སེམས་ཀྱི་ལེའུ། (སྙན་ཚོམ)

ཁྲག་དམར་བ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


༡.རྩྭ་ཐང་གི་བརྩེ་སེམས།

ངལ་དུབ་དང་དཀའ་བ་ཡོད་ཚད་སྤྲོ་སྣང་ལ་ཐིམ་ཞིང

གནའ་གཏམ་དང་གླུ་གཞས་སྙན་མོས་མཚན་མོ་བསུས

གཡང་དཀར་གྱི་འབའ་སྒྲ

ནོར་ནག་གི་ངུར་སྒྲ

རྟ་མཆོག་གི་འཚེར་སྐད་དང་ལྷན་དུ

གཞོན་ནུ་མའི་བརྩེ་བ་ལྷས་ར་ནས་འཕྱུར་ཞིང

རེ་སྒུག་གི་མིག་ཟུང་རྒྱང་རིང་རྒྱང་རིང་དུ་འཐེན

སེམས་པའི་ཕྱི་ནང་གསང་གསུམ་དུ

ཚོར་འདུ་ཡི་རྦ་རླབས་དྲག་ཏུ་སྐྱོམ་ཞིང

ཚེ་སྲོག་གིས་བསྐྲུན་པའི་ཞེ་འདང་དེ་དག

ཟླ་འོད་ཀྱི་གཙང་པོའི་ངོགས་ན་དལ་གྱིས་འཕྱོ

༢.སྨྲེང་བ་དང་གཞན་དག

གཏུམ་དྲག་དང་སྨྱོ་ཧམ་གྱིས་ཕ་མཐར་བསྐྱལ་བ་ནས་བཟུང

ངས་རྨི་ལམ་ནང་ནས་ཀྱང་གསོལ་བ་བཏབ་མྱོང

རེ་བས་སྲེག་གིན་པའི་ལོ་ཟླའི་ཀློང་དུ

ཉི་འོད་མེད་པའི་ཉིན་མོ་ལ

འགྲེལ་རྒྱག་ཐབས་མེད་མོད

འུ་གཉིས་ཀྱི་གངས་རི་དང་རྩྭ་ཐང

གཙང་པོ སྤང་རི ནགས་ཚལ

དེ་དག་དང་དེ་དག་མ་ཡིན་པ་དག་ལ

སེམས་པའི་ཕྱི་ནང་གླན་སྲིད

ཉག་ཁའི་རྡེའུ་འབུམ་དང་རི་མགོའི་དར་ལྕོག་རེ་རེས

ཚེ་སྲོག་རྟ་རྔ་ཙམ་ཞིག་རུམ་ཡོད་ལ

རྒྱབ་རོལ་གྱི་བསང་ཁྲིའི་སྟེང་གི་བསང་མེ་དམར་པོས

ད་གཟོད མཐའ་མཇུག་གི་རེ་བ་ཉག་ཅིག་འཚོས་ཡོད

གསེར་གྱི་ཕྲེང་རྡོག་རེ་རེ་འཐོར་ཤུལ་དུ

ངས་འཛུམ་མདངས་ཤིག་ཐོབ་པར་རེ་སྙེག་བྱེད་ཀྱིན

རི་བོའི་ཕ་རོལ་ནས་འབར་བའི་མེ་དཔུང་དེ

གཙང་པོའི་ཚུ་རོལ་གྱི་མེ་སྟག་དང་འདྲེས་ནས

གཞིས་ཁྱིམ་གྱི་དྲོད་དུ་འགྱུར་བར་སྨོན་ལམ་བཏབ་ཡོད

༣.མཐའ་ཡས་པའི་ནམ་མཁའ་དྲན་པ།

རྒྱུད་སྐུད་ཆད་པ་དེས

རོལ་དབྱངས་གཏན་དུ་རྒུད་པ་མི་མཚོན་མོད

ཉམ་ཐག་པའི་མིག་ཟུང་ལས

རང་ཉིད་ལ་བློ་བཀོད་ཅི་ཡང་མེད་པ་འདྲ

ཉེན་ཚབས་དང་དངངས་སྐྲག

འཁང་ར་དང་ལེ་བདའི་གོ་རིམ་དེ་རྫོགས་མཐའ་མེད་ཅིང

རྒྱུ་སྐར་གྱི་བཞུད་ལམ་མེད་པས

རྨི་ལམ་རྨི་སྟངས་དེའང་ལན་ཆགས་ཤིག་རེད

འཁྲུལ་སྣང་མ་ཡིན་པའི་འཁྲུལ་སྣང་ཞིག་ལ

མི་ལོ་དུ་མ་དུ་མ་འདས་པའི་ཕ་རོལ་ཕ་རོལ་དེ་ན

ངའི་མིང་སྲིང་ཚོར་གཤོག་པ་ཐོགས་ཤིང

བག་ཡངས་ཀྱིས་ཕྲེང་སྟར་བསྒྲིགས་ནས

བླ་སྲོག་ཅིག་འཚོལ་བ་གློ་བུར་གློ་བུར་དུ་དྲན

༢༠༡༧ལོའི་ཟླ༩ཚེས༢༥ཉིན་མཚོ་ཤར་ནས་སྦྱར།


རྩོམ་ཡིག་སྔོན་མ།
འཆི་བ།
རྩོམ་ཡིག་རྗེས་མ།
ཚེ་རིང་རྣམ་དྲུག (སྙན་ཚོམ)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1