ལི་ཐང་རྫོང་གིས་ངོ་མཚར་འཁྲབ་སྟོན་གྱིས་གཉེན་ཉེའི་རོགས་རམ་ལ་དྲིན་གཟོ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-18



             ཟླ1ཚེས14ཉིན་གྱི་ཕྱི་དྲོར། སི་ཁྲོན་ལི་ཐང་རྫོང་གིས་“ཏང་དང་མང་ཚོགས་ནི་ཁྱིམ་ཚང་གཅིག གནད་སྨིན་དབུལ་སྐྱོར་”ལ་དྲིན་གཟོ་ཞུ་བའི་སྐོར་བསྐྱོད་འཁྲབ་སྟོན་སླར་ཡང་ཁྲེང་ཏུའུ་ཤིན་ཏུའུ་ཁུལ་དུ་སླེབས་ནས། གུང་གཞོན་ཚོགས་པའི་ཚོགས་མི་གཞོན་ནུ་དང་སློབ་ཆེན་སློབ་མའི་དང་བླངས་པ། སྡེ་དཔོན་བཅས་ལ་ས་མཐོའི་བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་གླུ་གར་གྱི་དགའ་སྟོན་བཤམས། དེ་ནི་རྫོང་དེས་ཁ་གཏད་རོགས་སྐྱོར་ས་ཁུལ་དང་སྡེ་ཚན། མཐོ་རིམ་སློབ་གྲྭ་ཆེན་མོ། མཛའ་མཐུན་གྲོང་ཁྱེར། རྫོང་བཅས་ལ“དྲིན་གཟོ་ཞུ”བའི་བྱ་འགུལ་གྱི་འཁྲབ་སྟོན་ཐེངས་12པ་ཡིན།
འཁྲབ་སྟོན་ཡུལ་དངོས།
             2018ལོར། ལི་ཐང་རྫོང་གི་ཁ་གཏད་རོགས་སྐྱོར་ས་ཁུལ་དང་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་མི་ཤུགས་དང་མ་དངུལ། ལག་རྩལ། ལས་སྟེགས་སོགས་ཕྱོགས་གང་ཅིའི་ཐད་ནས་ལི་ཐང་རྫོང་ལ་རོགས་སྐྱོར་བྱས་པས། ལི་ཐང་གི་གནད་སྨིན་དབུལ་སྐྱོར་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ལི་ཐང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བརྗོད་རྒྱུར། “རོགས་སྐྱོར་སྡེ་ཚན་ཁག་བར་གྱི་འབྲེལ་འདྲིས་ཟབ་ཏུ་བཏང་ནས་གཅེན་གཅུང་ལྟ་བུའི་བརྩེ་དུང་འཛུགས་པ་དང་། དུས་མཚུངས་སུ་ལི་ཐང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཆེད། “བར་སྣང་གི་གྲོང་ཁྱེར་”འདིའི་མཚན་སྙན་དང་སྐད་གྲགས་ཆེར་བསྐྱེད་ནས་མི་དེ་བས་མང་པོ་ལི་ཐང་དུ་ཕེབས་པ་དང་ལྟ་སྐོར་བྱེད་པར་ང་ཚོས་རྣམ་པ་སྣ་ཚོགས་པའི་བྱེད་སྒོ་སྤེལ་བ་ཡིན།”
ངོ་མཚར་ཆེ་བའི་སྐོར་བྲོ།
             2018ལོའི་ཟླ12ཚེས26ཉིན། ལི་ཐང་རྫོང་གི་“དྲིན་གཟོ་ཞུ་བའི”སྐོར་བསྐྱོད་འཁྲབ་སྟོན་ཐོག་མ་དེ་སི་ཁྲོན་དགེ་འོས་སློབ་ཆེན་དུ་འགོ་ཚུགས། འཁྲབ་སྟོན་དུ་རང་སའི་གསར་རྩོམ་གླུ་གཞས་དང་ཞབས་བྲོ་གཙོ་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་བོད་ཀྱི་ཟློས་གར་སོགས་ལི་ཐང་གི་ཁྱད་ཐོན་རིག་གནས་ཀྱི་རྒྱུ་ཆ་བསྲེས་ཏེ། དགེ་སློབ1000ལྷག་ཙམ་ལ་ངོ་མཚར་ཁྱད་དུ་འཕགས་པའི་ལྟད་མོ་གཟབ་རྒྱས་ཤིག་ཕུལ། ཟློས་གར་ཆུང་བ“ཧྲུའུ་ཅི་དང་པོར་”སི་ཁྲོན