སྒོམ། དེ་ནས་ཚད་མེད་བཞི་ལ་སོགས་པ་བསྒོམས་ཏེ་ཚོགས་ཞིང་སྤྱན་དྲངས་ནས་དེ་དག་གི་ཐུགས་ལས་འཕྲོས་པའི་འོད་ཟེར་གྱིས་རང་དང་མགྲོན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་པར་བསམ། གསུམ་པ་ནི་ཡན་ལག་བརྒྱད་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་དེ་ཡིན་ཞིང་། དེ་ནི་ཕྱོགས་བཅུ་སངས་རྒྱས་རྣམས་ཀྱི་བཀའ་དྲིན་གྱིས་སྡིག་སྒྲིབ་བབ་ཆགས་དང་བཅས་པ་དག་པར་བསམས་ནས་ཕྱག་འཚལ་ཞིང་མཆོད་པ་འབུལ་བའོ། བཞི་པ་ནི་ལུས་སེམས་ཕྲལ་ཞིང་མཎྜལ་འབུལ་བ་དེ་ཡིན་ཞིང་། དེ་ནི་ལུས་སེམས་སོ་སོར་ཕྲལ་ནས་ལུས་ལ་མཎྜལ་བསྐྱེད་དེ་བླ་མ་དང་དཀོན་མཆོག་གསུམ་དང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པ་ལ་འབུལ་བར་བྱེད་པའོ། །མཎྜལ་དུ་བསྐྱེད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། ཁྲག་ནི་སྤོས་ཆུའི་རྒྱ་མཚོར་གྱུར། ས་གཞི་ལ་ཆག་ཆག་བཏབ། སེན་མཛུབ་ལྕགས་རི་དང་ཡན་ལག་གླིང་བཞི་དང་། སྙིང་ལག་བརྒྱད་གླིང་ཕྲན་བརྒྱད། དེའི་དབུས་སུ་ཁོག་ཟོམ་དེ་རི་བོ་མཆོག་རབ། མགོ་དེ་རྣམ་པར་རྒྱལ་བའི་ཁང་བཟང་། མིག གཡས་གཡོན་ཟླ་བ་དང་ཉི་མ། སོ་རྣམས་རྒྱུ་སྐར། གློ་བ་རྟ་མཆོག སྙིང་ཡིད་བཞིན་གྱི་ནོར་བུ། རྒྱུ་མ་དཀར་ནག་གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན། ནང་ཁྲོལ་རྣམས་རྒྱལ་སྲིད་སྣ་བདུན། རྩ་རྒྱུས་རྣམས་བཀྲ་ཤིས་རྫས་བརྒྱད། རྣམ་ཤེས་ཚོགས་བརྒྱད་འདོད་ཡོན་གྱི་ལྷ་མོ། མཁྲིས་པ་བཟང་བའི་སྨན་མཆོག སྐྲ་དང་བ་སྤུ་ཐམས་ཅད་མ་རྨོས་པའི་ལོ་ཏོག་དང་གུར་གུམ་གྱི་ནགས་ཚལ། རྣ་བ་གདུགས་དང་རྒྱལ་མཚན་དུ་བསམས་ནས་འབུལ་བའོ། །ལྔ་པ་གསོལ་བ་བཏབ་ཅིང་བྱིན་རླབས་ཞུ་བ་དེ་ཡིན་ཞིང་། དེ་ནི་རང་གི་འདོད་དོན་རྣམས་གསོལ་བ་བཏབ་སྟེ། མཁའ་འགྲོའི་ཚོགས་དང་བཅས་པ་བྱོན་ནས་བྱིན་རླབས་གནང་བར་བསམ་པ་དེའོ། དྲུག་པ་ལུས་མཆོད་པར་འབུལ་ཞིང་སྦྱིན་པ་གཏོང་བ་སྟེ། དེ་ནི་ལུས་འདོད་ཡོན་ལྔར་བསྒྱུར་ནས་བླ་མ་དང་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་བཅས་ལ་འབུལ་ཚུལ་ཞིག་དང་། རང་གི་ལན་ཆགས་ཀྱི་མགྲོན་རྣམས་ལ་ལན་ཆགས་འཇལ་ཚུལ་ཞིག་དང་། དེ་ནས་རིན་པོ་ཆེའི་སྣོད་ཁ་དོག་དཀར་པོ་ཤེལ་ལྟར་གསལ་བའི་ཟངས་ཐལ་ཆེན་པོ་ཞིག་གི་ནང་དུ་རང་གི་ལུས་འོད་དུ་ཞུ་བ་ལས་གྲུབ་པའི་བདུད་རྩི་རོ་བརྒྱ་དང་ལྡན་པ། འདོད་པའི་བདེ་བ་སྟེར་ཞིང་སྡུག་བསྔལ་ཐམས་ཅད་སེལ་བར་ནུས་པའི་སྨན་མཆོག་ལྟ་བུར་བསམས་ཏེ་རིགས་དྲུག་ལ་སྦྱིན་པ་བཏང་བས་རིགས་དྲུག་གི་གནས་སྟོང་བར་བྱེད་པ་ཞིག་དང་། དེ་ནས་གཞི་བདག་རྣམས་ལ་ཀླད་པ་དང་གཞུང་བ་ཚལ་བུ་རྣམས་དཀར་གསུམ་སྟེ་ཞོ་དང་འོ་མ་དང་མར། ཁྲག་དང་རྣག་དང་ཆུ་སེར་རྣམས་མངར་གསུམ་སྟེ་ཀ་ར་དང་བུ་རམ་དང་སྦྲང་རྩི། རྐང་སྦུབས་སུ་ཡོད་པའི་རྐང་མར་རྣམས་ག་བུར་དང་གུར་གུམ། པགས་པ་དང་ཀླད་སྲི། མཆིན་དྲི་གསུམ་ནི་དར་དང་གོས། ཐུལ་བ་ལ་སོགས་པ། སྙིང་ཡིད་བཞིན་གྱི་ནོར་བུ། མཁལ་མ་གཉིས་ནི་གསེར་དང་དངུལ། བེེཌཱུརྱ་དང་མུ་ཏིག བྱི་རུ། ཤ་ཐམས་ཅད་ནས་དང་འབྲས། སྒལ་ཚིགས་ཉེར་བཞི་ནི་གཙོད་ལ་སོགས་པའི་རི་དྭགས་སྣ་ཚོགས། རྩིབ་མ་བཅོ་བརྒྱད་མདའ་འཕང་དང་། སྲོག་རྩ་དང་རྒྱང་བུ། རྒྱུ་མ་དཀར་ནག་བལ་ཚོན་སྣ་ཚོགས། སེན་མོ་བྱ་རིགས་སྣ་ཚོགས། འཚེར་བ་བ་དང་གླང་། གློ་བ་རྟ། མཆིན་པ་གླང་པོ་ཆེ། ཚིགས་ཆེན་བརྒྱད་དང་རྐང་མགོ ལག་མགོའི་རུས་པ། རྐེ། མན་མཁལ་དང་བྲང་འཛུམ་སོགས་ནི་ཁྲབ་ལ་སོགས་པའི་གོ་མཚོན་སྣ་ཚོགས། མགོ་བོ་དུང་ཕོར། ཕོ་བ་དང་ལོང་ག