འཚོ་བའི་མལ་ཁུད་གཉིད་པའི་རྨི་ལམ་འཁྱག་པས།།
ཟླ་འོད་ཕོག་གྲིབ་ངོགས་ཀྱི་བརླན་པ་གྲང་གྲང་།།
སུ་ལ་དུས་མཐའི་གྲོང་གི་དགུན་གཞུང་དྲངས་མྱོང་།།
སུ་ལ་བསྐལ་པའི་མཐའ་ཡི་རྨི་ལམ་འཁྲུལ་མྱོང་།།
དཔྱིད་སར་ཞེ་ན་འཁྲུངས་པའི་མེ་ཏོག་ཆུན་པོ།།
དྲན་པའི་ཡིད་གླིང་སྡུག་པའི་ནམ་མཁའ་ནག་པོ།།
འཁྱག་ན་དྲོ་དྲོ་བྱེད་པའི་ལྭ་བ་གློ་ཉེ།།
དྲོས་ན་བསིལ་བ་གཏོང་བའི་ཆར་འབྲུ་དབྱངས་ཟིལ།།
ནམ་ཞིག་བསྐལ་པ་འགྲིབ་པའི་དུས་ཚེས་དབྱར་གཞུང་།།
མེ་ཏོག་ཞྭ་མོ་བསླས་པའི་དུས་ཆད་ཡིན་ངེས།།
དེ་དུས་གཙང་པོ་བཅུས་པའི་རྫིང་ཆུའི་ནང་ན།།
འུ་གཉིས་ཁྲུས་ལ་ཞུགས་པའི་དུས་ལྷག་ཡོད་འདྲ།།
མཚན་མོའི་སྙན་ངག་གྲོང་གི་དབྱངས་ཀྱི་ཆགས་མོས།།
ཟླ་བ་ངུས་སྙིང་བྲོ་བའི་འཁུན་སྒྲ་མག་མོག །
སུ་ཡིས་ཡུན་རིང་བཅུ་བའི་འོ་མའི་མཚོ་རླབས།།
ཆལ་ཆིལ་རླབས་ཕྲེང་དང་བཅས་ཡུལ་མཁར་བྱོ་འགྲོ།།
སྣང་བའི་སྒེའུ་ཁུང་འགྲམ་གྱི་ཕྱེ་ལེབ་ཁྲ་བོས།།
གཤོག་འགྱུར་རྡེབ་འགྲོས་ཁུད་ཀྱི་དྲན་གདུང་གསོན་པོ།།
སྐྱེ་འཆི་བར་དོའི་སྐབས་ཀྱང་བརྗེད་མེད་ཆགས་པའི།།
བས་མཐའི་ཚོར་བའི་གདངས་ལ་སྙན་པ་དྲིལ་བྱུང་།།
དབྱངས་ལ་བམ་ཁ་མཐུག་པོའི་འཚོ་བའི་མར་ལོ།།
འདང་ཞེན་མངར་སྐྱུར་མོད་པའི་སྦྲང་རྩི་འོ་ཞོ།།
བཏུང་ནས་རྫོགས་མཐའ་བྲལ་བའི་སྐོམ་ཆུའི་ལན་ཚྭ།།
མེད་པའི་རྣམ་ཤེས་བོར་བའི་བེམ་ཀོག་ལྷག་མ།།