གཞས་བཏང་བ།(ཞར་བཀོད་གཉིས)

ཀླུ་ཚང་སྨྱུག་རྩེན།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


དཔོན་པོས་ང་ལ་གཞས་ཤིག་ཐོངས་ཟེར

ངས་གཞས་ཤིག་བཏང་བ་ཡིན

ནང་དོན་ནི་དཔོན་པོའི་སྐུ་ཚེ་རིང་བར་ཤོག་ཅེས་པ་དེ་ཡིན

དཔོན་པོས་ང་ལ་ད་དུང་གཞས་ཤིག་ཐོངས་ཟེར

ངས་ཡང་བསྐྱར་གཞས་ཤིག་བཏང་བ་ཡིན

ནང་དོན་ནི་དཔོན་པོའི་གོ་ས་འཕར་བར་ཤོག་ཅེས་པ་དེ་ཡིན

དཔོན་པོས་ང་ལ་མུ་མཐུད་དུ་གཞས་ཤིག་ཐོངས་ཟེར

ངས་ཡང་བསྐྱར་གཞས་ཤིག་བཏང་བ་ཡིན

ནང་དོན་ནི་ལྟས་ངན་སྡུག་ཤི་རྒྱག་རྒྱུ་བོ་ཞེས་པ་དེ་ཡིན

༢༠༡༧.༩.༡༧

གྲིབ་གཟུགས།

མཚན་མོ་འདིར་ངས་རང་ལ་གྲིབ་གཟུགས་ཤིག་ཡོད་ན་འདོད

རྒྱུ་མཚན་ནི ང་རང་ཁེར་རྐྱང་ལ་ཧ་ཅང་སྐྲག་པས་ཡིན

གཉིད་ཉལ་དུས་རྨི་ལམ་དུ

གྲིབ་གཟུགས་རིང་བོ་ཞིག་ཡོང་ནས་ང་ལ་འཁྱུད

ང་རང་སྐྲག་སྣང་གིས་གཉིད་ལས་སད

ཕྱི་ཉིན་ངས་ཉི་མ་དཀར་དཀར་ལ

རང་ལ་གྲིབ་གཟུགས་ཤིག་དགོས་དོན་མི་འདུག་སྙམ

༢༠༡༧.༩.༢༠

ཐེ་ཚོམ་གྱི་དྲི་བ།

ང་རང་ཉི་ཟླ་གཉིས་ཀྱི་ཁ་གཏད་ཀྱི

རང་གི་གོ་ལའི་སྤྱི་གཙུག་ཏུ་འགྲེང་ནས

སྟོང་ཁམས་ཆེན་མོར་ཀི་རིང་ལན་གསུམ་བཏབ

ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་ཞིག་ལ

ང་རང་རང་གི་འཇིག་རྟེན་ལས་ཤུད་དེ

སྟོང་ཁམས་ཆེན་མོའི་སྒྲ་མེད་པའི་མཐའ་མེད་ཀྱི་དབྱིངས་ལ་འདྲེས

ཆར་བ་ཤག་ཤག་འབབ་པའི་དབྱར་གཞུང་ཞིག་ལ

ང་རང་ཕྱིར་རང་གི་འཇིག་རྟེན་དུ་རྩྭ་ཕྲན་ཞིག་ཏུ་སྐྱེས་ཏེ

ལྗང་མདོག་མཐའ་མེད་པའི་སྒྲ་དང་དབྱངས

འོད་བཅས་ཀྱི་ངོ་བོར་འདྲེས་ཡོང་ངམ

༢༠༡༧.༨.༡༢ཉིན།


རྩོམ་ཡིག་སྔོན་མ།
ལི་ཐང་གི་མཚན་མོ།
རྩོམ་ཡིག་རྗེས་མ།
བར་ཐག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1