ལྒང་བུ་གསུམ་ཁང་ཁྱིམ་མཛོད་ཁང་ལ་སོགས་པ། བྱང་སེམས་དཀར་ནག་དང་དྲི་ཆེན། དྲི་ཆུང་། མཁྲིས་པ་ལྔ་ནི་འཆི་མེད་ཀྱི་བདུད་རྩི་ལྔ་སྟེ་ཞོ་དང་འོ་མ། མར་དང་ཀ་ར། བུ་རམ། མིག་ལ་སོགས་པའི་དབང་པོ་ལྔ་ནི་མེ་ཏོག་སྣ་ཚོགས། སྐྲ་དང་བ་སྤུ་ཐམས་ཅད་ཤིང་གི་སྡོང་པོ་ལ་སོགས་པར་བསམས་ནས་འབུལ་ཚུལ་ཞིག་དང་། ཀླུ་ལའང་ཀླུའི་ཁམས་དང་མཐུན་པའི་སྒོ་ནས་རུས་ཐམས་ཅད་སྨན་བཟང་པོའི་རང་བཞིན་དང་། ཁྲག་ཐམས་ཅད་འོ་མའི་རང་བཞིན་ཏེ། མ་ཧེ་སྟོང་གི་འོ་མ་ལས་བསྡུས་པ་ལྟ་བུའི་བཅུད་དང་ལྡན་པར་བསམ་པའི་འོ་མ་དང་། བཟང་པོའི་སྨན་དང་། འཆི་མེད་བདུད་རྩི་གསུམ་གཅིག་ཏུ་འདྲེས་པ་ལས་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་། རྫིང་བུ་དང་། ལྟེང་ཀ་ལ་སོགས་པའི་ཆུའི་དབྱིབས་དུ་མ་བྱུང་བར་སྒོམ། དེ་བཞིན་དུ་རྒྱུ་མ་དཀར་ནག་ནི་རོལ་བའི་མཚོ་བདུན་དང་། པགས་པ་རིམ་པ་བདུན་ནི་གསེར་གྱི་རི་བདུན། ཕོ་བ་དང་། ལོང་ག་དང་། ལྒང་བ་གསུམ་ནི་ཁང་བཟང་དང་བང་མཛོད་རྣམས་སུ་བསམས་ནས་འབུལ་ཚུལ་ཞིག་དང་། ཡང་རང་ཉིད་སྐད་ཅིག་གིས་ཁྲོས་མ་མཐིང་ནག་ཏུ་འགྱུར་བར་བསམས་ནས། སྐུ་སྟོད་ལ་མི་ལྤགས་ཀྱི་གཡང་གཞི་ཁྲག་འཛག་པ་མནབས་པ། སྐུ་སྨད་ལ་སྟག་ལྤགས་གྱོན་པས་དཀྲིས་པ། སྦྲུལ་ནག་པོས་སྐེ་རགས་བྱས་པ། ཁ་གདངས་ནས་མཆེ་བ་གཙིགས་པ། སྐྲ་དང་སྨིན་མ་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ། མི་ལྤགས་བརྡབས་པས་ལྷ་འདྲེ་གདུག་པ་ཅན་རྣམས་འདར་ཞུམ་ཞུམ་བྱེད་པར་བསམས་ནས་འཁོར་གྱི་མཁའ་འགྲོ་འབུམ་སྡེ་རྣམས་ཀྱིས་རོ་དེ་གསེ་གཏུབ་བྱས་ནས་ལྷ་འདྲེ་འཇིགས་སུ་རུང་བ་རྣམས་ལ་འབུལ་ཚུལ་ཞིག་དང་བཅས་ནང་གསེས་དུ་མ་ཡོད་དོ། བདུན་པ་ནི་བསྔོ་བ་སྨོན་ལམ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསྔོ་བ་དང་དེ་ལ་བརྟེན་ནས་འགྲོ་བ་རིགས་དྲུག་གི་སྡིག་སྒྲིབ་རྣམས་དག་པར་བསམས་པའོ། ཞིབ་ཏུ་ལབ་སྒྲོན་གྱིས་གསུངས་པའི་ཕུང་པོ་གཟན་བསྐྱུར་གྱི་གདམས་པར་གསལ་31བས་འདིར་མང་དུ་དོགས་ནས་མ་སྤྲོས་ལ། ཕྱིས་སུ་རང་རང་གི་གྲུབ་མཐའི་ཕྱག་ལེན་གྱིས་ལྟ་བ་སྒོམ་ཚུལ་ཅི་རིགས་སྣང་བས་འདི་ཙམ་གྱིས་འཐུས་པར་བྱས།
གཉིས། བྱ་གཏོར་གྱི་ཆོ་ག་ཇི་ལྟར་གདབ་ཚུལ།
ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རིང་ནས་རི་ཁྲོད་རྟག་ཏུ་བྱེད་པ་ལ་ཕུང་པོ་མཆོད་སྦྱིན་བྱེད་པ་གལ་ཆེ་32བའི་ཕུང་པོ་གཟན་བསྐྱུར་གྱི་གདམས་པ་དར་ཞིང་། གདམས་པ་དེ་ཉིད་བསྒོམས་ཏེ་གོམས་ན། བདག་འཛིན་འཇོམས་པ་ལ་ནུས་པ་ཆེན་པོ་ཐོན་གྱི་ཡོད་ཚུལ་རྗེ་བཙུན་མི་ལས་ཀྱང་། ཕུང་བོ་གཟན་དུ་བསྐྱུར་བ་འདི། །བདག་འཛིན་འདུལ་བའི་ལམ་མཁན་ཡིན། །33ཞེས་ཕྱིས་སུ་ཐག་བཅད་དེ་གསུངས་ཡོད། རིམ་གྱིས་གཅོད་34ཀྱི་གདམས་པ་འདི་གྲུབ་མཐའ་རིས་མེད་ལ་དར་35བས་གདམས་པ་འདི་ལ་བརྟེན་ནས་ཉམས་ལེན་དང་གཞུང་ཡང་མང་དུ་བརྩམས། ཕུང་པོ་གཟན་བསྐྱུར་གྱི་གདམས་པ་དངོས་སུ་སྒོམ་མཁན་ཞིག་ཡིན་ཚེ། ཤི་བའི་སྐབས་ཕལ་ཆེ་བས་ཁ་ཆེམས་ཀྱང་བྱ་ལ་གཏོར་དགོས་པར་བཤད་པ་དང་། གཞན་གྱིས་བྱ་ལ་གཏོར་བ་བཅས་གང་རུང་བྱུང་ཡོད་ཅིང་། སྐབས་དེ་དག་ཏུ་ཆོ་ག་ནི་ཕ་དམ་པ་ནས་བརྒྱུད་པའི་སྒོམ་ཚུལ་ལྟར། བླ་མ་དང་གྲྭ་བ་གང་རུང་ཞིག་གདན་དྲངས་ཏེ། བེམ་པོ་དེ་ཉིད་གོང་ལྟར་མཆོད་པའམ་སྦྱིན་པ་བཏང་སྟེ་བྱ་ལ་གཏོར་བ་སོགས་ཡུལ་དུས་སམ་གྲུབ་མཐའ་རང་རང་གི་ལུགས་ཀྱིས་སྣ་ཚོགས་བྱུང་ཡོད་ཚོད་འདུག བེམ་པོ་དེ་ལ་ས་གནས་སོ་སོར་བརྗོད་སྲོལ་མི་འདྲ་བ་བྱུང་ཡོད་དེ། “གཟིར་” དང་“བུར་” “བེམ་པོ”སོགས་སུ་བརྗོད་ཅིང་། གཟིར་ནི་རང་གི་གདགས་གཞིའི་ལུས་ཕུང་ལས་རྣམ་ཤེས་ཕར་གཟིར་བའམ་སོང་བ། ཁ་བྲལ་བའི་དོན་དང་། བུར་ནི་སྔོན་གྱི་བརྡ་རྙིང་སྤུར་རམ་པུར་ལས་སྒྲ་འགྱུར་བ་དང་། བེམ་པོ་ནི་སྲོག་དང་ལྡན་པའི་སེམས་ཅན་དེའི་སྲོག་འགགས་ཟིན་པ་ལ་བྱ་བ་ཅི་རིགས་སྣང་ནའང་། ཐོག་མའི་དུས་སུ་བོད་ཀྱིས་རོ་ལ་འཛིན་པའི་ལྟ་སྟངས་ཤིག་མངོན་བཞིན་ཡོད་དམ་སྙམ། གང་ལྟར་ཤི་བའི་བེམ་པོ་དེ་འཇོག་སྐབས་ཕོ་མོ་གང་ཡིན་རུང་མགོ་བོ་ཤར་དུ་བསྟན་ཞིང་གློ་བ་གཡས་ས་ལ་ཕབ། ལག་པ་གཡས་ཀྱིས་འགྲམ་པ་སྐྱོར་བ་དང་། གཡོན་པ་བརླ་ཐོག་ཏུ་བཞག འདི་ནི་སེང་གེ་འགྱིང་སྟབས་དང་འདྲ་བས་ནང་ཆོས་ཀྱི་ཤན་ཞུགས་ཨེ་ཡིན་སྙམ། ཉིན་གྲངས་ཆེས་མང་ན་ཉིན་བདུན་ལས་མི་བརྒལ་བར་ཁྱིམ་དུ་བཞག