༄༅།། བོད་ཀྱི་སྲོལ་རྒྱུན་མདའ་རྩེད་རིག་གནས་ཀྱི་བྱུང་འཕེལ་བཤད་པ།

གཅོད་པ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་རིག་པ། སྤེལ་དུས། 01-18


གཅོད་པ་དོན་གྲུབ།

          དེ་ཡང་འཛམ་གླིང་ཟླུམ་པོའི་ཡང་རྩེར་གྲགས་པའི་མདོ་དབུས་མཐོ་སྒང་འདིར་གནའ་སྔ་མོ་ནས་བཟུང་གངས་ཅན་བོད་པ་མི་རིགས་འདི་འདུས་སྡོད་བགྱིས་ཡོད་ཅིང་།  ཁོང་རྣམས་ཀྱིས་རི་དྭགས་བཏུལ་ནས་སྒོ་ཕྱུགས་ལ་བསྒྱུར་བ་དང་ས་རྒོད་བཏུལ་ནས་ལོ་ཏོག་འདེབས་པའི་ཞིང་སར་བསྒྱུར་ནས་མི་རབས་ནས་མི་རབས་འཚོ་བ་རོལ་བཞིན་མཆིས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་གདོད་མའི་ཆོས་ལུགས་དང་མིས་བཟོས་ཆོས་ལུགས་བཅས་ཀྱིས་མིའི་བསམ་བློ་དང་རིག་གནས། ཡུལ་སྲོལ་གོམས་འདྲིས་ལ་སོགས་པར་ཤན་ཤུགས་གཏིང་ཟབ་ཐེབས་དང་ཐེབས་བཞིན་ཡོད་པ་མི་རྣམས་ཀྱིས་མཁྱེན་གསལ་ལྟར་རེད། བོད་གངས་ཅན་གྱི་མངོན་པར་མཐོ་བའི་བཅུ་ཕྲག་རིག་ཀྱི་བྱེ་བྲག་སྟེ།  གསོ་བ་རིག་པ་དང་སྐར་རྩིས་རིག་པ། བཟོ་རིག་པ། རྩོམ་རིག ཟློས་གར། གཞས་བྲོ། ལུས་རྩལ་སྦྱོང་བརྡར་བཅས་སྣ་མང་རང་མི་རིགས་ལ་ཡོད་པ་མ་ཟད། ཁྱད་འཕགས་ཀྱི་ཁྱད་ཆོས་ཀྱང་ལྡན་ཞིང་། རིག་གནས་ཀྱི་གཏིང་ཟབ་མོ་ཆགས་ཡོད། དམངས་ཁྲོད་དུ་དར་རྒྱ་ཆེ་བའི་བོད་པའི་སྲོལ་རྒྱུན་རྟ་རྒྱུག་དང་གཡག་རྒྱུག སྐྱ་རྩལ། མདའ་རྩེད། འགྱིག་རྩེད། སྤོ་ལོ། འཇུ་རེས་བཅས་པའི་ལུས་རྩལ་སྦྱོང་བརྡར་བྱ་འགུལ་བཅས་པ་བོད་མི་རིགས་འདི་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་དུ་གསོ་སྐྱོང་གནང་བའི་རིན་ཆེན་མུ་ཏིག་རེ་རེ་རེད་ཟེར་ཆོག མདའ་རྩེད་ལ་དཔེ་བཞག་ན་བོད་རིགས་སྲོལ་རྒྱུན་གྱི་ལུས་རྩལ་སྦྱོང་བརྡར་གྱི་བྱ་འགུལ་ཞིག་ཡིན་ལ།  དེར་འགྲན་སྡུར་དང་སྤྲོ་རྩེད་ལྷན་དུ་འཛོམས་པ་ལས་གཞན། བོད་རིགས་ཕོ་གསར་ཚོའི་ཐེབ་རྩལ་དང་སྟོབས་ཤུགས། སྙིང་སྟོབས་བཅས་པ་འགྲན་སྡུར་བགྱིད་པ་དང་མང་ཚོགས་སྐྱེས་ཕོ་མོ་རྒན་གཞོན་རྣམས་ཀྱང་སྤྲོ་རྩེད་ལ་ཞུགས་པའི་རྒྱུན་ལྡན་གྱི་ཐུན་མོང་གུ་བྱ་འགུལ་ཞིག་ཀྱང་ཡིན། འཇའ་ཚོན་སྣ་ལྔས་སྤྲས་པའི་གཡང་མདའ་དཀར་མོས་ལོ་རྒྱུས་ཀྱི་སྤྲིན་རིམ་བརྟོལ་ནས་གསེར་འོད་ལམ་ལམ་འཕྲོ་བཞིན་པ་ལས། གནའ་རབས་བོད་བཙན་པོའི་སྐབས་ཀྱི་དཔའ་བོའི་རྟུལ་ཕོད་དང་བརྗིད་ཉམས་མཐོང་ཐུབ་ལ། ཤུགས་ལྡན་གྱི་ཞབས་རྡུང་དང་། སྤྲོ་ལྡན་གྱི་ཀི་སྒྲ། ལྷན་འཛོམས་ཀྱི་དམངས་གླུ་བཅས་ལས་ལྷོག་ལྷོག་ཏུ་འཕྱུར་བའི་གངས་ལྗོངས་བོད་པ་རྣམས་ཀྱི་ཉམས་མེད་ཀྱི་ཚེ་སྲོག་ཀྱང་མཚོན་ཐུབ།
གཅིག མདའ་རྩེད་ཀྱི་བྱུང་རབས།
          བོད་ཀྱི་གནའ་རབས་ཀྱི་ཡིག་ཆ་ལས་གསལ་པ་ལྟར་ན། མདའ་གཞུ་ནི་གདོད་མའི་སྤྱི་ཚོགས་སྐབས་སུ།   གནའ་མི་རྣམས་ཀྱི་རི་དྭགས་རྔོན་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་མ་ཟད་རང་ཉིད་སྲུང་སྐྱོབ་བྱེད་སྤྱད་ཀྱི་མཚོན་ཆའི་རིགས་ཤིག་ཀྱང་ཡིན་གསུངས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་རིམ་གྱིས་མདའ་གཞུའི་བཀོལ་སྤྱོད་ཀྱི་ཁ་ཕྱོགས་ལ་འགྱུར་ལྡོག་བྱུང་སྟེ་ཁྱབ་བརྡལ་ཆེས་ཆེ་ཞིང་། ཞུགས་མཁན་གྱི་མི་གྲངས་ཆེས་མང་བའི་ལུས་རྩལ་སྦྱོང་བརྡར་གྱི་རྣམ་གྲངས་ཤིག་ཏུ་གྱུར། གནའ་རབས་ཀྱི་མི་རྣམས་ཀྱིས་མདའ་གཞུ་བཀོལ་སྤྱོད་ཐོག་མ་ཤེས་བྱུང་བ་དེས། མི་རྣམས་ཀྱིས་སྐྱེ་དངོས་ཀྱི་འགུག་ནུས་དང་མིའི་དཔུང་ཤུགས་ཟུང་འབྲེལ་བྱེད་པ་དང་།  རིམ་གྱིས་བྱ་འགུལ་གྱི་ནུས་རྩལ་མཐོར་འདེགས་བཏང་སྟེ། རང་སྲུང་ཕར་འདུལ་གྱི་ལས་ལ་ཞུགས་པ་དེ་ནི་འགྲོ་བ་མིའི་རིགས་ཀྱིས་ཐོག་མར་རྣམ་པ་མི་གཅིག་པའི་སྔོན་ཐོན་གྱི་ཡོ་བྱད་ཅིག་བཀོལ་སྤྱོད་བྱེད་ཤེས་ཤིང་།  འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་འདུལ་བའི་ནུས་ཤུགས་སྔར་ལས་འཕུར་མཆོང་ཆེན་པོ་བྱུང་བ་གསལ་པོར་མཚོན་ཡོད། བོད་པའི་མདའ་གཞུ་རྒྱ་ཆེར་བཀོལ་པའི་དུས་ནས་གདོད་མའི་སྤྱི་ཚོགས་སྐབས་ཀྱི་དབང་མཛད་བཅུ་གཉིས་ཏེ་གནོད་སྦྱིན་ནག་པོས་དབང་བསྒྱུར་སྐབས་ཡིན་པ་ཀུན་ཏུ་གྲགས། ད་ལྟ་མཁས་པ་བགྲེས་གཞོན་རྣམས་ཀྱིས་ཀྱང་མདའ་གཞུ་ནི་གདོད་མའི་དབང་མཛད་བཅུ་གཉིས་ཀྱིས་དབང་མཛད་པའི་སྐབས་སུ་བྱུང་བ་ཡང་བཞེད་པ་གཅིག་མཐུན་རེད་། 《ལྡེའུ་ཆོས་འབྱུང་》ལས། “ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་།། སྟ་རེ་དགྲ་སྟ་དུས་དེར་ལག་ཆ་བྱུང་།། ལག་ཆ་ཁ་ཊ་རྩེ་གསུམ་དེ་ནས་བྱུང་།།ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང་།།”ཞེས་པ་ལས།  བོད་ཀྱི་མདའ་གཞུ་ལས་གཞན་སྟ་རེ་དགྲ་སྟ་མདུང་། ཁ་ཊ་རྩེ་གསུམ་བཅས་པ་ཡང་སྐབས་དེར་བྱུང་བ་ཤེས་ཐུབ།
          བོད་པའི་མདའ་གཞུ་བྱུང་འཕེལ་གྱི་སྐོར་གནའ་རབས་ཀྱི་ཡིག་ཚང་གང་མང་ལས་བསྟན་འདུག་པ་ལས་གཞན། བོད་ལྗོངས་ཀྱི་བྱང་ཐང་ནུབ་ཕྱོགས་སུ་མཆིས་པའི་གནའ་བའི་རྡོ་བརྐོས་རི་མོའི་སྟེང་དུ། ཕྱུགས་ལས་གཉེར་བའི་འབྲོག་མི་ཚོས་མདའ་གཞུ་བཟུང་ནས་རི་དྭགས་རྔོན་པའི་ལོ་རྒྱུས་གསལ་པོར་བརྐོས་ཡོད། མདའ་གཞུ་འདི་གདོད་མའི་འགྲོ་བ་མིའི་རིགས་ཀྱི་རི་དྭགས་རྔོན་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད།  ཕྱིས་སུ་ཕན་ཚུན་དམར་གསོད་བྱེད་སྤྱད་ཀྱི་མཚོན་ཆ་ཞིག་ཏུ་ཡང་གྱུར་འདུག ད་དུང་བོད་ལྗོངས་ཆབ་མདོའི་ཁ་རོ་(卡若) དང་ལྷ་སའི་ཆུ་གོང་(曲贡 )གནའ་ཤུལ་དུ་བྱུང་བའི་རྡོ་རིལ་དང་རྡོའི་མདེའུ་ལས་རྟོགས་པ་ནི་དུས་སྐབས་དེའི་བོད་པས་མདའ་གཞུ་གསར་གཏོད་ཐུབ་པ་བྱུང་བ་མ་ཟད། ལྷ་སའི་ཆོས་གོང་གནའ་ཤུལ་ལས་སྔོན་འདོན་བྱུང་བའི་ཟངས་སེར་གྱི་མདེའུ་ལས་གསལ་བྱེད་ཐུབ་པ་སྟེ། གནའ་རབས་བོད་པས་རྡོ་བཟོས་ཀྱི་མདེའུ་བཀོལ་སྤྱོད་བྱེད་ཤེས་པ་མ་ཟད་ལྕགས་རིགས་ཀྱི་མདེའུ་ཡང་བཀོལ་རྒྱ་ཆེ་བ་མཐོང་ཐུབ།
          གནའ་རབས་ཀྱི་ལོ་རྒྱུས་གླེགས་བམ་གལ་ཆེན་ཏེ།《མཁས་པའི་དགའ་སྟོན་》དང་། 《ཐང་ཡིག﹒ཐུ་བྷོད་ཀྱི་ལོ་རྒྱུས་》 བཅས་ལས་ཀྱང་མདའ་གཞུའི་ལོ་རྒྱུས་གསལ་པོར་བཀོད་འདུག དེ་ཡང་བོད་ཡིག་གི་ལོ་རྒྱུས་དེབ་ཐེར་《མཁས་པའི་དགའ་སྟོན་》ལས་བཀོད་པ་ལྟར་ན། མདོ་དབུས་མཐོ་སྒང་དུ་གནའ་རབས་སྐབས་སུ་“ཐོག་མ་ཚོ་ཁག་ཆེན་པོ་བཅུ་ལྷག་ཡོད་ཅིང་།  དེའི་ཚོའི་ཁྲོད་དུ་སྔ་ཕྱིར་མདའ་གཞུ...… བཅས་པའི་མཚོན་ཆ་བྱུང་བ་རེད། ”ཅེས་མདོ་དབུས་མཐོ་སྒང་དུ་མདའ་གཞུ་ཐོག་མ་བྱུང་བའི་ལྟ་བ་བརྗོད་ཡོད་པ་དང་། རྒྱའི《ཐང་ཡིག﹒ཐུ་བྷོད་ཀྱི་ལོ་རྒྱུས་》ལས། “གནའ་བོའི་ཐང་རྒྱལ་རབས་སྐབས་སུ། བོད་ལྗོངས་ན་མདའ་རྩལ་གྲགས་ཅན་མཆིས། དཔེར་ན་སྟོབས་ལྡན་རྣམ་རྒྱལ་གླིང་གིས་མདས་བྱེའུ་ཁྲའི་སྒལ་བ་གཏོར་ཐུབ་པ། སྟོབས་ལྡན་འགྱུར་དགུའི་སྟོང་བཙན་གྱིས་རྒྱང་གྲགས་གསུམ་མཚམས་ལ་སླེབས་ཐུབ་པའི་མདའ་མོ་འཕེན་ཐུབ།”ཅེས་བཀོད་འདུག འདིར་ངེད་ཅག་གིས་གསལ་པོར་རྟོགས་ཐུབ་པ་སྟེ།  གནའ་རབས་བོད་པས་གནའ་ནས་བཟུང་མདའ་གཞུའི་མཚོན་ཆ་འདི་བཀོལ་སྤྱོད་ཤེས་པ་མ་ཟད། བཀོལ་ན་ཧ་ཅང་བྱང་ཆ་ཡོད་ལ།  རྒྱང་འཕེན་གྱི་ནུས་ཤུགས་ཀྱང་ཤིན་ཏུ་ཆེ་བ་ཤེས་ཐུབ།
