ལི་ཐང་གི་མཚན་མོ།

གེ་སར།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-17


ལི་ཐང་ནི་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་ཟེར་དོན

ངས་ཆུང་དུས་ནས་ཚངས་མགུར་བཀླགས་མྱོང་བས་ཡིན

ལི་ཐང་ནི་ཆ་མེད་རྒྱུས་མེད་ཅིག་ཡིན་ཟེར་དོན

ང་དོ་ནུབ་མ་གཏོགས་ལི་ཐང་ལ་སླེབས་མ་ཐུབ་པས་ཡིན

དོ་ནུབ རླུང་གི་ང་རོའི་གསེང་ན ཆར་བའི་ངུ་སྒྲའི་ཀློང་ན

ཚངས་མགུར་གྱི་དབྱངས་རྟ་ཕྱོགས་བཞིར་མཆེད་ཀྱིན་མི་འདུག་ལ

གློག་སྡོང་གིས་བཏེགས་པའི་ཁྲུང་ཁྲུང་དཀར་མོ་དེ་དག་ལའང་གཤོག་རྩལ་མི་འདུག

ལི་ཐང་ནི་གནས་མཆོག་ཅིག་ཡིན་པའི་ཆ་ནས

ལི་ཐང་ནི་སེམས་ཀྱི་བརྩེ་བ་རྡོག་རྡོག་ཅིག་ཡིན་པའི་ཆ་ནས

ལི་ཐང་ནི་ནམ་ཡང་འབྱོར་ཐབས་མེད་པའི་མཐོ་ཚད་ཅིག་ཡིན་པའི་ཆ་ནས

དོ་ནུབ ངས་རང་གི་རྣ་གཤོག་མཐོ་རུ་གཏད་ནས་ཁྱེད་ལ་མཉན་ཡོད

དོ་ནུབ ངས་རང་གི་མིག་ཟུང་ཆེ་རུ་བགྲད་ནས་ཁྱེད་ལ་བལྟས་ཡོད

ཡིན་ནའང ཡིན་ནའང

ལི་ཐང་ཡ་ལི་ཐང

ཞེན་ཆགས་ནི་སྔར་བཞིན་ཞེན་ཆགས་ཡིན་པ་ཙམ་ལས

ང་ལ་ཁྱེད་ཀྱི་མཚན་མོ་འདིའི་སྨག་རུམ་གྱི་སྒོ་མོ་བརྟོལ་བྱེད

ཚངས་མགུར་གྱི་གསང་བའི་ལྡེ་མིག་དེ་མི་འདུག

ཚངས་མགུར་གྱི་ངོ་མཚར་ལམ་ཡིག་དེ་མི་འདུག

ཆར་བ་ཟམ་ཟིམ་གྱི་ཀློང་ནས

གློག་འོད་མག་མོག་གི་ཁྲོད་ནས

ངས་རྒྱབ་གཟུགས་ཤིག་མཐོང་བྱུང

རེས་གསལ་རེས་མོག་གི་རྒྱབ་གཟུགས་ཤིག་མཐོང་བྱུང

དེ་ནི་ལོ་རྒྱུས་ཀྱི་ཀློང་ནས་སླེབས་པའི་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཡིན་ནམ

དེ་ནི་ཟང་ཟིང་གི་སྲིད་པ་གླུ་རུ་གྱེར་མཁན་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཡིན་ནམ