སྐབས་དེ་དག་ཏུ་མཆོད་མེ་དང་ཁྲུས་ཆོག་ཅི་རིགས་བྱེད། རོ་ལས་བྱེད་སྐབས་མགོ་བོ་པུས་མོའི་སྟེང་དུ་བསྡམས་ཤིང་། ལག་ཟུང་ཐལ་མོ་སྦྱར་བའི་གཟུགས་སུ་བྱས་ནས་མགོ་བོར་སྦྱར། ཨ་མདོ་མཚོ་སྔོན་མང་རའི་ཕྱོགས་སུ་བེམ་པོ་དེ་ཕོ་ཡིན་ན་མདུད་པ་མདུད་སྟངས་གཡས་ནས་གཡོན་དུ་བསྐོར་ཏེ་སྣེ་མདུད་གཡས་ཕྱོགས་དང་། མོ་ཡིན་ན་གཡོན་ཕྱོགས་ནས་གཡས་སུ་བསྐོར་ཏེ་སྣེ་མདུད་གཡོན་ཕྱོགས་སུ་འཇོག་པར་བཤད་ལ། དེ་དུས་རྩ་ཁ་བསྡམས་ནས་རས་དཀར་པོ་དང་སྣམ་བུས་སྤྱིལ། སྐར་མ་འབུད་པའི་36སྐབས་སུ་དུར་ཁྲོད་ཐག་རིང་པོར་འཁྱེར་དགོས་པ་ཡིན་ན། རོ་འཁྱེར་མི་ཐམས་ཅད་ལ་སྲུང་སྐུད་འདོགས་ཚུལ་སྔོན་གྱི་རོ་སྲེག་ཆོ་གར་37བྱུང་ཡང་། འདི་དག་རོ་སྲེག་དང་བྱ་གཏོར་ཆོ་གའི་ཐུན་མོང་གི་ཆོས་ཤིག་ཡིན་པས་བྱ་གཏོར་ཆོ་གའི་སྐབས་སུའང་དེ་འདྲ་ཡོད་པར་བཤད་པས། ཡུལ་ཕྱོགས་ཀྱི་དབང་གིས་སྲོལ་ལུགས་མི་འདྲ་བ་སྣང་། རྨ་ཆུ་ལྷོ་རྒྱུད་ཀྱི་ས་ཆ་ལ་ལར་བེམ་པོ་འཁྱེར་སྐབས་བྲལ་ཞུ་38ཞེས་པ་ཞིག་ཀྱང་ཡོད། ཨ་མདོ་རེབ་གོང་རྒྱལ་པོའི་ཕྱོགས་ཀྱི་ས་ཆར་གཡག་གི་གཡས་གཡོན་དུ་ས་བཀལ་ཏེ་སྒ་བར་དུ་འཇོག་པའི་སྲོལ་ཞིག་དང་། མང་རའི་ཕྱོགས་སུ་གཡག་གི་གཡས་སུ་ས་བཀལ་ཏེ་བེམ་པོ་གཡོན་ཕྱོགས་སུ་འཇོག་པའི་སྲོལ་ཞིག་དང་། ས་ཆ་ལ་ལར་ཤིང་གི་སྒྲོམ་བརྒྱབ་སྟེ་ཁྱེར་བའི་སྲོལ་སོགས་དུ་མ་མཆིས། དུར་ཁྲོད་དུ་སླེབས་རྗེས་ཐོག་མར་གསུར་ཕུལ། དེ་ནས་ཕོ་ཡིན་ན་གཡས་ཕྱོགས་དང་མོ་ཡིན་ན་གཡོན་ཕྱོགས་སུ་འཇོག འདི་ལ་རང་གི་རྨོངས་བློར་ཤར་ཚོད་ལྟར་ན། དེས་ཕོ་མོའི་ཐོབ་ཐང་ཞིག་མངོན་བཞིན་ཡོད་དམ་སྙམ། ཨ་མདོ་ཀླུ་ཆུའི་ཡུལ་གྲུ་འགར་བེམ་པོ་སར་མ་ཕབ་པའི་སྔོན་དུ་མི་གཅིག་གིས་བེམ་པོ་པང་དུ་བཟུང་ནས་གདོང་གནམ་མཁར་བསྟན་ཞིང་། གཅིག་གིས་གྲིས་ཐག་པ་རྣམས་བཅད་དེ་མགོ་དཀྲིས་བླངས་རྗེས་གཞི་ནས་སར་ཕབ་པ་དང་། ལ་ལར་གཡས་གཡོན་དང་ཡང་ན་ཕྱོགས་གང་ཞིག་གི་རི་དབྱིབས་མཛེས་པ་ཞིག་ལ་བེམ་པོའི་གདོང་བསྟན་ཏེ་སར་འཇོག་པའི་སྲོལ་ལུགས་39ཀྱང་སྣ་ཚོགས་སུ་སྣང་ཡང་། རྒྱུ་མཚན་ཅི་ཡིན་ཆ་མི་འཚལ་ལོ། དེ་ནས་ཅང་མ་འགོར་བར་གསུར་གྱི་དྲི་ལ་བརྟེན་ནས་བྱ་འཁོར་བ་ཡིན། བེམ་པོ་དངོས་སུ་བྱ་གཏོར་བྱེད་སྐབས་བོད་ཀྱི་ཡུལ་ལུང་སོགས་འདྲ་མིན་ལ་བརྟེན་ནས་བྱེད་སྟངས་ཀྱང་ཅུང་ཟད་མི་འདྲ་བ་ཡོད། དེ་ལྟར་བེམ་པོ་བྱ་ལ་སྦྱིན་མ་ཐག བེམ་པོ་རེ་ལ་ལྷ་བྱ་རེ་ཡོད་པར་གྲགས་པས་ལྷ་བྱ་དེ་གལ་ཏེ་མ་སླེབས་ན་བྱ་གཞན་ཐམས་ཅད་ཀྱིས་མི་ཟ་བར་སྒུག་པ་དང་། དེའི་སྟབས་ཀྱིས་རོ་ལས་བྱེད་མཁན་རྣམས་ཀྱིས་དེ་རིང་གི་ལྷ་བྱ་མདོག་ནག་པོ་དང་སྐེ་དཀར་པོ་ཞིག་རེད་ཅེས་བཤད་རྒྱུན་ཡོད་དོ།
སྤྱིར་བཏང་རོ་ལས་བྱེད་མཁན་གྱི་མི་ནི་གསུམ་མམ་ལྔ་སྟེ་ཡ་ལས་ཆ་མི་འདུག་པ་དང་ཕྱིར་ལོག་སྐབས་ཁྱིམ་དེའི་ཤ་ཉེ་འགའ་ཡིས་སྒོ་ཁར་རྡེའུ་དཀར་ནག་གི་ཆུ་བཟུང་བ་དེས་ལག་པ་བཀྲུས་ཤིང་། བདུག་རྫས་བདུག་རྗེས་ཁྱིམ་དུ་འཛུལ། ཁྱིམ་དེས་ཟ་མ་སོགས་ཀྱང་ལེགས་པར་བསྒྲིགས་ཏེ་རོ་ལས་པ་མི་གསུམ་ཡིན་ན་དཀར་ཡོལ་བཞི་དང་རོ་ལས་པ་མི་ལྔ་ཡིན་ན་དཀར་ཡོལ་དྲུག་འཇོག་པ། དེ་ནི་རྣམ་ཤེས་ཀྱང་དུར་ཁྲོད་ནས་ཚུར་ཡུལ་དུ་ལོག་སྟེ། ཁྱིམ་མི་དང་ཤ་ཉེ་གང་ཞིག་གི་ཁྱིམ་དུ་སྐྱེ་བ་ལེན་པའི་རེ་ལྟོས་བྱེད་པ་ཞིག་ཡིན་ནམ་སྙམ། དེ་ཡང་ཡིན་ཏེ། བེམ་པོ་དུར་ཁྲོད་དུ་འཁྱེར་བའི་རྗེས་སུ། དེའི་ཤུལ་དུ་ཐོང་ལྕགས་ཤིག་དང་ཡུལ་གྲུ་ལ་ལར་གཏེར་ཞིག་འཇོག་པ་ནི་ཕྱིར་མི་ཡི་ལུས་རྟེན་རྙེད་དེ་སོ་ནམ་གྱི་སྐལ་བ་ལྡན་པའི་རྟེན་འབྲེལ་དུ་སྣང་བ་གདོན་མི་ཟའོ།
གསུམ། བྱ་གཏོར་ཕྱག་ལེན་གྱི་དོགས་དཔྱོད།
བོད་དང་རྒྱའི་ཡིག་ཆར་འབྱུང་བའི་བྱ་གཏོར་ཕྱག་ལེན་སྐོར་གྱི་དོགས་དཔྱོད་རགས་ཙམ་ཞིག་བཀོད་ཟིན་ནའང་། འདིར་དབྱིན་ཇི་དང་ཉི་ཧོང་གི་ཡིག་རིགས་སུ་བརྩམས་པ་དང་འགྱུར་མ་ཁག་གཅིག་ཏུ་བཀོད་པའི་བོད་ཀྱི་བྱ་གཏོར་ཕྱག་ལེན་གྱི་བཤད་སྒྲོས་འགའ་ལ་དཔྱད་པར་བྱ་སྟེ། དེ་སྔ་སོག་པོའི་ཇིང་གིར་རྒྱལ་པོ་འདས་རྗེས། དེའི་བུ་ཆེ་བ་ཇོན་ཆི་སྟེ་(བསྒྱུར་ན་མགྲོན་པོའི་དོན་དུ་བཤད་)རྒྱའི་ཡིག་ཚང་དུ་ཧྲུའུ་ཁྲི་(术赤)རུ་གྲགས་པ་དེ་ཉིད་ཀྱི་བུ་ཐ་ཆུང་པ་ཐོའུ་(拔都)ཡིས་སྤྱི་ལོ་1236ལོར་ཡོ་རུབ་གླིང་ལ་དཔུང་འཇུག་བྱེད་འགོ་བརྩམས་ཤིང་། སྤྱི་ལོ་1242ལོའི་ཟླ་གསུམ་པར་ཤུང་ཡ་ལིས་རྒྱལ་ཁབ་ལ་དཔུང་འཇུག་བྱེད་པའི་སྐབས་སུ་ཨོ་གོ་དེ་རྒྱལ་པོ་གཤེགས་ཏེ། རང་ཡུལ་དུ་ལོག་དགོས་པའི་བཀའ་འབྱོར་བའི་རྐྱེན་གྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་དག་རྣམས་ཉེན་ཁ་ལས་ཐར་ཐུབ་ཙམ་བྱུང་། དེའི་སྟབས་ཀྱིས་གནས་སྐབས་རིང་ཡོ་རོབ་གླིང་གི་རྒྱལ་ཁབ་རྣམས་བློ་བདེ་བར་གྱུར། སྐབས་དེའི་ལོ་མ་ཆོས་ཀྱི་རྒྱལ་པོའི་ཁྲི་ལ་བཞུགས་པའི་ཡུན་ནའོ་ཟེན་ཐོ་སྐུ་ཕྲེང་བཞི་པས་(སྤྱི་ལོ་1243-1254)ཡེ་ཤུའི་ཆོས་ལུགས་ལ་བཙན་གནོན་མི་བྱེད་པའི་ཞུ་བ་དང་། སོག་པོའི་མི་ཐམས་ཅད་ཡེ་ཤུའི་ཆོས་ལུགས་སུ་བསྒྱུར་བའི་ཆེད་དུ་ཆོས་སྤེལ་མཁན་ཕུ་ལ་ནོ་ཁ་རུ་ཕེ་ཉིས་(1182-1252)ཟེར་བ་མངགས། དེས་བྲིས་པའི་《མོང་གོལ་གྱི་ལོ་རྒྱུས་》སམ་《ཡུལ་སྐོར་ཟིན་ཐོ་》རུ་གྲགས་པའི་ནང་དུ། མོང་གོལ་གྱི་དམག་དཔུང་ཕྱིར་ལོག་པའི་ལམ་བར་དུ་པོད་ལིས་ཐ་བེ་ཐོ་(ཐུ་བོད་)ས་ཆར་འབྱོར་ཏེ་འདི་དང་འཁྲུགས་ཤིང་། བོད་རྣམས་འཇོམས་པར་གྱུར།……སུ་ཞིག་གི་ཕ་ཚེ་ལས་འདས་ཚེ། ཁྱིམ་མི་རྣམས་འདུས་ཏེ་བེམ་པོ་ཟ་བར་བྱེད། འདི་ནི་ང་ཚོས་དངོས་སུ་གོ་ཐོས་བྱུང་40ཞེས་བཀོད་ཡོད་པ་དང་། ཧྥ་རན་སིའི་མི་སྟེ། ཡེ་ཤུའི་ཆོས་ལུགས་པའི་གྲུབ་མཐའ་འཛིན་པ་རོ་ཧུ་རོ་ཁུ་བེ་ཡུས་ལིས་ཨ་མོ་(1220-1293)ཡིས་ཧྥ་རན་སིའི་རྒྱལ་པོ་རོའུ་ཡུས་སྐུ་ཕྲེང་དགུ་པ་དང་ཡུན་ནའོ་ཟེན་ཐོ་སྐུ་ཕྲེང་བཞི་པའི་ཕྱག་བྲིས་བསྣམས་ཏེ་ཡེ་ཤུའི་ཆོས་ལུགས་སྤེལ་བའི་ཕྱིར་དང་། ཡོ་རོབ་གླིང་ལ་མཐའ་འབྲས་ལེགས་པོ་འབྱུང་བའི་ཕྱིར་དུ་ཀྲུང་གོར་སླེབས། དེས་རོའུ་ཡུས་སྐུ་ཕྲེང་དགུ་པ་ལ་ཕུལ་བའི་སྙན་ཞུའམ་རོ་ཧུ་རོ་ཁུའི་ཡུལ་སྐོར་ཟིན་ཐོའི་ནང་དུ། ཐང་སྒུའུ་ཐོ་མི་རྣམས་ཀྱི་ཕ་རོལ་དུ་གནས་པ་ནི་ཐུ་བེ་ཁུའུ་(ཐུ་བོད་)ཡིན་ཞིང་། སྔོན་ཆད་དེའི་མི་རྣམས་ཀྱིས་ཕ་མ་ཤི་བའི་ཚེ་དེའི་ཤ་ཟ་བའི་སྲོལ་ལུགས་ཤིག་ཆགས་ཤིང་། དེ་ནི་བུ་ལ་མཚོན་ན། དུངས་པའི་དབང་གིས་རང་ཉིད་ཀྱི་ཕོ་བ་མ་གཏོགས་ཕ་མའི་དུར་ས་མེད་པར་འདོད་པའི་འདུ་ཤེས་ཤིག་ཡིན་པའོ། གོམས་སྲོལ་དེ་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་མི་མང་ཆེ་བ་ཞེན་ལོག་པས་རྒྱུན་ཆད་ཀྱང་། ད་ལྟ་ཡིན་ནའང་། ཕ་མའི་ཀླད་རུས་ཀྱིས་བཟོས་པའི་ཆང་ཕོར་ཤིན་ཏུ་མཛེས་པ་ཡོད། དེ་སྤྱད་དེ་སྤྲོ་སྣང་གིས་ཁེངས་བཞིན་ཆང་འཐུང་བའི་སྐབས་སུ་ཚེའི་དུས་སུ་གྱུར་པའི་ཕ་མ་མི་བརྗེད་པའོ། དེ་དག་ནི་ཐུ་བེ་ཁུའུ་མི་ལ་ཐུག་སྟེ་དངོས་སུ་ཐོས་41ཞེས་བཀོད་ཡོད་པ་དང་། དེའི་ཕྱིས་སུ་བོད་དུ་འབྱོར་བ་ནི་ཝེ་ཉིས་ཟི་(威尼斯)ཚོང་པ་མ་ཁུ་སྤོ་ལོ་(1234-1324)ཞེས་པ་དེ་ཡིན་ཞིང་། ཁོང་ནི་སྤྱི་ལོ་1274ལོའི་དབྱར་ཁར་ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཧུའུ་པེ་ལེའི་བཞུགས་ས་ཧྲང་ཏུའུ་(上都)སྟེ་ད་ལྟའི་པེ་ཅིན་དུ་འབྱོར། ཕལ་ཆེར་ལོ་ངོ་བཅུ་བདུན་ལྷག་གི་རིང་ལ་ཧུའུ་པེ་ལེ་ལ་ཞབས་ཏོག་བསྒྲུབས་ཤིང་། སྐབས་འགར་བོད་དུའང་ཡོང་མྱོང་བས་ཁོང་གིས་བརྩམས་པའི་《འཛམ་གླིང་རྒྱས་བཤད་》དམ་《ཤར་ཕྱོགས་ཀྱི་མཐོང་ཐོས་ཉིན་ཐོ་》ཞེས་པའི་ནང་བོད་ཀྱི་བུ་མོ་རྣམས་ཀྱི་གཉེན་སྒྲིག་སྤྱོད་ལམ་དང་བུད་མེད་རྣམས་བྱུ་རུའི་རྒྱན་ཆ་ལ་དགའ་བ་དང་། བོད་དུ་གཡག་དང་ཁྱི་ཆེན་པོ་ཡོད་ཚུལ་སོགས་འཁོད་པ་མ་གཏོགས་བྱ་གཏོར་གྱི་སྐོར་འཁོད་མེད། དེའི་རྗེས་སུ་ཨོ་དོ་ལིས་ཁོ་(1286-1331)ཟེར་བའི་གནམ་བདག་གི་ཆོས་སྤེལ་མཁན་ཞིག་སྤྱི་ལོ་1316ལོ་ནས་1330ལོའི་བར་ཤར་ཕྱོགས་རྒྱལ་ཁབ་མང་པོར་ལྟ་སྐོར་དུ་ཕྱིན་ཏེ། ཕྱིས་སུ་《ཤར་ཕྱོགས་ཡུལ་སྐོར་ཟིན་ཐོ་》ཞེས་པ་ཞིག་བརྩམས་འདུག དེའི་ནང་དུ་ཐུ་བོད་ཅེས་པའི་ཡུལ་གྲུ་ཆེན་པོ་ཞིག་ཏུ་སླེབས། ཡུལ་གྲུ་འདི་ནི་རྒྱ་གར་གྱི་ས་མཚམས་དང་འབྲེལ་ཞིང་། སོག་པའི་ཁོངས་སུ་གཏོགས། དེར་གོ་རེ་དང་རྒུན་འབྲུམ་གྱི་ཆང་ནི་འཛམ་གླིང་གི་ཡུལ་གྲུ་གང་ལས་ཀྱང་མོད་པ། འབངས་བྱིངས་ཀྱི་སྡོད་གནས་ནི་རྩིད་པས་བཀལ་བའི་སྦྲ་གུར་དུ་སྣང་ནའང་། དབུས་ཀྱི་ལྟེ་བ་ནི་མདོག་དཀར་ནག་ལས་གྲུབ་པའི་མཁར་ཡིན་ཞིང་།……གལ་ཏེ་མི་སུ་ཞིག་གི་ཕ་ཚེ་ལས་འདས་པ་བྱུང་ཚེ། བུ་དེས་……དེར་འདས་མཆོད་སྒྲུབ་ཅིང་གྲྭ་པ་ལས་གཞན། རོལ་མོ་བ་དང་ཁྱིམ་མཚེས། ཤ་ཉེ་སོགས་ལ་འཚོ་བ་སྦྱར། དེ་ནས་ཁོ་ཚོ་ཤིན་ཏུ་སྤྲོ་བའི་ངང་བུ་དང་ལྷན་དུ་སྐར་མ་རྩིས། གནས་དེར་ཅོག་ཙེ་ཆེན་པོ་ཞིག་གྲ་སྒྲིག་བྱས་ཡོད་པའི་ཐོག་ཏུ་བེམ་པོ་བཞག་སྟེ། མགོ་བོ་བཅད་ནས་བུ་ལ་བྱིན། དེ་ནས་གྲོགས་པོ་རྣམས་དང་ལྷན་དུ་གླུ་ལེན་ཞིང་། ཚེ་འདས་ཕའི་ཆེད་དུ་སྨོན་ལམ་འདེབས། དེའི་འཕྲོར་བེམ་པོ་སིལ་བུར་བཏང་རྗེས། ཁོ་ཚོས་བུའི་ཕའི་ཆེད་དུ་སྨོན་ལམ་འདེབས་བཞིན་ཁྱིམ་དུ་ལོག་ངེས། དེ་ནས་བྱ་རྒོད་རྣམས་རིའི་སྟེང་ནས་བབས་ཏེ་ཤ་རྣམས་ཁྱེར་ཞིང་། དེའི་མཇུག་མཐུད་དེ་ཁོ་ཚོས་མཉམ་དུ་གཟིགས་དང་། ཁོ་རང་ཇི་འདྲའི་ལས་སྣང་དག་པ་ཞིག་རེད་ཨང་། ལྷ་བྱ་རྣམས་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་སུ་འཁྲིད་དོ་ཞེས་འུར་བརྒྱབ་……དེར་བུ་ཡིས་ཕའི་མགོ་བོ་ལག་ཏུ་བཟུང་མ་ཐག་ཟ་བར་བྱེད། བུ་ཡིས་ཕའི་ཀླད་རུས་ཀྱིས་ཆང་ཕོར་བཟོས་ཤིང་། ཆང་ཕོར་བཟུང་སྟེ་བུ་དང་བུའི་བར་དང་ཁྱིམ་མི་ཡོངས་ཀྱིས་རྗེས་དྲན་ཟོལ་མེད་ཀྱི་བསམ་བློ་བཟུང་ནས་ཆང་འཐུང་བར་བྱེད་42ཅེས་པ་སོགས་བཀོད་ཡོད་ཀྱང་། ཉི་ཧོང་གི་མཁས་པ་ཡ་མ་སྒུའུ་ཆིས་ཛུ་ཡུས་ཧའོ་ཡིས་བྱ་གཏོར་གྱི་གསལ་བཤད་འདི་རིགས་བདེན་དོན་མ་ཡིན་པར་གསུངས་པ་ནི་བདེན་པར་མཐོང་། དེ་དག་གནའ་ནས་བོད་ལ་འབྲེལ་འདྲིས་ཆེ་བའི་རྒྱའི་ཡིག་ཚང་མས་དུའང་མཐོང་རྒྱུ་མེད་ལ། ཕྱིས་སུ་ཡོང་བའི་ཡོ་རོབ་ཀྱི་མིས་བྲིས་པའི་སྙན་ཞུའི་ནང་དུའང་བཀོད་མེད་པས་གློ་བུར་གྱི་གོམས་སྲོལ་ཞིག་འབྱུང་ཐབས་མེད་པས་སོ། ཕལ་ཆེར་ཁོ་ཚོས་བེམ་པོ་བཏུབ་པ་མཐོང་རྗེས་ཟ་བ་རེད་སྙམ་ནས་བྲིས་པ་ནི་གོར་མ་ཆག ལྷག་པར་དུ་སྐབས་དེར་བོད་ལ་ཆོས་ཤིན་ཏུ་དར་བའི་སྐབས་ཡིན་ཏེ། ཨོ་དོ་ལིས་ཁོ་རང་གི་དཔེ་ཆ་དེའི་ནང་དུའང་གྲོང་ཁྱེར་ཆེན་པོ་འདིའི་མི་སུ་ཞིག་ཡིན་ཀྱང་མི་དང་སྲོག་ཆགས་མི་གསོད་ཅེས་བྲིས་ཡོད་པ་ལྟར་རོ། གོང་དུ་བཤད་པའི་མདོག་དཀར་ནག་གིས་གྲུབ་པའི་ཕོ་བྲང་ངམ་མཁར་དེ་ནི་ས་སྐྱ་ཡིན་ངེས་ཞེས་མཁས་པ་ཁ་ཅིག་གིས་འདོད་མོད། དོན་ལའང་དེ་ལྟར་གནས་པར་སེམས་ཏེ། པོ་ཏ་ལའི་ཕོ་བྲང་དཀར་པོ་ནི་སྤྱི་ལོ་1648ལོར་བཞེངས་ཤིང་། དེ་ནས་བརྩིས་པའི་བགྲང་བྱ་ཞེ་དྲུག་དང་ཞེ་བདུན་ལྷག་གི་རྗེས་ཕོ་བྲང་དམར་པོ་བཞེངས་པ་ཡིག་ཆ་དག་ལས་ཤེས་ནུས་སོ།43
གོང་དུ་བརྗོད་པ་ལྟར་མི་ཤ་ཟ་བའི་སྲོལ་ནི་ཉི་ཧོང་སོགས་རྒྱལ་ཁབ་ཀྱི་ཡུལ་གྲུ་ཁ་ཤས་སུ་བྱུང་ཡོད་ནའང་། བོད་ལ་དེ་འདྲ་རྩ་བ་ནས་བྱུང་མེད་ལ། ལྷག་པར་དུ་ཕའི་བེམ་པོ་བུས་ཟ་བ་ཞིག་ཡོད་ཐབས་མེད་ལ་ཆོས་ལུགས་དར་བའི་རྗེས་སུ་དེ་བས་ཀྱང་བོད་ལ་དར་ཐབས་མེད་དོ། དེ་ཡང་སངས་རྒྱས་ཆོས་ལུགས་ནང་སྤྱིར་ན་ཤ་ཟ་མི་ཆོག་པ་མེད་ནའང་། ཤའི་ནང་ནས་ཟ་མི་ཆོག་པ་ནི་མི་ཤ་ཟ་མཁན་གཅན་གཟན་གྱི་ཤ་དང་མི་ཤ་ཟ་མཁན་བྱ་ཡི་ཤ་ཟ་གི་མེད་44པས། མི་ཤ་ཟ་བ་ཕར་ཞོག ཐ་ན་མི་ཤ་ཟ་མཁན་གྱི་གཅན་གཟན་སོགས་ཀྱི་ཤའང་ཆེས་ཆེར་འཛེམས་ཤིང་དོགས་ན། མི་ཤ་ཟ་བ་ཞེས་པ་ནི་བོད་ཀྱི་རིག་གནས་མ་ཤེས་ཤིང་ཞིབ་འཇུག་ཞིབ་མོ་མ་བྱས་པ་ལས་བྱུང་བ་བསྙོན་དུ་མེད། ཡེ་ཤུ་བ་དེ་དག་གཅིག་རྗེས་གཅིག་གིས་འབྲངས་ཏེ་དེ་ལྟར་བཤད་པས་མེས་ཞེ་ཨར་•ཐེ་ལེས་ཀྱང་དེ་བདེན་པར་འདོད་དེ། ཁོང་གིས་བྲིས་པའི་《གསར་དུ་རྙེད་པའི་བོད་ལྗོངས་》ཞེས་པའི་ནང་། ནང་བསྟན་མ་དར་བའི་ཡར་སྔོན་དུ། བོད་ལ་མི་ཤ་ཟ་བའི་གོམས་སྲོལ་ཅིག་སྣང་བས། བོན་ཆོས་ཀྱི་ཆོ་གའི་ནང་ས་བོན་ཙམ་ལུས་ཡོད་ལ། བླ་མ་ཆོས་ལུགས་ཀྱི་ཆོ་གའི་ནང་དུའང་མཚོན་བྱེད་རང་བཞིན་གྱི་ཟུར་ཙམ་མ་ཉམས་པར་གནས་ཞེས་བྲིས་ཡོད་སྟབས་ཕྱི་རབས་པ་རྣམས་ལ་འདི་ལྟ་བུའི་ཤན་ཤུགས་ངན་པོ་ཐེབས་ཡོད། ཆོས་ལུགས་ཀྱི་ནང་དུ་བཀོལ་བའི་ཉེར་སྤྱད་དེ་དག་ནི་ཆོས་ཉམས་སུ་ལེན་པའི་གང་ཟག་རྣམས་ཀྱིས་འཆི་བ་མི་རྟག་པ་སོགས་བསྒོམ་པའི་ཕྱིར་ཡིན་པ་མ་གཏོགས། སྔོན་ནས་མི་ཤ་ཟས་ནས་དེའི་རུས་པ་བཟུང་བ་ནི་མིན་པ་ཆོ་གའི་གཞུང་རྣམས་ལས་ཤེས་ཐུབ། ཁ་ཅིག་གིས། ད་ལྟ་མ་བཟས་ན། སྔོན་ཆད་བཟས་མེད་པའི་སྒྲུབ་བྱེད་དུ་མི་འགྲོ་སྟེ། དཔེར་ན། སྔོན་ཆད་བོད་ཀྱིས་བང་སོ་བརྩིགས་པའི་སྐབས་སུ། རྟ་བརྒྱ་ལ་སོགས་པ་གུམ་པ་ཡིག་རྙིང་ལས་འབྱུང་བ་ལྟར་དེ་དུས་བོད་ཀྱིས་རྟ་ཤ་སོགས་ཟ་བ་བསྙོན་མི་ནུས་ཏེ། མཆོད་པ་སོགས་ནི་མིས་བཟའ་བ་དང་བཟའ་ཆ་ལས་མཆོག་ཏུ་གྱུར་བ་ཕུལ་བ་ལས་དངོས་པོ་གཞན་མི་འབུལ་བས་ཀྱང་རྟོགས་ནུས་པས། མི་ཤ་མི་ཟ་བ་ཡང་ད་ལྟའི་དངོས་ཡོད་ཀྱི་གནས་བབ་ལ་གཞིགས་ཏེ་ཚོད་དཔག་བྱེད་མི་ནུས་སོ་ཟེར་ཡང་། རིགས་པ་ལྟར་སྣང་འདི་དག་ཐོས་པ་ཙམ་གྱིས་བདེན་པར་སྣང་མོད། དཔྱད་པ་བཏང་ཚེ་དེ་ལྟར་མིན་ཏེ། གོང་དུ་བཤད་པ་ལྟར་མི་སུ་ཞིག་འདས་རྗེས་བླ་གནས་པར་བཤད་པས། དུར་མཆོད་ཀྱི་རྫས་སོགས་ནི་དེའི་བཞོན་པ་དང་རྒྱུ་ནོར་སོགས་སུ་བསམས་ནས་ཕུལ་བ་ལས་བཟའ་བྱའི་དངོས་པོ་ཕུལ་བ་མིན་པས། རྟ་ཤ་ཟ་བ་སོགས་ཀྱི་སྒྲུབ་བྱེད་དུ་མི་འགྲོ་ལ། མི་ཤ་ཟ་བའི་རྒྱུ་མཚན་དུ་ཇི་ལྟར་འགྱུར་ཏེ་མི་འགྱུར་རོ། ནང་བསྟན་དར་བའི་རྗེས་སུ་དེ་བས་ཀྱང་དར་ཐབས་མེད་པས་བསྙོན་འདིང་པ་ཁོ་ནའོ།