          དེ་ཡང་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་དེང་རབས་ཀྱི་དྲག་ཆས་ཐོན་སྐྱེད་ཀྱི་ལག་རྩལ་མཐོར་འདེགས་བྱུང་བ་དང་བསྟུན་ནས་མདོ་དབུས་ཁམས་གསུམ་གྱི་མདའ་གཞུའི་ནུས་ཤུགས་ཀྱང་རིམ་གྱིས་ཉམས་ནས་སྤྲོ་རྩེད་ཀྱི་གྲས་སུ་སོང་ཡོད་ལ། ད་ལྟ་མདའ་རྩེད་ཀྱི་སྐབས་སུ་རྒྱང་འཕེན་དང་འབེན་འཕེན། གྲགས་མདའ་འཕེན་པ(བི་ཤུ)། རྟ་རྒྱུག་མདའ་འཕེན་བཅས་ཀྱི་དམངས་ཁྲོད་ཀྱི་ལུས་རྩལ་སྦྱོང་བའི་བྱ་འགུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། མདའ་རྩེད་ཀྱི་བྱ་འགུལ་འདི་དག་ད་ལྟ་རྩེ་པོ་ཏ་ལ་དང་གཙུག་ལག་ཁང་ལ་སོགས་ཀྱི་དགོན་སྡེ་མང་པོའི་ལྡེབས་རིས་སུ་གསལ་པོར་བཀོད་འདུག་པ་མཐོང་ཐུབ་ཅིང་། ད་དུང་ལྡེབས་རིས་ཤིག་གི་གསལ་བྱེད་ཀྱི་ཡི་གེ་ལས།  ད་ཐེངས་ལུས་རྩལ་སྦྱོང་བརྡར་འགྲན་བསྡུར་ལ་ཞུགས་པའི་མི་སྣ་ནི་བོད་རིགས་དང་སོག་རིགས། རྒྱ་རིགས་བཅས་ཀྱི་ལུས་རྩལ་སྦྱོང་བརྡར་མི་སྣ་བརྒྱ་ལྷག་ཞུགས་ཡོད། དེ་ལས་མདའ་རྩལ་འགྲན་བསྡུར་ལ་ཞུགས་མཁན་ནི་བརྒྱ་ལས་ཆེས་ལེགས་པོ་བདམས་པ་ཡིན་ཞེས་བཀོད་ཡོད། དུས་རབས་བཅོ་ལྔའི་སྐབས་སུ། ཏཱ་ལའི་སྒྲུ་ཕྲེང་ལྔ་བས་སྐྱེས་ཕོ་རབས་ཤིག་ལ་ངེས་པར་དུ་རྩལ་དགུ་འཛོམས་དགོས་ཞེས་པ་ལས།   མདའ་རྩལ་ནི་རྩལ་དགུ་ལས་གཙོ་ཤས་ཡིན་ཞེས་བཀོད་འདུག  གོང་ཞུས་ཀྱི་རྡོ་བརྐོས་རི་མོ་དང་ལོ་རྒྱུས་དེབ་ཐེར། ལྡེབས་རིས་བཅས་པ་ལས་སྡོམ་ཚིག་ཅིག་འཇོག་ཐུབ་པ་སྟེ།  གནའ་བོའི་མདའ་གཞུ་འདི་ཐོག་མ་རི་དྭགས་རྔོན་བྱེད་ཀྱི་ལག་ཆ་ནས་གཡུལ་འགྱེད་ཀྱི་མཚོན་ཆར་གྱུར་པ། དེ་ནས་དམངས་ཁྲོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མདའ་རྩེད་བྱ་འགུལ་ཞིག་ཏུ་གྱུར་པ་ཤེས་ཐུབ།
གཉིས། མདའ་གཞུའི་གྲུབ་ཚུལ།
          དེ་ཡང་གནའ་རབས་གདོད་མའི་སྤྱི་ཚོགས་ནས་ད་ལྟའི་དེང་རབས་ཅན་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་སོ་སོར་མི་རྣམས་ཀྱི་ཐོན་སྐྱེད་ཡོ་བྱད་ལ་འཕོ་འགྱུར་བྱུང་བ་དང་བསྟུན་ནས། མདའ་གཞུའི་གྲུབ་ཚུལ་ལའང་འཕེལ་རྒྱས་སྣ་ཚོགས་བྱུང་ཡོད། དཔེར་ན། སྐྱེར་མདའ་དང་སྐྱེར་གཞུ། སྨྱུག་མདའ་དང་སྨྱུག་གཞུ། གསོམ་མདའ་དང་རྭ་གཞུ། ལྕགས་མདའ་དང་ལྕགས་གཞུ་བཅས་པ་དང་། མདའི་རིགས་ལའང་རྒོད་སྒྲོ་མ་དང་གླག་སྒྲོ་མ། ཁྲ་སྒྲོ་མ། འུག་སྒྲོ་མ་བཅས་བཤད་སྲོལ་ཡོད། མདའ་ལྟོང་ལའང་གསེར་ལྟོང་མ་དང་། དངུལ་ལྟོང་མ། ཟངས་ལྟོང་མ། ལྕགས་ལྟོང་མ་བཅས་པ་ཡོད་ཀྱང་ད་ལྟ་མཐོང་པ་ཧ་ཅང་དཀོན་པོ་འདུག ངེད་ཅག་གིས་མནའ་བོའི་ལོ་རྒྱུས་ཀྱི་ཡིག་ཆ་ལས་རྟོགས་པ་ལྟར་ན། དེང་ཐོག་དར་བའི་མདའ་གཞུ་ནི་སྐྱེར་མདའ་དང་སྐྱེར་གཞུ་ཡིན། དེའི་རྒྱུ་མཚན་ཡང་བོད་ཁ་བ་ཅན་གྱི་ཆོལ་ཁ་གསུམ་གྱི་ས་ཆ་ཀུན་ཏུ་སྐྱེར་བའི་རྒྱུ་ཆ་འཚོལ་སླ་ཞིང་བཀོལ་བདེ་བ་མ་ཟད། ཤིང་སྐྱེར་བ་ནི་དྲང་ཞིང་མདའ་བཟོ་བྱེད་ཀྱི་རྒྱུ་ཆ་བྱེད་ཆོག་ལ་གཞུ་འགུག་བྱེད་ཀྱི་རྒྱུ་ཆ་ཡང་བྱེད་ཆོག  གསོམ་ཤིང་ལ་མཚོན་ན་མདའི་རྒྱུ་ཆ་བྱེད་ཆོག་པ་ལས་གཞུའི་རྒྱུ་ཆ་བྱེད་མི་ཆོག་པ་ཀུན་གྱིས་མཁྱེན་གསལ་ལྟར་རོ།། གླིང་རྗེ་གེ་སར་རྒྱལ་པོས་དགུང་ལོ་གསུམ་སྟེང་དུ་བདུད་ཀྱི་བྱ་ནག་སྤུན་གསུམ་འདུལ་པའི་སྐབས་སུ་ཡང་སྐྱེར་མདའ་དང་སྐྱེར་གཞུ་བཀོལ་ནས་བསད་པའི་ལོ་རྒྱུས་གླིང་སྒྲུང་ལས་གསལ་པོ་མཐོང་ཐུབ། དེ་ནས་སྨྱུག་མདའ་སྨྱུག་གཞུ་བྱུང་བར་འདོད། དེའི་རྒྱུ་མཚན་ནི་སྨྱུག་མའི་རྒྱུ་ཆའང་མདོ་སྟོད་དང་དབུས་གཙང་བཅས་སུ་འཚོལ་སླ་བ་དང་། སྨྱུག་མ་ལའང་དྲང་པ་དང་འགུག་ཆོག་པའི་ཁྱད་ཆོས་ཡོད་པས་རང་བྱུང་གི་རྒྱུ་ཆ་ལེགས་པོ་ཞིག་ཡིན་པར་སེམས། གླིང་རྗེ་གེ་སར་རྒྱལ་པོས་ཚ་བ་རོང་གི་མདའ་རྫོང་ཕབ་པའི་སྐབས་སུ་ཡང་གཙོ་བོ་སྨྱུག་མདའ་བཟོ་སྐྲུན་བགྱིས་པའི་ལོ་རྒྱུས་ཁ་གསལ་བཀོད་ཡོད།  བོད་ལྗོངས་ཀྱི་ཡུལ་ཁམས་སྐོར་ཞིག་ཏུ་སྨྱུག་གཞུ་བཟོ་བའི་སྐབས་སུ་བཟོ་ཚུལ་རིགས་གཉིས་ཡོད་དེ། གཅིག་ནི་སྨྱུག་ལེབ་གཅིག་གིས་བཟོ་བ་དང་།  