ཚེ་རིང་རྣམ་དྲུག (སྙན་ཚོམ)

གསར་བུ།(ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


བྲག

ཡིད་ཆེས་ཀྱི་རྩེ་མོ་ནམ་མཁའ་ལ་ཟུག

རྟག་བརྟན་གྱི་ངོ་རིས་མཁྲེགས་པོ་ས་གཞི་ལ་གཏད

ནང་ཁྲོལ་མཐའ་དག་སྦྱིན་པ་རུ་བཏང་སྟེ

གྲང་ཤུར་ཤུར་གྱི་རླུང་བུ་རྒྱགས་ཕྱེ་ལ་བསྣམས

མི།

གདོང་བ་མེ་ལོང་གི་ངོས་སུ་བཅུག་སྟེ

ཁོག་པའི་ནང་དུ་ཐབ་རྡོ་བཙུགས

ཁྲོ་བ་མེ་ཤིང་དུ་བྱས་ནས་མེ་ཁ་ཡང་ཡང་གསོས

གཟུགས་པོ་སྤྲིན་ནག་གི་གསེང་དུ་བརྫངས་ཏེ

སྨྲ་ལྕེ་ལ་བུ་རམ་གྱི་མངར་ཁ་སྤྲད

འགྲམ་སོ་གཉིས་པོ་ནི་རུལ་ཟིན་པའི་རྒྱལ་པོ་དེ་ཡིན

ཆུ།

སྲུང་མ་ཁྲོས་ནས་ལོ་མང་འགོར་དུས

ལུང་གཞུང་གི་མི་བྱ་གཡང་ས་ལ་ཕུད

འབག་བཙོག་དང་མཉམ་དུ་བཙན་གྱིས་སྦྱོར་དུས

ལོ་ཟླ་ལ་ནག་ཉེས་ཀྱི་ཞྭ་མོ་བསྐོན་ནས་བྲོས

མགྲིན་པ་སྐེམ་ནས་འཕྲང་ལམ་ལ་སྐྱེལ་དུས

མིག་ཆུ་ཐིགས་པ་གཅིག་ལ་སྣང་བ་ལིང་ལིང་དུ་འཁྲུལ་སོང

ཤིང་།

རྩ་བ་ལ་གྲུམ་པོའི་ན་ཚ་འཕོག་རྗེས

ཡལ་ག་རྣམས་འགྲོ་མི་ཐུབ་པར་ལུས་སོང

ལོ་མ་སྐམ་པོ་བྱེ་རྡུལ་དང་མཉམ་དུ་བསྲེས་རྗེས

སྡོང་རྒན་གྱི་རྣམ་ཤེས་ཇི་ཙམ་བཙལ་ཡང་རྙེད་རྒྱུ་ཞིག་མ་བྱུང

བྱ།

གཤོག་པ་ཆད་པའི་གྲིབ་གཟུགས་ནག་པོ

རླུང་གཟེབ་ཀྱི་ནང་ནས་ཅ་ཅོ་བར་མེད་སྒྲོག

སྦྱིན་བདག་གི་མིང་ནི་འབོད་མི་ཤེས

ཕ་མ་སྤུན་མཆེད་ཀྱི་མིང་ཡང་གྱེར་མི་ཐུབ

ཅི་ཅི་ཅིཞེས་པའི་སྒྲ་དེ་ལས་གོ་རྒྱུ་ཅི་ཡང་མི་འདུག

རི་དྭགས།

རི་མགོའི་ལྕགས་རི་དང་གཟེ་མ་རྭ་མགོའི་བར་ན

ངུ་སྐད་ཀླུང་དུ་ཕབ་མཁན་དེ་ངའི་བུ་ཕྲུག་རེད

མིག་ཆུ་དང་ཁྲག་དྲོན་ཁོག་ཏུ་ཉར་མཁན་དེ་ང་ཡིན

ཨུ་ཚུགས་ཀྱིས་རྨིག་པ་ས་ལ་བྲད་རྗེས

རྩེན་ཚུགས་ཀྱིས་རྭ་ཅོ་གནམ་ལ་བཏེགས་རྗེས

མི་མེད་ལུང་སྟོང་ཞིག་ནས་ང་དེ་ལྟར་རྒུད་འགྲོ

2018.1.1ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1