གསུམ་པ། བྱ་གཏོར་རིག་གནས་ཀྱི་དགེ་མཚན།
བོད་ཀྱི་རིག་གནས་ནི་འཛམ་གླིང་གི་ཤེས་དཔལ་ལྡན་པའི་མི་རིགས་ཀྱི་རིག་གནས་སྤྱི་དང་འདྲ་བར་བརྩེ་སེམས་དང་མཐུན་སྒྲིལ། ཧུར་བརྩོན་དང་གཞན་ཕན་གྱི་བསམ་བློས་ཕྱུག་པའི་རིག་གནས་ཤིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་དང་། དངོས་འབྲེལ་ལག་ལེན་གྱི་སྐབས་སུའང་ཁ་དང་སེམས་ཀྱི་བར་ན་ལེ་དབར་སྟོང་ཕྲག་གིས་མ་ཆོད་པར་ཅི་ནུས་ཀྱིས་བློ་སྦྱོང་བྱས་ཡོད་ཕྱིར། བྱ་གཏོར་ཡང་རྨང་གཞི་འདིའི་སྟེང་ནས་འཕེལ་རྒྱས་བྱུང་། ཕྱག་ལེན་འདི་ནི་བེམ་པོ་ཆུ་ལ་བསྐྱུར་ཏེ་དྲི་མས་སྦགས་པ་དང་། དུར་དུ་སྦས་ནས་ས་བབ་ཀྱི་རྒྱ་ཁྱོན་བཟུང་བའི་སྐྱོན་ཡོངས་དང་བྲལ་ཏེ། སྲོག་ལྡན་གྱི་སེམས་ཅན་ཟ་བ་ཡོངས་སུ་སྤངས་པའི་བྱ་རྒོད་དེ་དག་ལ་སྦྱིན་པ་གཏོང་བ་ཞིག་གོ དེ་དག་ལ་སྦྱིན་པ་བཏང་བས་དེ་ཉིད་སྲོག་འཚོ་ཞིང་། སྲོག་འཚོ་བ་ལ་བརྟེན་ནས་རང་བྱུང་ཁམས་སུ་གནས་པའི་བྱ་དང་རི་དྭགས་ཀྱི་རོ་སོགས་གཙང་སེལ་གྱི་ནུས་པ་འདོན་པ་ཁོ་ན་མ་ཡིན་པར། སའི་ཕྱོགས་མང་པོ་ཞིག་བརླག་མི་དགོས་པས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་དངོས་དོ་སྙོམས་ལ་མཛད་རྗེས་ཤིག་བཞག་ཡོད་པ་མ་ཟད། དེར་གཞན་ཕན་ལྷག་བསམ་གྱི་བྱེད་ནུས་ཀྱང་ལྡན་ཡོད།
མཇུག་བསྡུ་བ།
དེ་ལྟར་གོང་དུ་ཁོ་བོས་བོད་ཀྱི་སྤུར་སྦྱོང་ལས་བྱ་གཏོར་འདི་ཉིད་དར་བའི་རྒྱུ་རྐྱེན་དང་དར་ཚུལ། དགེ་མཚན་དང་དོགས་དཔྱོད་ལྷན་དུ་བཀོད་དེ་གླེང་བ་དེས་འདིའི་སྐོར་གྱི་རིག་གནས་རྣམས་ལ་ཕྱི་རབས་པ་རྣམས་རྒྱུས་མངའ་ཆེ་རུ་འགྲོ་རྒྱུར་ཕན་པ་ཅུང་ཐོན་ན་བསམས་པ་དང་། ཁྱད་པར་དེང་སྐབས་སྐྱེ་བོ་མི་ཉུང་བ་ཞིག་གིས་རང་རེའི་གོམས་སྲོལ་རྣམས་བཏང་སྙོམས་སམ་སྣང་མེད་དུ་བཞག་པར་སེམས་ཀྱིས་མ་བཟོད་ནས་སྔ་གཞུག་ཏུ་ཁམས་ཕྱོགས་ནག་འབལ་དུར་ཁྲོད་དང་སྡེ་དགེ་ས་ཆའི་དུར་ཁྲོད་ཁ་ཤས། ལྷ་སའི་སེ་ར་དུར་ཁྲོད། ཨ་མདོ་སྟག་ཚང་ལྷ་མོའི་དུར་ཁྲོད་དང་ར་རྒྱལ་དུར་ཁྲོད་སོགས་སུ་དངོས་སུ་བསྐྱོད་དེ་རྒྱུས་ཆེ་བའི་རྒན་པོ་རྣམས་ལ་བཀའ་འདྲི་དོགས་གཅོད་དང་ཡིག་ཆ་ཅི་ནུས་ཀྱིས་བཙལ་ཏེ། རྩོམ་འདི་འབྲི་ཁུལ་བགྱིས་པས་དེའི་ནང་ནོར་འཁྲུལ་གྱི་ཆ་ཡོད་ན་དེའི་ཐད་སྤྱན་དཀྱུས་ཡངས་པའི་མཁས་དབང་རྣམ་པས་ཡོ་བསྲང་ཡོད་པར་ཞུ། །
མཆན་འགྲེལ་དང་དཔྱད་གཞིའི་ཡིག་ཆ།
1 ཕ་དམ་པ་བོད་དུ་ཕེབས་སྐབས་མངའ་བདག་རྩེ་ལྡེས་སྤྱི་ལོ་1097ལོར་དིང་རི་གླང་འཁོར་དགོན་དེ་ཉིད་ཕ་དམ་པའི་བཞུགས་ཡུལ་དུ་བཏབ་པར་བཤད་ཀྱང་། ལོ་ཚིགས་ཐོད་གཏུགས་མི་ནུས་པས་དཔྱད། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《བསྟན་རྩིས་》སུ་གསལ། 《དུང་དཀར་ཚིག་མཛོད་》 2002ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། P2273
2ལྟ་བ་ཤེར་ཕྱིན་གྱི་མདོ་ལ་གཏུགས་ཤིང་། སྡུག་བསྔལ་ཐམས་ཅད་རབ་དུ་ཞི་བར་བྱེད་པའི་སྔགས་ལ་བརྟེན་ཏེ་མིང་ཐོགས། 3 4 33གཙང་སྨྱོན་ཧེ་རུ་ཀས་ཕྱོགས་བསྒྲིགས་མཛད་པའི་《མི་ལའི་རྣམ་མགུར་》དུ། མི་ལ་ཤེས་རབ་རྒྱལ་མཚན་ཞིང་དུ་གཤེགས་སྐབས་རྒྱུ་ནོར་རྣམས་ཨ་ཞང་དང་ཨ་ནེར་བཅོལ་ཏེ། བུས་ཁྱིམ་སོ་འཕེར་བའི་སྐབས་སླར་མ་སྤྲད་ན། ང་ཤི་དུར་ཁུང་ནས་བལྟ་ཞེས་གསུངས་པའི་བབས་ལ་བརྟགས་ཚེ། དེ་དུས་བྱ་གཏོར་མ་ཡིན་པར་དུར་སྦས་བྱེད་པ་ཤེས། 1981མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P22 P332 P243
5 འདི་པའི་ལོ་རྒྱུས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་གསུང་འབུམ་པོད་〈ཉ〉པའི་ནང་དུ་བཞུགས། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་《གཏེར་སྟོན་བརྒྱ་རྩའི་རྣམ་ཐར་བེེཌཱུརྱའི་ཕྲེང་བ་》ཡི་ནང་རྒོད་ཀྱི་ལྡེམ་འཕྲུ་ཅན་དངོས་གྲུབ་རྒྱལ་མཚན་གྱི་གཙུག་ཏུ་རྒོད་སྒྲོ་སྐྱེས་པར་བཤད།