གཉིས་ནི་སྨྱུག་ལེབ་གཉིས་ཉིས་བརྩེགས་བྱས་ནས་བཟོས་ཡོད། སྨྱུག་ལེབ་གཅིག་གིས་བཟོས་པའི་གཞུ་ནི་སྐྱེས་པ་ཆེ་ཆུང་སུས་ཀྱང་འཐེན་སླ་བ་དང་།  སྨྱུག་ལེབ་ཉིས་བརྩེགས་བྱས་ཅན་གྱི་གཞུ་ནི་འཐེན་དཀའ་པས་ཕལ་ཆེར་ཕོ་གསར་ཚོས་བཀོལ་བཞིན་མཆིས་པ་ལགས། སྨྱུག་མའི་རྒྱུ་སྤུས་ལའང་བཟང་ངན་ཡོད་དེ། ཉིང་ཁྲི་དང་གྲོ་མོ་རྫོང་འགྲམ་བཅས་ས་ཁུལ་གྱི་སྨྱུག་མའི་རྒྱུ་སྤུས་ལྷོ་ཁའི་ཙ་རི་གནས་ཡུལ་གྱུ་སྨྱུག་མར་མི་དོ།  ཙ་རིའི་སྨྱུག་མའི་ཁྱད་ཆོས་ནི། སྐྱེ་གཟུགས་དྲང་ཞིང་སྲབ་ལ། སྲ་ཚད་ཀྱང་གཞན་གྱི་ས་ཁུལ་སྨྱུག་མ་ལས་སྲ་མཁྲེགས་ཡིན། དེ་བས་མི་ཚང་མས་དམངས་གླུ་ལེན་པའི་སྐབས་སུའང་གླུ་ཚིག་ལས། ཙ་རིའི་སྨྱུག་མ་ཤིན་ཏུ་ལེགས། སྨྱུག་མདའ་བཟོས་ན་དེ་ལས་ལེགས་ཞེས་བཤད་སྲོལ་མཆིས།
          དེ་ནས་གསོམ་མདའ་དང་རྭ་གཞུ་དར། བོད་པའི་གནའ་རབས་ཀྱི་སྐབས་སུ།  རྭ་གཞུ་བཟོ་ཐུབ་པ་ནི་ཐོན་སྐྱེད་ངལ་རྩོལ་ཆུ་ཚད་ངེས་ཅན་ཞིག་ལ་སླེབས་དགོས་པ་གདོན་མི་ཟ། དེའི་རྒྱུ་མཚན་ཡང་ལག་རྩལ་ངེས་ཅན་ཞིག་མེད་ན་རྭ་ཅོ་བཀུག་ནས་གཞུ་བཟོ་རྒྱུ་ནི་ལས་སླ་མོ་ཞིག་མིན། རྭ་གཞུའི་ཡར་མཆོག་གི་ནང་དང་མར་མཆོག་གི་ནང་དུ་རྭ་ཅོ་བཞག་ཡོད་ལ།  གཞུའི་འཆང་བ་ནི་ཡར་མཆོག་མར་མཆོག་མཐུད་མཚམས་ཡིན། གཞུའི་ཡར་མཆོག་ནི་རྭ་ཅོ་ཅུང་སྲབ་མོ་དང་མར་མཆོག་ཅུང་མཐུག་པོ་ཡིན་དགོས་པར་བརྟེན། གཞུ་ཡར་མཆོག་སྙི་ལ་མར་མཆོག་སྲ་ཞེས་བཤད་སྲོལ་མཆིས། བོད་པའི་དམངས་གླུའི་ནང་དུའང་། ནང་ཨ་ཁུ་བཟང་པོའི་བཀའ་དྲིན་ལ། འབྲོང་རྭ་སྨུག་པོ་གཞུ་ལ་བཀུག  ནང་བུ་ཆུང་ཡོང་ན་འཐེན་རྐྱང་རེད་ཅེས་ཟེར་བ་དང་། ཤ་རྭ་དགོ་རྭ་འབྲོང་རྭ་གསུམ། གཞུ་མཆོག་དཀར་སྟེང་ནས་སྤུན་ཞིག་སྒྲིག་ལྟ་བུ་ལས་འབྲོང་རྭ་དང་བཅས་པའི་རྭ་རིགས་ཀྱིས་གཞུ་བཟོ་བའི་ལག་རྩལ་གནའ་ནས་ཡོད་པ་ཤེས་ཐུབ། གཞུའི་གྲུབ་ཚུལ་ཡང་གཞུའི་ཡར་མཆོག་མར་མཆོག་འཆང་བ་གཞུ་རྒྱུད་དམ་གཞུ་ཐིག་བཅས་པས་གྲུབ་ཡོད། གཞུ་རྒྱུད་ཀྱང་ཐོག་མ་རྩིད་པ་དང་དེ་ནས་སྲོ་མ།  དེ་ནས་རྒྱུ་རྐས་གྲུབ་པ་ཡིན། ད་ལྟ་དེང་རབས་ཀྱི་རྒྱུ་ཆས་བཟོས་པའི་གཞུ་རྒྱུད་ལྕགས་གཞུའི་སྟེང་ལ་སྤྱོད་བཞིན་མཆིས། གསོམ་མདའ་བཟོ་ནའང་ལག་རྩལ་ངེས་ཅན་ཞིག་དགོས། སྐྱེར་མདའ་སྐྱེར་གཞུ་དང་སྨྱུག་མདའ་སྨྱུག་གཞུ་དང་གཏན་ནས་མི་འདྲ། སྐྱེར་བ་དང་སྨྱུག་མ་ནི་རང་བྱུང་གི་རྒྱུ་ཆ་ཡིན་ལ།  གསོམ་མདའ་ནི་མིའི་ལག་རྩལ་གྱིས་བཟོས་པ་ཞིག་ཡིན། ད་དུང་མདའི་སྒྲོ་དང་མདེའུ་ལྟོང་བཅས་ཀྱང་བཟོ་ལེགས་པོ་ཤེས་དགོས། མདའི་སྟོད་ཡང་ལ་མདའི་སྨད་ལྗིད་དགོས་པ་རེད། དེ་མིན་ཚེ་མདའ་གཡུག་ནས་རྒྱང་རིང་དུ་འགྲོ་མི་ཐུབ། འབྲོང་རྭའི་གཞུའི་ཁྱད་ཆོས་གཙོ་བོ་ནི།  འཐེན་པའི་སྐབས་སུ་གཞུ་ཁ་སྲ་ཞིང་གཞུ་ཁོག་སྙི། ད་དུང་རྒྱང་རིང་ཆོད་པ་མ་ཟད་ཤུགས་ཤིན་ཏུ་ཆེ། ད་ལྟའི་རོང་འབྲོག་ས་ཆ་ལ་ལར་ད་དུང་བཀོལ་བཞིན་མཆིས།  ལྕགས་མདའ་ལྕགས་གཞུའི་དུས་སྐབས་ནི་ཤིན་ཏུ་འཕྱི་བར་འདོད། དེའི་རྒྱུ་མཚན་ཡང་བོད་པའི་ཟངས་ལྕགས་གསེར་གསུམ་གྱི་ཐོན་ལས་ནི་བོད་བཙན་པོའི་སྐབས་སུ་དར་ཆེ་ཡང་མདའ་གཞུ་བཟོ་བའི་ལག་རྩལ་ལ་སླེབས་མེད་པར་འདོད། སྔོན་གྱི་ས་གཏེར་ལས་བཏོན་པའི་རིག་རྫས་ལས་ཀྱང་ལྕགས་མདའ་མཐོང་ཡང་ལྕགས་གཞུ་མཐོང་ཤིན་ཏུ་དཀོན། ཡིན་ནའང་ལྕགས་ཟངས་ཀྱི་མདེའུ་བཀོལ་སྤྱོད་ཀྱི་དུས་རབས་ཧ་ཅང་སྔ། དེ་ཡང་རྡོ་ཆས་གསར་མའི་དུས་མཇུག་ཏུ་ཟངས་ལྕགས་ཀྱི་མདེའུ་བཀོལ་པ་གནའ་བའི་ཡིག་ཆ་ལས་མཐོང་ཐུབ། ཡིན་ནའང་ལྕགས་མདའ་དང་ལྕགས་གཞུ་དངོས་སུ་བཀོལ་པ་ནི་སྤྱི་ཚོགས་གསར་པའི་དུས་འདི་ཡིན་པར་འདོད། ལྕགས་མདའ་དང་ལྕགས་གཞུ་ཡང་བོད་མི་རང་གིས་བཟོས་པ་མིན་པར། རྒྱ་ཡུལ་དང་ཕྱི་རྒྱལ་ནས་ནང་འདྲེན་བྱས་པ་རེད།  