ང་ནི་ངུ་དགོད་གྲངས་མེད་ཀྱི།།
རླུང་གིས་བདས་པའི་ལོ་མ་བཞིན།།
སྒང་གཞུང་གང་དུའང་མ་ངེས་པར།།
ཚེ་རབས་མང་པོར་འཁོར་ཉེན་གདའ།།
ལས་ཀྱི་ཁ་དོག་ཁྲི་སྟོང་གིས།།
སོ་སོའི་རྣམ་རྟོག་མེ་རུ་འབར།།
འཇིག་རྟེན་ལེབ་ཀྱིས་མཐོང་ཚུལ་འདིས།།
སླར་ཡང་སྐད་ཆའི་ཉིན་སྲིབ་དབྱེ།།
གློ་བུར་འཛོམས་པའི་ལས་རླུང་གིས།།
ཁྱོད་ཀྱི་གདོང་གི་མེ་ཏོག་བསྒུལ།།
འཛུམ་གྱི་འདབ་མ་རེ་རེ་ལ།།
ཁོ་བོའི་སེམས་ཀྱིས་ཡང་ཡང་བསྙབས།།
ཚེ་ཡི་འཕེལ་འགྲིབ་སྟོང་དུ་ཡང་།།
འདང་གི་ཁ་དོག་མ་ཡལ་བས།།
ཁྱོད་ནི་ཁོ་བོའི་ཚེ་སྔོན་གྱི།།
རྣམ་ཤེས་འཁོར་སའི་རྒྱ་སེ་འོ།།
འུ་གཉིས་ལས་ཀྱི་ནམ་མཁའ་ལ།།
ཉི་ཟླའི་འཆར་ནུབ་མི་འདྲ་ཡང་།།
འཛུམ་གྱི་མེ་ཏོག་བཞད་སྟངས་འདི།།
སྐྱེ་བ་སྔོན་གྱི་ལས་སྐལ་ཡིན།།
འུ་གཉིས་སེམས་ཀྱི་ལན་བུ་ལ།།
ཐ་སྙད་ཚིག་གིས་ཞིབ་ཏུ་ཤད།།
སྐད་ཆའི་འབྲུ་མ་རེ་རེ་ནི།།
སོ་སོའི་ཞེ་ཡི་རི་མོ་ཡིན།།
ང་ནི་དེང་མའི་བྱིས་པ་བཞིན།།
འཇའ་ཡི་སྣེ་མོ་ཨེ་ཟིན་བལྟས།།
འདུ་དང་འབྲལ་བའི་ཆོས་ཉིད་དག །
སེམས་ཀྱི་ལྟོ་བར་མི་ཤོང་ཡང་།།
འུ་གཉིས་གཙང་པོའི་ཕར་ཚུར་ནས།།
རང་རང་ལ་མོ་རྒྱག་དགོས་བྱུང་།།
བགད་ཅིང་ངུ་བའི་ལས་སྐལ་འདིས།།
སོ་སོའི་ཞེ་ལ་སྨུག་པ་བཏབ།།
ཁྱོད་ཀྱིས་རང་གི་མདུན་རྒྱབ་ཀྱི།།
གཤོག་པའི་ངོས་ཀུན་ང་ལ་བསྟན།།
ང་ཡིས་ཚེ་རབས་མང་པོ་ལ།།
ཁྱོད་ཀྱི་འཕུར་འགྲོས་ཨེ་མཐོང་བལྟ།།
ངེད་གཉིས་འདི་ནས་རང་སར་ལོག །
སླར་ཡང་དགོད་པའི་སྐལ་བ་དབེན།།
ཁོ་བོ་གཏིང་ནས་བརྗེད་པར་ཞུ།།
ལམ་ནས་ལམ་ལ་བདེ་བར་བཞུད།།