མིང་གི་སྙན་པ་དེ་མྱངས་ནས།།
ལོ་མང་ཐུག་འཕྲད་ལ་རེ་ཡོད།།
སྐད་ངག་དྲོན་མོ་རང་བསྲེས་ཏེ།།
ཁ་དན་ཚིག་ཐོག་ལ་བབས་སོ།།
ཞོགས་པའི་དྲིལ་བརྡ་ཡི་ཁྲོད་ན།།
དྲན་པའི་ལང་ཚོ་ཞིག་མངོན་ཡོད།།
ལས་དང་སྐལ་བ་རང་མིན་ན།།
ལྷན་འཛོམས་ཡག་པོ་འདི་མི་འབྱུང་།།
ཞལ་རས་འཛུམ་དཀར་ལ་རོལ་ཅིང་།།
ཁ་བརྡའི་གཞུང་རིང་ལ་འཁོར་ཏེ།།
མཉམ་དུ་ཞལ་ཟས་ལ་རོལ་བ།།
ཚེ་འདིར་བརྗེད་པ་རང་མི་སྲིད།།
བསམ་དོན་རི་མོ་ཡི་འཁྱུག་གར།།
སེམས་པའི་ནང་ལོགས་སུ་བྲིས་སོང་།།
ཁ་ཚིག་རྗེ་བཙུན་གྱི་མགུར་མས།།
ཡིད་སེམས་དབང་མེད་དུ་དྲངས་སོང་།།
མིག་ལ་རབ་མཛེས་ཀྱི་དཔལ་སྟེར།།
ཡིད་ལ་བདེ་སྟོང་གི་ཉམས་སྟེར།།
སེམས་ལ་སྤྲོ་དགའ་ཞིག་བྱིན་པ།།
སྨྲ་བསམ་བརྗོད་མེད་ཅིག་རེད་དོ།།
འུ་གཉིས་ལྷན་འཛོམས་དེ་ལས་རེད།།
འཛོམས་པ་ཡག་མོ་འདི་ལས་རེད།།
ལས་ཀྱི་མཐུ་དཔུང་དེ་བཙན་པས།།
ཚོར་བ་སྐྱེན་པོ་འདི་གནང་ཡོད།།
རང་ཚུགས་རི་བོ་ལས་བརྟན་ཞིང་།།
གཤིས་རྒྱུད་མདའ་མོ་ལས་དྲང་བའི།།
མ་བཟང་བུ་མོ་ཡི་ཁྱད་ཆོས།།
ཁྱེད་ཀྱི་ལུས་སྟེང་ནས་རྙེད་ཡོང་།།
ལུས་ཀྱི་ལྷོད་ཉམས་དེ་ཡག་པ།།
ངག་གི་དབྱངས་འགྲོས་དེ་སྙན་པ།།
ཡིད་ཀྱི་འཆར་སྒོ་དེ་བཟང་བས།།
ཤེས་རིག་འཇོན་ཐང་གིས་བརྒྱན་འདུག །
བྱམས་བརྩེ་སྤྲིན་དཀར་གྱི་འདབ་མ།།
ཡིད་ཀྱི་སྒོ་མོ་ལ་འབྱོར་ཞིང་།།
ལྷག་བསམ་སྦྲང་ཆར་གྱི་ཐིགས་པ།།
སེམས་པའི་གཏིང་རིམ་ལ་ཐོར་ཡོད།།
བྱ་བའི་དགོས་དབང་དེ་མིན་ན།།
ལུས་སེམས་ལྷོད་པོ་རང་བྱས་ཆོག །
ལན་གཅིག་འཕྲད་པ་ཡི་ལས་ལ།།
བྲེལ་བ་དེ་འདྲ་ཞིག་མི་དགོས།།
ལས་ཀའི་བྲེལ་ཟིང་ལ་རན་པའི།།
ལག་འཇུ་དྲོན་མོ་ཞིག་གནང་སོང་།།
རྒྱབ་གཟུགས་དེ་ཉིད་ལ་ཅེར་ཏེ།།
འཁྲེང་སེམས་དངན་པ་ཞིག་ཤོར་ཡོད།།
མི་རིང་དུས་ཚོད་ཀྱི་ནང་ལ།།
མཇལ་འཛོམས་རེ་སྨོན་ལ་བཏབ་ཡོད།།
དམ་ཚིག་རྡོ་ཐོག་གི་རི་མོ།།
མི་འཇིག་རང་སེམས་ལ་བྲིས་ཡོད།།
གར་སོང་ལམ་བུ་དེ་དཀར་པོ།།
གར་བསྡད་ལས་དོན་དེ་ལེགས་འགྲུབ།།
ཚེ་རིང་སྙན་པ་ཡི་དཔལ་གྱིས།།
ཁྱེད་རང་དུས་ཀུན་ཏུ་སྲུང་ངོ་།།