ད་ལྟ་མདོ་སྨད་ས་ཆ་མང་ཤོས་སུ་བཀོལ་སྤྱོད་བྱེད་བཞིན་པ་ནི་ལྕགས་མདའ་དང་ལྕགས་གཞུ་ཡིན། ལྕགས་མདའ་དང་ལྕགས་གཞུ་ནི་འཐེན་སླ་ཞིང་ཤུགས་ཆེ་བ། འགྲོའི་ཚད་མྱུར་བ་དང་འབེན་ལ་ཕོག་ཚད་མཐོ་བས་མདའ་བ་ཚོས་དགའ་བསུ་བྱེད་བཞིན་མཆིས། གཞན་ཡང་བོད་ལྗོངས་ཀྱི་བི་ཤུ་ཞེས་པའི་མདར་ཁྱད་ཆོས་མི་མཚུངས་པ་ཞིག་ཡོད་དེ། མདའ་མདེའུ་སྣེ་ཆེ་བ་དང་གནམ་ལ་འཕངས་ན་སྒྲ་གྲགས་པས་གནའ་བོའི་ཡིག་ཆ་ལས་བི་ཤུ་ལ་གྲགས་མདའ་ཡང་ཟེར།  གྲགས་མདའི་ནུས་པ་གཙོ་བོ་སྟེ། གནའ་བོའི་གཡུལ་འགྱེད་སྐབས་སུ་དམག་བརྡ་སྤྲོད་པའི་སླད་དུ་བཟོས་ཟེར། གྲགས་མདར་ཕས་རྒོལ་འདུལ་ཐུབ་པའི་ནུས་པའང་ཡོད་སྐད།  ད་ལྟ་བོད་ལྗོངས་སུ་དར་ཁྱབ་ཤིན་ཏུ་ཆེ་བ་ལགས།
          གོང་དུ་ཞུས་ཟིན་པའི་མདའི་རིགས་སྐྱེར་མདའ་དང་སྨྱུག་མདའ། གསོམ་མདའ། ལྕགས་མདའ་བཅས་ཡོད་པ་ཐམས་ཅད་ལ་སྒྲོ་བསྟོད་དགོས། དེ་ཡང་ཁྲ་སྒྲོ་བསྟད་པའི་མདའ་ལ་ཁྲ་སྒྲོ་མ་ཞེས་འབོད་པ་དང་།  གླག་སྒྲོ་བསྟད་པའི་མདར་གླག་སྒྲོ་མ་ཞེས་འབོད་པ། རྒོད་སྒྲོ་བསྟད་པའི་མདར་རྒོད་སྒྲོ་མ་ཞེས་འབོད། འུག་སྒྲོ་བསྟད་པའི་མདའ་མོར་འུག་སྒྲོ་མ་ཞེས་འབོད་སྲོལ་ཆགས་འདུག གང་ལྟར་ཡང་མདའ་སྒྲོ་མི་མཚུངས་པའི་ཉག་ཕྲན་མདའ་མོ་འདི་རིགས་ལ་རང་རང་གི་ནུས་པ་དང་ཁྱད་ཆོས་ཀྱང་སོ་སོར་ཡོད། དཔེར་ན། ཁྲ་སྒྲོ་མ་དང་གླག་སྒྲོ་མའི་མདའི་རྒྱང་ཆོད་པ་དང་། སྐྱེན་མྱུར་ལྡན་པ་དང་། རྒོད་སྒྲོ་མའི་མདའ་ནི་མྱུར་ཚུལ་ཁྲ་སྒྲོ་མ་དང་གླག་སྒྲོ་མར་མི་དོ་ཡང་འབེན་གྱི་གནད་ལ་ཕོག་ཆེ་བ་རེད།
          འུག་སྒྲོ་མའི་ཁྱད་ཆོས་ནི་ས་རུབ་དུས་འཕངས་ན་གནད་ལ་ཕོག་ཐུབ་པར་བརྗོད།   དཔེར་ན།  གླིང་རྗེ་གེ་སེར་རྒྱལ་པོ་བྱང་ཕྱོགས་བདུད་ལ་ཕེབས་ཏེ་བདུད་རྒན་ཀླུ་བཙན་རྒྱལ་པོ་འདུལ་པའི་དགོང་མོ་དེར། གླག་སྒྲོ་མ་དང་རྒོད་སྒྲོ་མའི་མདའ་འཕངས་ཀྱང་བདུད་རྒན་ལ་ཕོག་མ་ཐུབ། དེ་ནས་འུག་སྒྲོ་མའི་མདའ་འཕངས་པ་ན་བདུད་རྒན་གྱི་དཔྲལ་པར་ཕོག་པའི་ལོ་རྒྱུས་ཡོད། མདའ་སྒྲོ་ཡང་བཞི་བསྟོད་མ་གཙོ་བོ་ཡིན། བྱིས་པ་ཚོས་མདའ་རྩེད་ཀྱི་མདའ་ནི་སུམ་བསྟོད་ལས་བཞི་བསྟོད་མེད།  ད་ལྟའི་ལྕགས་མདའི་སྒྲོ་ནི་མིས་བཟོས་སྒྲོ་ཡིན་ལ་སྒྲོ་སུམ་བསྟོད་ཡིན་པ་ཤེས་དགོས།
          མདའ་ལྟོང་ལའང་གསེར་ལྟོང་མ་དང་དངུལ་ལྟོང་མ་ཟངས་ལྟོང་མ་བཅས་དབྱེ་ཚུལ་ཡོད། དེ་གཙོ་བོ་མདའི་རྒྱན་ཆ་ཡིན་ཡང་མདའི་ལྟོང་ལ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་ཐུབ། གསེར་དངུལ་ཟངས་གསུམ་གྱིས་བརྒྱན་པའི་མདའ་ལས་མདའ་བ་ཚོའི་འབྱོར་བའི་བཟང་ངན་ཡང་མཚོན་ཐུབ།  ཡིན་ནའང་ད་ལྟ་ས་ཕྱོགས་གང་དུ་ཡང་གསེར་ལྟོང་མ་དང་དངུལ་ལྟོང་མ་ཟངས་ལྟོང་མའི་མདའ་སོགས་མཐོང་མི་ཐུབ། འདིར་བརྟག་ན་གསེར་དངུལ་ལྕགས་གསུམ་གྱིས་མདའ་ལྟོང་བརྒྱན་པ་འདིས་མདའ་འཕེན་པ་སོགས་ལ་ཕན་ཐོགས་ཆེན་པོ་མེད་པའང་ཤེས་ཐུབ། གང་ལྟར་ཡང་མདའ་མོའི་ཁྱད་ཆོས་ཏེ་《 འདན་མའི་ནས་རྫོང་》ལས།འདི་ལྟར་བཀོད་འདུག “ལྷ་མདའ་ཁྱུང་གཤོག་འབར་བ་འདི།། མདའ་ལྟོང་སེར་པོ་གསེར་ལས་གྲུབ།། དཀོན་མཆོག་གསུམ་གྱི་རྟེན་དུ་འབུལ།། མགུལ་དཀྲིས་ཁམས་པ་དངུལ་ལས་གྲུབ།། རྩ་གསུམ་རྒྱ་མཚོའི་རྟེན་དུ་འབུལ།། གཤོག་བཞི་བྱུ་རུ་མཚལ་གྱིས་བརྒྱན།། དམ་ཅན་སྲུང་མའི་རྟེན་དུ་འབུལ།།”ཞེས་པ་ལས་གནའ་བོའི་མདའི་གྲུབ་སྟངས་གསལ་པོ་ཤེས་ཐུབ།