6 ཀརྨ་རང་བྱུང་རྡོ་རྗེས་རྐོང་པོ་རྩེ་ལ་སྒང་གི་མཛོད་ནག་ནང་དུ་གདན་དྲངས་པའི་《མི་ལའི་རྣམ་ཐར་མཛོད་ནག་མ་》སྟོད་ཆར། བྲག་དཀར་སྤོ་མཐོ་ན་བཞུགས་པའི་སྐབས་སུ། བྲག་དེ་ལ་བྱ་རྒོད་མང་པོ་ལྡིང་ཞིང་སྣང་བ་ལ། སྒྲོ་མང་པོ་འབྲུལ་ཞིང་འདུག་པས། སྙེ་ནམ་པ་དང་གུང་ཐང་བའི་སྒྲོ་ཐུན་མང་པོ་འོང་བ་དང་། མི་ལས་སྒྲོ་འཐུ་རོགས་བྱས་པས་ཁོང་རྣམས་ཀྱིས་གྲོ་རྒྱགས་ལྷག་མ་རྣམས་བྱིན་པས་རྒྱགས་རྟེན་ཡང་བྱུང་ཞེས་བཀོད་འདུག 《འབྲི་གུང་བཀའ་བརྒྱུད་ཆོས་མཛོད་》པོད་ཇ ཤིང་དཔར། P51
7 མཁར་རྨེའུ་བསམ་གཏན་གྱི་《བོད་ཀྱི་ཡུལ་ལྷ་དང་དད་མོས་བྱེད་པའི་སྲོལ་དང་དེའི་ཆབ་སྲིད་ཀྱི་མཚོན་དོན་སྐོར་གླེང་བ་》 《མདའ་དང་འཕང་》སྨད་ཆ 2007ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། P352
8 མཁར་རྨེའུ་བསམ་གཏན་གྱི་《མིའི་འབྱུང་ཁུངས་བརྗོད་པའི་གཏམ་རྒྱུད་སྐོར་གླེང་བ་》ཞེས་པར་གཡོན་གྱི་དུང་རི་མཆོང་ལུང་ན། །དམུ་སྲས་འཕྲུལ་བུ་དབང་ལྡན་དང་། །གཉན་ལྕམ་དཀར་མོ་གཉིས་སུ་སྲིད། །བྱ་རྒོད་དུ་སྤྲུལ་ནས་བསྡེབས་པ་ལ། །སྟག་གཟིག་བོན་གྱི་རྒྱལ་པོ་དང་། །རྒྱ་གར་ཆོས་ཀྱི་རྒྱལ་པོ་གཉིས་སུ་སྲིད། །ཞེས་ལུང་དྲངས་ཡོད། 2007《མདའ་དང་འཕང》སྨད་ཆ་P52
9 1261ལོར་བརྩམས་པར་གྲགས་པའི་མཁས་པ་ལྡེའུ་ཡི་《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》1987བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P223
10 ཕུན་ཚོགས་ཚེ་རིང་གི་《དེབ་ཐེར་ཀུན་གསལ་མེ་ལོང་》2000 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P15
11 ཉང་ཉི་མ་འོད་ཟེར་(1124-1192)གྱི་《ཆོས་འབྱུང་སྙིང་པོ་མེ་ཏོག་སྦྲང་རྩིའི་བཅུད་》དུ་སྟོད་ཀྱི་སྟེང་གཉིས་ཞེས་པའི་ཐ་སྙད་མེད་ནའང་། པུ་དེ་གུང་རྒྱལ་དུས་སུ་ལྟོང་བྱུང་ཞེས་པའི་ལྟོང་སྟེ། སྟོང་དུ་གོ་དགོས་ཏེ། ལྟོང་ལྟོང་བ་ནི་སྟོང་སྟོང་པོ་ཞེས་དུང་དཀར་ཚིག་མཛོད་དུ་གསུངས་པ་རྒྱུ་མཚན་ཡོད་སྙམ།
12 མཁས་པ་ལྡེའུའི་ཆོས་འབྱུང་དུ་སྟེང་གཉིས་ཞེས་འབྱུང་བ་ཡིག་རྙིང་གཞན་ལས་དྲངས་མིན་མི་ཤེས་ཀྱང་། སྟེང་གཉིས་ཞེས་པའི་ཐ་སྙད་ཐོག་མ་སྐབས་འདིར་བྱུང་། P377
13 14 24གཉའ་གོང་དཀོན་མཆོག་ཚེ་བརྟན་གྱི་《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》2001ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P23. P8. P41
15 ལྡེའུ་དགེ་བཤེས་ཀྱི་ལྡེའུ་ཆོས་འབྱུང་དུ་“ལྡེ་བདུན”དང་ལྡེའུ་ཇོ་སྲས་ཀྱིས་“ལྡེ་བརྒྱད་”ཅེས་གསུངས་པ་ནི་རྒྱལ་པོ་དེ་དག་གི་མཚན་ཟུར་དུ་“ལྡེ་”ཞེས་པའི་སྒྲ་འབྱུང་བའི་ཆ་ནས་བཏགས་པ་ལས་སྤུར་སྦྱོང་དང་འབྲེལ་བ་མེད་དོ།
16 ཉང་ཉི་མའི་འོད་ཟེར་གྱི་《ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་》1988བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P163
17 ལྡེའུ་ཇོ་སྲས་ཀྱིས་བཙན་ལྔ་དང་ལྡེའུ་དགེ་བཤེས་ཀྱིས་བཙན་བདུན་ཞེས་འབྱུང་ཡང་། སྔ་མ་ལྟར་ན་བར་གྱི་ཁྲི་སྙ་ཟུང་བརྩན་ཆད་འགྲོ་བ་དང་ཕྱི་མ་ལྟར་ན་འབྲོ་གཉེན་ལྡེ་རུ་ཕྱོགས་གཉིས་ཀར་ཐལ་བར་འགྱུར་བས་དཔྱད། རྒྱལ་པོ་ཡབ་སྲས་དེ་གཉིས་ལ་བར་གྱི་སྟེང་གཉིས་དང་སྨད་ཀྱི་སྟེང་གཉིས་ཞེས་དམིགས་སུ་བཀར་དགོས་དོན་ནི། རྒྱལ་པོ་འདི་གཉིས་བོད་ཀྱི་རྒྱལ་རབས་རྣམས་ཀྱི་དཀྱུས་སམ་བར་དུ་བྱུང་ཞིང་། འབྲོང་གཉེན་ལྡེ་རུ་སྙུན་གྱིས་ཟིན་པ་དང་སྲས་སྤྱན་མ་དབྱེ་བར་ལོ་མང་པོའི་བར་རྒྱལ་ས་ཤོར་ཞིང་སྟེང་ངམ་སྟོང་བའི་ཆ་ནས་དེ་ལྟར་བཏགས་པར་མངོན། གང་ལྟར་འདི་དག་གི་དུས་སུའང་གཡའ་དང་སྤང་ལ་བང་སོ་བཏབ་པས་“བཙན་ལྔའི་མཆད་པ་དང་དུར་ཡུལ་འཕྱིང་ལུང་དར་བ་ཐང་དུ་བཏབ་”པར་གསུངས།
18 郑作新《中国经济动物志——鸟类》1993科学出版社 P133
19 ནམ་རྒྱུན་བྲག་སྟེང་དུ་གནས་པ་ཞིག་ཡིན་པས། བོད་ཀྱི་དམངས་གཞས་ལས། ཉི་མ་ཤར་བའི་དང་པོ། །བྲག་རི་ཡར་ལ་ཤར་སོང་། །ང་ནི་བྲག་རི་ཡ་གིའི། །རྒོད་པོ་ཡིན་ན་དགའ་བ། །ཞེས་འབྱུང་ལ། འཇུ་མི་ཕམ་གྱིས་བྲག་དང་བྱ་རྒོད་འགྲོགས་པ་ལྟར། ཞེས་གསུངས།
20 仁青扎西《淡藏族天葬习俗》《仁青扎西藏学研究论文集》1989天津古籍出版社 P154.156
21 尕藏才旦 格桑本《天葬——藏族丧葬文化》2000.甘肃民族出版社 P49