་དགེ་འོས་སློབ་ཆེན་གྱིས་མངགས་པའི་བཅའ་སྡོད་རོགས་སྐྱོར་ལས་བྱེད་པའི་བྱ་བ་ཆུང་ཆུང་ཅིག་གི་གཏམ་རྒྱུད་སླར་མངོན་ཡོད། བོད་རིགས་མང་ཚོགས་ཀྱིས“ཆང་གཞས”བླངས་ནས་བོད་སྐྱོར་ལས་བྱེད་པས་ནུས་ཤུགས་ཡོད་ཚད་བཏོན་ནས་དབུལ་སྒྲོལ་འགག་སྒྲོལ་དང་། ཚང་མའི་སྣེ་ཁྲིད་དེ་ཚང་མ་དབུལ་སྒྲོལ་དཀའ་སེལ་གྱིས་གོམ་སྟབས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་ཐུགས་རྗེ་ཆེ་ཞུ་བའི་སེམས་པ་མཚོན་ཡོད། སི་ཁྲོན་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཏུའུ་བེས་བརྗོད་རྒྱུར། དགོང་ཚོགས་ཀྱིས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཏང་གི་སྲིད་ཇུས་ཟུང་འབྲེལ་དམ་ཟབ་བྱས་ནས། དབུལ་སྐྱོར་ཚན་པར་དྲིན་གཟོ་བྱེད་པའི་སེམས་པ་མཚོན་པ་དང་། ཕྱོགས་གཉིས་པོའི་དབར་གྱི་མཛའ་བརྩེའི་འབྲེལ་བ་ཟབ་ཏུ་བཏང་ཡོད། ཕྱོགས་ཡོངས་ཀྱིས་འབད་བརྩོན་བྱས་ཚེ་ལི་ཐང་གི་སང་ཉིན་སྔར་ལས་མཛེས་སྡུག་ལྡན་པར་ཡིད་ཆེས་ཡོད།
བོད་ཀྱི་ཟློས་གར་འཁྲབ་སྟོན།
             དུས་ཡུན་ཉིན20ཡི་དུས་ཚོད་ནང་། རིག་རྩལ་འཁྲབ་སྟོན་ཚོགས་པ་སི་ཁྲོན་དགེ་འོས་སློབ་ཆེན་དང་སི་ཁྲོན་སློབ་ཆེན། ཕུན་ཀྲིག་པའེ་ལུའུ་གྲོང་བརྡལ་ཆུང་བ། ཝུའུ་ལཱང་ཡེ་ཚོགས་པ། ཅིན་ཐང་རྫོང་སོགས་སུ་སླེབས་ནས་“བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་”རྣམ་པ་ཟབ་མོ་བསྐྲུན། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་སངས་སྒྲོལ་གྱིས་བརྗོད་རྒྱུར། “ལི་ཐང་ལ་འདི་འདྲའི་གཏིང་ཟབ་པའི་བོད་མི་རིགས་ཀྱི་རིག་གནས་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས། གནད་སྨིན་དབུལ་སྐྱོར་ལ་གྲུབ་འབྲས་ལེགས་པོ་ཐོབ་པ་བསམ་ཡུལ་ལས་འདས་པ་ཞིག་རེད། གོ་སྐབས་ཡོད་ཚེ་ངེས་པར་དུ་ལི་ཐང་ལ་ཕྱིན་ནས་བལྟ་དགོས།” ཟླ་1ཚེས་10ཉིན། ལི་ཐང་རྫོང་གི་དྲིན་གཟོ་ཞུ་བའི་རིག་རྩལ་འཁྲབ་སྟོན་དང་རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཡུལ་ཟོག་ཐོན་རྫས་ཀྱི་འོས་སྦྱོར་ཚོགས་འདུ་དེ་མེ་ཧྲན་དུ་སླེབས། གྲོང་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུགས། མེ་ཧྲན་གྲོང་ཁྱེར་གྱི་གྲོང་མི་སུན་ཧོས་ཀྲིན་གྱིས་བརྗོད་རྒྱུར། “འཁྲབ་སྟོན་གྱིས་ངས་ལི་ཐང་ལ་ཤེས་རྟོགས་གཏིང་ཟབ་བྱུང་། བདག་གི་ཡིད་སེམས་དྲངས་བས་གོ་སྐབས་ཡོད་ན་ངེས་པར་དུ་ལི་ཐང་ལ་བསྐོར་བ་བྱེད་དགོས།” 
 
རྐང་རྩེད་སྤོ་ལོའི་མཛའ་བརྩེའི་འགྲན་བསྡུར།
             ཐེངས་འདིའི་“དྲིན་གཟོ་ཞུ་བའི”བྱེད་སྒོའི་ཁྲོད་“བར་སྣང་གི་གྲོང་ཁྱེར”ལི་ཐང་རྐང་གྲུག་རུ་ཁག་གིས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་སྔ་རྗེས་སུ་ཁུལ་དང་རྫོང་། དེ་བཞིན་མཐོ་སློབ་ཀྱི་རྐང་རྩེད་སྤོ་ལོ་རུ་ཁག་བར་མཛའ་བརྩེའི་འགྲན་བསྡུར་ཐེངས10ལྷག་བྱས།
 
ལི་ཐང་གི་ཞིང་ལས་ཐོན་རྫས་ཀྱིས་གྲོང་མིའི་ཡིད་དབང་བཀུགས།
             གླུ་གར་འཁྲབ་སྟོན་ཕུད། ལི་ཐང་གི་ཚགས་ཤ་དང་དྲི་ཞིམ་ཤ་མོ། ཀྲུ་མ་ཀྲུ། ཞོག་ཁོག་སོགས་ཞིང་ཞོར་ཐོན་རྫས་དང་ཡུལ་སྐོར་འོས་སྦྱོར་བྱས་པས། ས་གནས་དེ་གའི་གྲོང་མི་རྣམས་མང་པོ་བཀུགས་ཏེ་མྱོང་རོལ་དང་བྱེད་སྒོར་ཞུགས། སི་ཁྲོན་དགེ་འོས་སློབ་ཆེན་དང་ལི་ཐང་རྫོང་དབར་《ཞིང་ཞོར་ཐོན་རྫས་ཀྱི་སྒྲོམ་གཞིའི་མཉམ་ལས་གྲོས་མཐུན་ཡི་གེར་》མིང་རྟགས་བཀོད།
             དབྱི་པིན་ཝུའུ་ལཱང་ཡེ་ཆེད་དོན་འགྲེམས་ཚོགས་དང་ལི་ཐང་རྫོང་གི་“ཏང་དང་མང་ཚོགས་བློ་སེམས་གཅིག གནད་སྨིན་དབུལ་སྐྱོར་གྱི་བརྩེ་དུང་།”ཅེས་པའི་དྲིན་གཟོ་ཞུ་བའི་བྱེད་སྒོའི་ཡུལ་དངོས་སུ། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་སྔ་རྗེས་སུ་བྲིན་ཉོ་བྱས། ཧྲང་མཱ་ཡཱན་མཉམ་ལས་ཁང་གི་དྲི་ཞིམ་ཤ་མོ་རྒྱ་མ་1300དང་། མོག་རོ་རྒྱ་མ་210། ཇ་རྟའི་གནའ་ལམ་ཀུང་སིའི་ཞོག་ཁོག་རྒྱ་མ་4500། དབྱར་རྩྭ་དགུན་འབུ་རྐང་280། བེ་ཤ་རྒྱ་མ་10། མ་སྐྱེས་ཨ་མའི་ཀྲོ་མ་ཀྲུ་ཆུང་བ་རྒྱ་མ་1600བཅས་གཅིག་ཀྱང་མ་ལུས་པར་བཙོངས་ཚར། སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་ཁྲི་13.8186ཡོད།
             རྒྱུས་ལོན་བྱུང་བ་ལྟར་ན། ལི་ཐང་རྫོང་གིས“ཏང་དང་མང་ཚོགས་བློ་སེམས་གཅིག གནད་སྨིན་དབུལ་སྐྱོར་གྱི་བརྩེ་དུང་།”ཅེས་པའི་དྲིན་གཟོ་ཞུ་བའི་བྱེད་སྒོ་རིམ་པར་སྤེལ་བས། ཕྱོགས་གཉིས་པོས་མཛའ་བརྩེ་ཟབ་ཏུ་ཕྱིན་པ་མ་ཟད། ལི་ཐང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ཞིང་ལས་ཐོན་རྫས་སོགས་རིའི་ཕྱི་རོལ་དུ་དྲངས་པས། ས་གནས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལ་གསོན་ཤུགས་གསར་པ་བསྣན་ཡོད།


རྩོམ་ཡིག་སྔོན་མ།
རང་བྱུང་གི་མཛེས་སྡུག
རྩོམ་ཡིག་རྗེས་མ།
ཚེ་རིང་རྣམ་དྲུག (སྙན་ཚོམ)

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1