          མདའ་རྩལ་སྐབས་ཀྱི་འབེན་གྱི་བཟོ་སྟངས་ནི་དབུས་གཙང་དང་ཨ་མདོ་ཡུལ་ཕྱོགས་སོ་སོར་བཟོ་སྟངས་མི་འདྲ། དཔེར་ན། དབུས་གཙང་ཡུལ་གྱི་བི་ཤུ་མདའི་འབེན་ནི་གནམ་ནས་ཐུར་ཏུ་འཕྱངས་པ་དང་། འབེན་དཀྱིལ་གྱི་མདོག་དམར་པོ་ཡིན་ཞིང་། དེའི་མཐར་དཀར་པོ་དང་ནག་པོའི་ཁ་དོག་གིས་རིམ་པར་བསྐོར་ནས་བརྒྱན་པ་དང་། འབེན་གྱི་དཀྱིལ་དབུས་ཀྱི་དམར་མདོག་བརྗེ་སོར་བྱེད་ཆོག མདའ་རྩེད་ཀྱི་འགྲན་ར་ནི་ཕལ་ཆེར་རྩྭ་ཐང་བྱེད་པའི་སྲོལ་ཡོད།  ཨ་མདོ་ཡུལ་གྱི་མདའ་རྩེད་ཀྱི་འབེན་ནི་འདམ་དང་ས་སྐྱ་སྦྲགས་མས་བཟོས་པའི་ཟུར་གསུམ་ཅན་གྱི་འབེན་ཡིན། ཟུར་གཅིག་གནམ་ལ་འཁོར་བ་དང་ཟུར་གཉིས་སར་འབབ་པ།  འབེན་གྱི་མགོ་ན་ཐོ་ལི་ཞེས་ཏོག་ལྟ་བུ་ཞིག་ཡོད། འབེན་གྱི་སྟོད་དབུས་སྙིང་ཁ་རུ་ཤིང་གི་འཇལ་ལྟེ་འཛུགས་པ་དང་འབེན་གྱི་མཐའ་སྐོར་ཏུ་རུས་པ་ཆུང་བ་དང་དཀར་ཡོལ་ཆག་རོ་འཇོག་པའི་སྲོལ་ཡོད། འཇལ་ལྟེ་ནི་འབེན་ལ་ཕོག་པའི་མདའི་མཐོ་དམའ་འཇལ་བྱེད་ཀྱི་ལྟེ་བ་ཡིན་པ་དང་།  རུས་པ་དང་དཀར་ཆག་ནི་མདའ་བའི་མིག་འབེན་གསལ་པོར་གཏོང་བའི་ཆེད་ཡིན།   འབེན་གྱི་མཐའ་སྐོར་ཏུ་རྩི་ཏོས་བསྐོར་ཡོད་ལ། དེའི་རྒྱུ་མཚན་ནི་འཕངས་པའི་མདའ་རྩི་ཏོའི་ཕྱི་རུ་ཕོག་ན་མདའ་གྲངས་ལ་མི་བརྩི་བ་དང་རྩི་ཏོའི་ནང་དུ་ཕོག་ན་འབེན་ལ་ཕོག་པར་བརྩི་བ་ཡིན། འོན་ཀྱང་མདའི་མཐོ་དམའ་འཇལ་ལྟེ་ལ་མ་ཚད་ན་མི་ཤེས།  ད་དུང་ཁམས་ཕྱོགས་དང་དབུས་གཙང་གི་ས་ཁུལ་སྐོར་ཞིག་ཏུའང་མདའ་རྩེད་གྱི་འབེན་བཟོ་ཚུལ་མི་མཚུངས་པ་ཡོད་པར་བཤད་ཀྱང་འདིར་སོ་སོར་ཕྱེ་ནས་མཚམས་སྦྱོར་མི་བྱའོ།།
          གསུམ། མདའ་གཞུའི་ནུས་རྩལ།
          ད་ལྟ་ངེད་ཅག་གིས་མཐོང་ཐུབ་པའི་ཕྱི་གླིང་བའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་《ཡེ་ལེ་ཡཱ་ཐེ་》དང་།  གནའ་བོའི་རྒྱ་གར་གྱི་དོན་བརྗོད་སྙན་རྩོམ་རིང་མོ་《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད་》དང་།《མཱ་ཧ་བྷ་ར་ཏ་》བཅས་པ་དང་། རང་རྒྱལ་གྱི་གནའ་བོའི་སྒྲུང་རིང་《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་》དང་《ཆུ་ངོགས་གཏམ་རྒྱུད་》 《གླིང་གེ་སར་རྒྱལ་པོའི་སྒྲུང་》བཅས་པ་ལས། ཕན་ཚུན་དགྲ་གྲོགས་གཡུལ་འགྱེད་པའི་སྐབས་ཀྱི་མཚོན་ཆ་གཙོ་བོ་ནི་མདའ་མདུང་གྲི་གསུམ་ཡིན་པ་བསྙོན་དུ་མེད།  གླིང་གེ་སར་རྒྱལ་པོས་དགྲ་ལྷའི་གོ་མཚོན་སྣ་དགུ་ལས་ཀྱང་དགྲ་འདུལ་གྱི་ནུས་ཤུགས་ཤིན་ཏུ་ལྡན་པ་ནི་མདའ་མདུང་གྲི་གསུམ་ཡིན། གླིང་གི་མཚོན་ཆའི་གྲས་ཀྱི་ཞགས་པ་དང་འུར་ཆར་མཚོན་ནའང་ཕན་ནུས་ཡོད་ཀྱང་མདའ་མདུང་གྲི་གསུམ་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད།  དཔེར་ན། 《ཧོར་གླིང་གཡུལ་འགྱེད་》ལས། “འདན་མ་ཐབས་ཀྱིས་འཐེང་བོར་བརྫུས། ཧོར་གྱི་རྟ་ཁྱུ་མང་པོ་དེད།། དཔའ་ཆེན་འདན་མས་མདའ་གཅིག་གིས།། རྨེ་རུ་རྩེ་ཡི་ཀླད་ཕོར་བཀོག།” ཅེས་བཀོད་པ་ལས་འདན་མའི་མདའི་ནུས་རྩལ་ཤིན་ཏུ་ཆེ་བ་དང་། ཧོར་གྱི་ཤན་པའི་ཀླད་ཕོར་བཀོག་རྗེས་ཚ་བྱང་འདན་མས་ལྕག་ཡུ་ཡིས་དཀྲུག་བསམས་ཀྱང་རྟ་མཆོག་དངོས་གྲུབ་ལྡན་པས་བཀག་ནས་དཀྲུག་ཏུ་མ་བཅུག་པའི་ལོ་རྒྱུས་བཀོད་འདུག་པ་ལས་མདའི་ནུས་ཤུགས་ཁྱད་དུ་འཕགས་པ་ཤེས་ཐུབ་པ་དང་། ད་དུང་ཉི་འབུམ་དཔའ་བོས་མདའ་གཅིག་གིས། གུར་སེར་སྲོག་དམར་ཆམ་ལ་ཕབ་ཅེས་བཀོད་པ་དང་།   དཔའ་རྟུལ་དྲུག་གིས་གུར་དཀར་སོགས། མཁར་དུ་བཅུག་ནས་མདའ་ཤན་བརྒྱབ་ལྟ་བུ། ཧོར་གྱི་ཨ་རྔ་ཐེབ་དྲུག་གིས་འཕེན་ཐེངས་གཅིག་ལ་མདའ་དྲུག་འཕེན་ནུས་པའི་རྩལ་ཀྱང་ཡོད་པ་བཀོད་འདུག