22 རྒྱ་ཡེ་བཀྲ་བྷོའི་《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲོད་ཀྱི་བརླའ་བརྡུངས་ཞེས་པར་དཔྱད་པ་》2000ལོའི་《ཀྲུང་གོའི་བོད་ཀྱི་ཤེས་རིག》དེབ་དང་པོ།
23 བུ་ཀརྨ་བསོད་ནམས་དང་བཀྲ་ཤིས་ཚེ་རྒྱལ་གྱི་《མཆོད་རྟེན་ནག་འབལ་དུར་ཁྲོད་ཀྱི་གཏམ་དཔྱོད་ལྡན་དགའ་བའི་གླུ་དབྱངས་ཞེས་བྱ་བ་》བྲིས་མ།
25 26 30རྒྱལ་སྲས་ཞི་བ་ལྷའི་《སྤྱོད་འཇུག》2001ལོའི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། P.77.77-78 P76 25དེའི་དོན་ནི། བག་མ་གསར་པའི་ཚེ་གཞན་གྱིས་མཐོང་ཡང་མ་མཐོང་ཡང་གོས་ཀྱིས་གདོང་ནི་གཡོགས་པར་གྱུར་བ་ལ། ཁྱོད་ཉོན་མོངས་ཤིང་ཆགས་པའི་གདོང་དེ་ནི་ད་ལྟ་མངོན་སུམ་དུ་གྱུར་བ་བཞིན་དུ། ཤི་བའི་ཚེ་དུར་ཁྲོད་དུ་བྱ་རྒོད་ཀྱིས་གོས་བསལ་བར་བྱས་པ་མཐོང་ནས་དེ་ལྟར་ཅིའི་ཕྱིར་འབྲོས་ཤིང་འབྱེར་བར་བྱེད་ཅེས་དང་། 26དེའི་དོན་ནི། དུར་ཁྲོད་དུ་ཤའི་ཕུང་པོ་འདི་མཐོང་ནས་བྱ་རྒོད་དང་གླག་ལ་སོགས་པ་བྱ་གཞན་གྱིས་ཟ་བར་བྱེད་ཅིང་། མཐའ་མར་གཞན་གྱི་ཟས་སུ་གྱུར་བའི་རང་གི་ཕུང་པོ་འདི་ལ་མེ་ཏོག་གི་ཕྲེང་བ་དང་ཙན་དན་གྱིས་མཆོད་ནས་ཅི་ཞིག་བྱ་སྟེ་དགོས་པ་མེད་དོ་ཞེས་པའོ།
27 སྤྱི་ལོ་1076ལོར་མངའ་བདག་རྩེ་ལྡེས་མངའ་རིས་མཐོ་ལྡིང་དགོན་དུ་མེ་ཕོ་འབྲུག་གི་ཆོས་འཁོར་ཞེས་པ་བཙུགས་ཏེ། དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་མང་པོར་བསྙེན་བཀུར་དང་ལོ་ཙཱ་བ་ལྷན་འདུས་ཀྱིས་གཞུང་མང་པོ་བསྒྱུར་ཞུས་མཛད་པས་གྲུབ་མཐའ་མང་པོ་དར་བའི་དབུ་ཚུགས།
28 霍巍《西藏古代墓葬制度史》1995.四川人民出版社. P336
29 焦治平 胡冰霜《论藏族丧葬风格》《青海民族研究》2003年第3期.P56—57
31 32ཆོས་ཀྱི་གང་བ། 《ཕ་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992. P379.384
34 དུར་ཁྲོད་དུ་གཅོད་བཏང་བ་དེ་ནི་ངར་འཛིན་ལྷན་སྐྱེས་གཅད་རྒྱུའི་ཆེད་དུ་ཡིན་ཏེ། དུར་ཁྲོད་དུ་ལྷ་འདྲེ་རྣམས་ཚུར་བོས་ནས་ངའི་ཤ་ཟོ་ཁྲག་འཐུང་ཞེས་བཤད་དེ་གང་ཙམ་ནས་རང་གི་གཡས་གཡོན་ནས་ཚག་སྒྲ་དང་རྡིག་སྒྲ་བྱུང་སྐབས་སྐྲག་ནས་ཕར་ལྟ་ཚུར་ལྟ་བྱས། སྙིང་ཡང་རྡིག་རྡིག་ཅེས་འཕར་གྱི་ཡོད་པས་སྐབས་དེ་དུས་ངར་འཛིན་ལྷན་སྐྱེས་ལ་གནོད་པ་ཆེན་པོ་བསྐྱལ་བའི་རྟགས་རེད། དེ་དུས་ངར་འཛིན་ལྷན་སྐྱེས་དེ་ལམ་སེང་ངོས་བཟུང་དགོས་ཞེས་བཤད་རྒྱུན་ཡོད་པས། དེའི་ཐབས་ཤེས་ལ་གཅོད་བཏང་བ་རེད་ཅེས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《གྲུབ་མཐའི་སྐོར་གྱི་རྣམ་བཤད་》དུ་གསུངས། P575
35 དགེ་ལུགས་པ་ལ་མཚོན་ན། རྗེ་ཙོང་ཁ་པའི་སྐབས་སུ་གཅོད་དེ་མེད་ཅིང་། རྗེས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱི་དུས་ལ་གཅོད་ཀྱི་གཞུང་བཟོས་ནས་དར་རྒྱས་བྱུང་ཡོད།
36 གཟའ་སྐར་ལ་བརྟགས་ཏེ་དུར་ཁྲོད་དུ་བསྐྱལ་བར་གོ
37 བུ་སྟོན་རིན་ཆེན་གྲུབ་ཀྱི་《མི་འཁྲུགས་པའི་ཆོ་ག་ལ་བརྟེན་ནས་རོའི་སྦྱིན་སྲེག་གི་ཆོ་ག་བཞུགས་སོ་》གསུང་འབུམ། ཕ་3
38 ཨ་མདོ་རྡོ་སྦིས་ཕྱོགས་སུ་ཡོད།
39 ཨ་མདོ་རེབ་གོང་ཡུལ་གྲུ་འགར་གནས།
40 41 42山口瑞凤《吐蕃》1987.东京大学出版社 P9.P10 P11—13
43 《དབུས་གཙང་གི་ལོ་རྒྱུས་དེབ་ཐེར་》ནང་དུ་འཁོད་པ་ལྟར་ན། མང་སྲོང་མང་བཙན་གྱི་སྐབས་སུ་ཐང་དམག་གིས་ཕོ་བྲང་པོ་ཏ་ལ་བཤིག་ནས་སྤྱན་རས་གཟིགས་ཀྱི་ལྷ་ཁང་གཅིག་མ་གཏོགས་ལུས་མི་འདུག་པར་བཤད་པ་དང་། རྭ་ལོ་ཙཱ་བ་དང་དུས་མཉམ་པའི་ཁྱུང་པོ་གྲགས་སེའམ་ཁྱུང་པོ་ཆོས་བརྩོན་ཞེས་ཞུ་བ་པོ་ཏ་ལར་བཞུགས་ནས་ཚད་མའི་འཆད་ཉན་སྤེལ་བའི་ལོ་རྒྱུས་ཡོད་པ་《མྱང་ཆོས་འབྱུང་》ལས་གསུངས་པ་ལྟར། དགེ་ཆོས་ཀྱི་《དེབ་དཀར་》དང་དུང་དཀར་རིན་པོ་ཆེའི་《ཚིག་མཛོད་》དུའང་གསུངས་ཡོད་ཅིང་། དེ་དུས་ཕོ་བྲང་དཀར་པོ་དང་དམར་པོ་ཞེས་པའི་ཐ་སྙད་ཟུར་ཙམ་ཡང་མི་འབྱུང་བ་དང་། ཇོ་བོ་རྗེ་ཨ་ཏི་ཤ་དབུས་གཙང་དུ་ཕེབས་པའི་སྐབས་སུ་གཙུག་ལག་ཁང་དུ་མཇལ་བ་ལས་པོ་ཏ་ལར་མཇལ་བའི་ངག་སྒྲོས་ཙམ་ཡང་མེད་པས་ཤེས།
44 དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《གྲུབ་མཐའི་སྐོར་གྱི་རྣམ་བཤད་》 2004མི་རིགས་དཔེ་སྐྲུན་ཁང་། P41—42
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1