འཁོར་བ་རྒྱ་མཚོའི་འཇིངས་ན

སྣང་སྲིད་སྒྱུ་མའི་ཡུལ་ན

རིག་འཛིན་ཚངས་དབྱངས་རྒྱ་མཚོ

ཉོན་མོངས་ལ་གོམས་པའི་མི་ཚོས་ད་ལྟ་ཁྱེད་རང་དྲན་གྱིན་འདུག

འདོད་སྲེད་ལ་ཆགས་པའི་མི་ཚོས་ད་ལྟ་ཁྱེད་རང་དྲན་གྱིན་འདུག

ཡིན་ནའང ཡིན་ནའང

ཁྱེད་ཀྱིས་འཇིག་རྟེན་གྱི་མཐོ་ས་ཞིག་ཏུ་གཟན་ཤམ་དམར་པོ་རླུང་ལ་བརྡར་ནས་ཕེབས་སོང

ཁྱེད་ཀྱིས་ཉམས་རྟོགས་ཀྱི་སྣང་བ་ཡོད་ཚད་མགུར་གླུའི་དབྱངས་རྟར་བཀུག་སྟེ་ཕེབས་སོང

ཕྱི་མིག་ཙམ་ཡང་མེད་པ་ནི

ལོ་རྒྱུས་ཀྱི་ཨི་ཁུང་རལ་བོ་འདི་དང་ཇི་འདྲའི་མཚུངས་ཨང

མ་སྐྱེས་ཨ་མ་ནི་ལི་ཐང་གི་བྱམས་པ་ཞིག་ཡིན་ནམ

ཚེ་སྔ་ཕྱི་གཉིས་ནི་མེ་ལོང་ནང་གཟིགས་འདྲ་ཞིག་ཡིན་ནམ

ང་ཡི་རིག་འཛིན་ཚངས་དབྱངས་རྒྱ་མཚོ

ཁང་རྙིང་གཟིམ་ཁང་ནང་དུ་མཇལ་ཞོར་ངས་དེ་ལྟར་དྲན་ཞིང

ཚེར་མ་གྲོང་གསར་གྱི་ལམ་ཆུང་ནང་སྐྱོད་ཞོར་དུའང་ངས་དེ་ལྟར་དྲན

མི་ལོ་བཞི་བརྒྱའི་སྔོན་གྱི་ཁང་ངོས་ཀྱི་དུད་དྲེག་ལ་རེག་བཞིན་ངས་དེ་ལྟར་དྲན་ཞིང

བདེ་སྐྱིད་གྲོང་གསེབ་ཀྱི་གྱང་ངོས་སུ་སྦྱར་བའི་ལྕི་བར་ལྟ་བཞིན་ངས་ཡང་དེ་ལྟར་དྲན་བྱུང

མི་རྣམས་ཐག་རིང་ནས་གནས་འདིར་འོངས་དོན་ཁྱེད་རང་འཚོལ་ཆེད་ཡིན་ཟེར

ང་ཐག་རིང་ནས་གནས་འདིར་འོངས་དོན་ཁྱེད་དང་ཉེ་བར་གཅར་ཆེད་ཡིན

ལི་ཐང་དགོན་ཆེན་གྱི་རྒྱལ་བ་བྱམས་པའི་འཛུམ་ཟེར་ཀློང་ན་ཁྱེད་རང་མི་འདུག

ནང་མ་ཁང་གི་གཞས་མ་ཚོའི་གླུ་ཡི་འགྱུར་ཁུགས་ཁྲོད་ན་ཁྱེད་རང་མི་འདུག

སྲང་མདོ་ན་ཉི་མར་ལྡེ་བའི་རྒན་རྒོན་ཚོའི་མ་ཎིའི་དབྱངས་རྟ་ཁྲོད་ན་ཁྱེད་རང་མི་འདུག

རིག་འཛིན་ཚངས་དབྱངས་རྒྱ་མཚོ

ཁྱེད་རང་གང་དུ་བཞུགས་ལགས་སམ

དོན་དུ་ཡོད་མེད་གཉིས་ཀྱི་བར་མཚམས་ན

ཁྱེད་ནི་ཇི་སྲིད་བར་དུ་བརྟན་ནེར་ལྷང་ངེར་གསོན་པོར་བཞུགས་ཡོད་ཨང

ནམ་གུང་གཉིད་ལས་སད་དུས

ཆར་ཟིམ་གྱིས་ད་དུང་རྩྭ་ལྗང་གི་ཁ་ངོ་འཁྲུད་ཀྱིན་འདུག

ཆར་ཟིམ་གྱིས་ད་དུང་འདུ་ཁང་གི་གསེར་ཏོག་འཁྲུད་ཀྱིན་འདུག

ལི་ཐང་ཡ་ལི་ཐང

ལི་ཡི་མེ་ལོང་འདྲ་བའི་ཐང་ཁུགས་ན

རྨི་ལམ་སྟོང་ཕྲག་ནི་རེ་སྒུག་ཁྲི་ཕྲག་ལ་འབྱར་ཡོད་ཅིང

རེ་སྒུག་ཁྲི་ཕྲག་ནི་ཡིད་ཆེས་འབུམ་ཕྲག་ལ་འཁྱུད་ཡོད་ནའང

དོ་ནུབ ངས་ད་དུང་རང་གི་བྲང་ཁོག་ཁྱེད་ལ་གཏོད་མ་ཐུབ

ངས་ད་དུང་རང་གི་སེམས་ངོ་ཁྱེད་ལ་འཕྲོད་མ་ཐུབ

ཕྱི་རོལ་གྱི་ཆར་བའི་ཤག་སྒྲར་ཉན་བཞིན་ཉན་བཞིན

ངའི་སྙིང་ཁམས་ལྷོག་ལྷོག་ཏུ་གདུ་མགོ་བརྩམས་སོང

སྐབས་འདིར ཡོད་ཚད་གཉིད་དུ་ཡུར་བའི་སྐར་ཆ་འདིར

རླུང་བུས་གྱེར་བཞིན་པ་དེ་ཚངས་མགུར་ཡིན་ནམ

ང་ཡིས་བཙལ་ནས་རྙེད་དང་མ་རྙེད་པ་དེ

རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཁྱེད་ཉིད་ཡིན་ནམ

ལི་ཐང་ཡ་ལི་ཐང

དོ་ནུབ ངས་རང་གི་རྣ་གཤོག་མཐོ་རུ་གཏད་ནས་ཁྱེད་ལ་མཉན་ཡོད

དོ་ནུབ ངས་རང་གི་མིག་ཟུང་ཆེ་རུ་བགྲད་ནས་ཁྱེད་ལ་བལྟས་ཡོད

2017.7.3ཉིན་ཁམས་ལི་ཐང་ནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1