          མདའ་གཞུ་ལ་དགྲ་འདུལ་གྱི་ནུས་པ་ཡོད་པ་ལས་གཞན་ད་དུང་མོ་མདའ་དང་འཕྲིན་མདའ། མེ་མདའ། དུག་མདའ། རྒྱལ་འཇོག་པ། སྲ་མཁྲེགས་ཀྱི་བླ་ལྕགས་གཏོར་ནུས་པ་ལ་སོགས་ཀྱི་ཁྱད་ཆོས་གཞན་་གྱིས་ཚབ་མི་ཐུབ་པ་མཆིས། 《ཧོར་གླིང་གཡུལ་འགྱེད་》ལས། “ཞལ་ལུ་དཀར་པོ་ཉིད་ཀྱིས་ཁོ་ཐག་བཅད་ནས་མདའ་མོ་འཕུར་ཤེས་འདིས་ལྕགས་ནག་གི་མཆིན་པ་མི་གཏོར་རེ། ཁམས་གསུམ་གྲོང་འཇོམས་མ་བཏུལ་ན། ང་རྒྱ་ཚ་གསོན་ཀྱང་ཅི་ལ་ཕན་གསུངས་ནས་ཕྱག་མདའ་དེ་སྤྲིངས་བྱུང་བ་དང་ལྷན་དུ། མེ་ལྕེ་སེར་རྒོད་གློག་གསུམ་གྱིས་གནམ་ས་ཁེངས།  ལྕགས་ནག་ཁམས་གསུམ་གྲོང་འཇོམས་དེ་བྱ་སྒྲོ་མེ་ཡིས་གཞོབ་པ་ལྟར་ཐལ་བ་ཙམ་དུ་བཟོས་”ལྟ་བུ་ལས། སྐབས་དེའི་མདའ་མོ་ལ་ལྕགས་རིགས་ཀྱང་གཏོར་ཐུབ་པའི་ནུས་པ་ལྡན་པ་ཤེས་ཐུབ།  མེ་མདའ་ནི་མདའི་སྣེ་ལ་མེ་བཏགས་ནས་ཕ་རོལ་གྱི་མི་དང་སྒར་དང་ཅ་ལག་སོགས་བསྲེགས་པ་ལ་ཟེར། 《བྱེ་རིའི་བྱུར་རྫོང་》ལས། “ངས་སྟག་དོང་ནང་ནས་མདའ་གཅིག་ལེན། ཐབས་ཤེས་གཉིས་ཀྱིས་མེ་ཞིག་སྦར།”ལྟ་བུ་ལས་ཀྱང་གནའ་བོའི་དམག་འཁྲུག་ནང་དུ་མེ་མདའ་བཀོལ་སྤྱོད་ཀྱི་སྲོལ་ཡོད་པ་ཤེས་ཐུབ། དུག་མདའ་ཡང་དེ་བཞིན་མདེའུ་སྣེ་ལ་དུག་སྣ་ཚོགས་བྱུགས་ཏེ། ཕ་རོལ་ལ་དུག་མདའ་ཕོག་པས་ན། གློ་བུར་དུ་མི་འཆི་རུང་།  ཡུན་གྱིས་དུག་བཅུད་ལུས་ལ་ཁྱབ་ནས་ཁྱབ་ནས་སྐྱོབ་ཐབས་མེད་པར་འཆི་འགྲོ་བ་རེད། ཡིན་ནའང་བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་རྒྱའི་ཡིག་ཆ་ལས་དུག་ཕོག་ཀྱང་དུས་ཐོ་ཏུ་གསོ་ཐུབ་ན་སྲོག་གསོ་ཐུབ་ཅེས་གསུངས་འདུག དེར་ཡང་སྒྲུང་དཔེ་རྙིང་པ་ལས། “སྟག་དོང་ནང་ནས་མདའ་གཅིག་ལེན།། སྨྱུག་མདའ་གླག་སྒྲོ་ཁྲག་འཐུང་ལེན།། དུག་མདའ་ངར་མའི་མདེའུ་རྩེ་འཛུགས།། ལྕགས་ནག་ཕ་བོང་ལྷུར་གྱིས་བཤིག།” བཅས་བཀོད་པ་ལས། དུག་མདར་མཚོན་ན་མདེའུ་ལ་དུག་བྱུགས་པ་ལས་གཞན་དུག་མདེའུ་འཛུགས་རྒྱུ་ཡོད་པ་ཤེས་ཐུབ། འཕྲིན་མདར་མཚོན་ན་དུས་སྔ་མོར་ཕན་ཚུན་འབྲེལ་ཐུག་དཀའ་བའི་སྐབས་སུ། མདའ་མོའི་སྐེད་ལ་འཕྲིན་ཡིག་བཏགས་ནས་བསྐུར་བའི་སྲོལ་ཡོད། ཁོ་བོའི་བསམས་པར། ཉེ་སར་མདའ་འཕངས་ནས་བསྐུར་བ་དང་། རིང་པར་མངགས་པའི་ཕོ་ཉར་མདའ་ཡིག་སྤྲད་ནས་བསྐུར་པ་ཡིན་པར་འདོད། 《བོད་ཀྱི་ཚིག་མཛོད་ཆེན་མོ》་ལས།  “མདའ་ཡིག་ནི་སྔར་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཆེ་གྲས་ཕྱོགས་འགྲོའི་སྐབས་རྟ་ཁལ་མི་གསུམ་གྱི་ཁྲལ་འུལ་བསྐུལ་ཕྱིར་སྔོན་ཚུད་ནས་རས་དམར་བྲིས་པའི་ཡི་གེ་ཡིན་”ཞེས་བཀོད་འདུག གླིང་སྒྲུང་ལས་ཀྱང་འབྲུག་མོས་གེ་སར་ལ་བཏང་བའི་མདའ་ཡིག་དང་ཁྲོ་ཐུང་གིས་ལྐོག་ནས་ཧོར་ལ་བཏང་བའི་མདའ་ཡིག་བཅས་པ་མང་པོ་བཀོད་པར་བསམས་ན། སྔོན་ཆད་མདའ་ཡིག་གི་བཀོལ་རྒྱ་ཆེ་བ་གསལ་པོ་ཤེས་ནུས། ཡིན་ཡང་མདའ་ཡིག་གི་བཀོལ་སྤྱོད་ཆ་ནས་དུས་རབས་མི་གཅིག་པར་བཀོལ་སྟངས་ཀྱང་མི་མཚུངས། ད་དུང་མདའ་མོ་ནི་དཔའ་བོ་དང་དཔའ་བོའི་བར་རྒྱལ་ཕམ་རྒྱལ་སྐུག་བྱེད་ཅིག་ཡིན་པའི་སྲོལ་ཡང་ཆགས་འདུག གནའ་རབས་ཀྱི་མདའ་འཕེན་རྒྱལ་འཇོག་དང་རྟ་རྒྱུག་རྒྱལ་འཇོག་གི་སྲོལ་དེ་ལྟ་བུ་བོད་ཡུལ་ཡོངས་སུ་སོར་བཞག་བྱས་ཡོད་ལ། རྒྱལ་ཁབ་ཀྱི་ལས་དོན་དང་དམག་དོན་ལ་སོགས་པར་རྒྱལ་འཇོག་པའི་དཔེ་ད་ལྟ་མཐོང་རྒྱུ་མེད་ནའང་། མདའ་འཕེན་གྱིས་འབེན་ལ་མདའ་འཕངས་ནས་སྒོར་བཅུ་ཕྲག་དང་བརྒྱ་ཕྲག་རྒྱལ་བཞག་ནས་རྩེད་པའི་སྲོལ་ད་དུང་རྒྱུན་འཛིན་བྱས་འདུག མདའ་མོ་ཞེས་པ་འདི་བོད་ཀྱི་ཆོས་ལུགས་ཀྱི་ཆོ་ག་ལ་ལའི་ཁྲོད་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པར་འདོད། ད་ལྟའི་གླིང་སྒྲུང་ལས་རྟོགས་པ་ལྟར་ན། མདའ་མོ་ལ་གཉིས་ཡོད་དེ། གཅིག་ནི། ཐོག་མ་ལྷ་ཀླུ་གཉན་གསུམ་ལ་མཆོད་བཀུར་དང་གསོལ་འདེབས་སྐྱབས་འཇུག་ཞུས་རྗེས། མདའ་མོ་ལ་བརྟག་ཤེས་པའི་དཔའ་རྒོད་ཅིག་གིས་མདའ་གནམ་ལ་འཕངས་ཏེ་ཁ་ཕྱོགས་དང་འགྲོ་ཚུལ་སོགས་ལ་བརྟག་པ་དང་། གཉིས་ནི། མདའ་དར་གྱི་བརྟག་པ་བཞག་ནས་མདའ་མོ་འདེབས་པའི་སྲོལ་དེ་ཡིན། དཔེར་ན《ཧོར་གླིང་གཡུལ་འགྱེད་》ལས། “དེར་མདའ་དཀར་ནག་ཁྲ་གསུམ་བཙུགས། ཕྱེ་མར་ཟས་ཕུད་བཤམས་ནས་ཡུད་ཅིག་བརྡར་བ་དང་བཅས་ཉལ་བསྡད་དེ། གཉིད་དེ་ཐོག་སད་བྱས་ནས་ཧར་ལངས་པ་དང་མཉམ་དུ། མདའ་དར་ཁྲ་བོ་དང་ནག་པོ་གཉིས་འགྱེལ། དཀར་པོ་དེ་ལངས་ནས་བསྡད་འདུག་པ་”ཞེས་པ་ལས་མཇུག་མཐར་སེར་པོ་ཧོར་ལ་ཆགས་འཇིག་ཕམ་ཁ་ཡོང་རྒྱུ་མདའ་མོ་ལས་བསྟན་བྱུང་། མདའ་མོ་འདི་ད་ལྟ་ས་ཁུལ་ལ་ལར་རྒྱུན་འཛིན་བགྱིས་ཡོད་ཀྱང་མང་ཆེ་ཤོས་ན་མཐོང་རྒྱུ་ཤིན་ཏུ་དཀོན།  འདི་ནི་ཆོས་ལུགས་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པས་ཉམས་པ་སོར་ཆུད་དང་མ་ཉམས་པ་རྒྱུན་འཁྱོངས་བྱས་ན་ལེགས་པར་བསམས།
བཞི། གཡང་མདའ་དང་གཉེན་མདའ།
          ཉག་ཕྲན་མདའ་མོ་ལ་བཀྲ་ཤིས་བདེ་ལེགས་ཁྱེར་ཡོང་བའི་ནུས་པའང་ལྡན་པས་ན། གནའ་བོའི་མི་རྣམས་ཀྱིས་ལྷ་མདའ་འམ་གཡང་མདར་བརྩི་བཞིན་མཆིས།   མདོ་དབུས་ཁམས་གསུམ་གྱི་ཡུལ་ཕྱོགས་གང་ཡིན་ཡང་ནམ་རྒྱུན་མདའ་མོར་གོང་བཀུར་དང་མཆོད་པ་ལེགས་པོ་བགྱིད་པའི་སྲོལ་ཡོད། ནམ་རྒྱུན་མདའ་རྩེད་བྱེད་པའི་སྐབས་སུ་མདའ་གཞུ་དེ་ཁྱིམ་ཚང་རེ་རེའི་མཆོད་ཁང་ངམ་ལྷ་མདུན། ཡང་ན་ཁང་པའི་དཀྱིལ་ཀྭའི་མགོར་འདོགས་པ་དང་། གཙང་ས་དང་མཐོ་སར་བཞག་ནས་མནོལ་བ་དང་འགོམ་གཡུག་བྱེད་མི་རུང་། དུས་རྒྱུན་གདུག་དང་སྤོས་དུ་སྒྲོན་ཏེ་གཙང་སྒྲ་བྱེད་པ་ལས།  མི་གཙང་ས་དང་བུད་མེད་ཀྱིས་གང་འདོད་ལྟར་གཡུག་མི་ཆོག གལ་སྲིད་གཙང་སྦྲ་དང་མཆོད་བཀུར་བྱེད་པ་མི་ལེགས་ན།   མདའ་ལྷ་དང་མདའ་གཡང་མི་འཁོར་བ་མ་ཟད།  ཁྱིམ་དེ་ལ་ཆག་སྒོ་འབྱུང་བའི་བཤད་ཚུལ་ཡང་ཡོད། དེ་ཡང་མདའ་གཞུ་དེ་བཀོལ་བའི་ཉིན་ལ་སླེབས་ཚེ། སྔར་ལས་མཆོད་བཀུར་ལེགས་པོ་བགྱིས་ཏེ། བསང་མཆོད་དང་མདའ་ལྷ་འབོད་པ། མདའ་གཡང་བསྐོར་བ་བཅས་བྱེད་པའི་སྲོལ་ཆགས་ཡོད། གཡང་མདའ་འམ་ལྷ་མདའ་འདི་བོད་པའི་ཁྱིམ་ཚང་ཕལ་ཆེར་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་གྲགས་ཅན་ཏེ། ལྷ་སའི་གཙུག་ལག་ཁང་དང་སེ་འབྲས་དགེ་གསུམ། གཙང་བཀྲ་ཤིས་ལྷུན་པོ་དགོན། སྐུ་འབུམ་དགོན་པ། བླ་བྲང་དགོན་པ།   སྐྱེ་དགུ་དགོན་པ་བཅས་ས་དགེ་རྙིང་གསུམ་གྱི་དགོན་པའི་མགོན་ཁང་ངམ་བཙན་ཁང་དུ་ཡང་མཆོད་བཀུར་བགྱིས་ཏེ། དགྲ་ལྷའི་མཚོན་ཆའི་ཚུལ་དུ་བཞག་ཡོད། གཞན་ཡང་དབུས་གཙང་དང་མདོ་སྟོད་ཁམས་ཕྱོགས་མདོ་སྨད་ཨ་མདོ་ས་ཆར་ལྷ་མདའ་དང་གཡང་མདས་ལབ་ཙེ་བསྟོད་པའི་སྲོལ་གནའ་སྔ་མོ་ནས་ཆགས་ཡོད། འདིར་ངེད་ཅག་གིས་ཤེས་དགོས་པ་སྟེ།  ཡུལ་ཕྱོགས་ལ་ལར་གཡག་རྭའི་ལབ་ཙེ་དང་ལུག་རྭའི་ལབ་ཙེའང་ཡོད། ཨ་མདོ་ས་ཁུལ་ལ་མཚོན་ན། ཕལ་ཆེར་ཧོར་ཟླ་བཞི་པའི་ལྷ་ཟླའི་ནང་དུ་ལབ་ཙེ་བསྟོད་པའི་སྲོལ་མཆིས། ལབ་ཙེ་བསྟོད་བྱེད་ཀྱི་མདའ་ཤིང་ནི་རྒྱུན་ལྡན་གྱི་མདའ་མོ་དང་མི་མཚུངས་ཤིང་།  རིང་ཚད་ལ་ཕལ་ཆེར་སྨི་བཞི་ལྔའི་ཡན་དང་སྦོམ་ཚད་ལ་དཀར་ཡོལ་གྱི་ཁ་ལྟ་བུ་ཡིན་དགོས་པར་བཤད་མོད། ཡིན་ནའང་སྐྱེས་པ་རེ་རེས་དངོས་སུ་འཁུར་ཡོང་བའི་གཡང་མདའི་རིང་ཚད་ལ་ངེས་པ་མེད།  ཁྱེར་ཡོང་བའི་གཡང་མདའ་ཅི་འདྲ་ལེགས་ན་གནས་བདག་གམ་གཞི་བདག་ཀྱང་དེ་བཞིན་སྤྲོ་བས་ཁྱེད་ལ་རོགས་རམ་དང་མགོན་སྐྱོབ་ཀྱང་དེ་བཞིན་བགྱིད་པའི་བཤད་སྲོལ་མཆིས། མདས་བསྟད་པའི་ལབ་ཙེ་ལའང་བཤད་སྲོལ་གཉིས་མཆིས་ཏེ།  གཅིག་ནི་མདའ་མོ་ནི་མཚོན་ཆའི་རིགས་ཡིན་པས་གཞི་བདག་གམ་གནས་བདག་གིས་དགྲ་བགེགས་སེལ་ཏེ་ཡུལ་ཁམས་སྲུང་པར་ཕན་འབྲས་ཆེན་པོ་ཡོད། གཉིས་ནི་གཞི་བདག་གནས་པའི་ཁྱིམ་ཡང་ལབ་ཙེ་ཡིན་པས་ཁྱིམ་གཞི་འཛུགས་སྐྲུན་བྱས་པ་ཇི་ལྟར་བཟང་ན་དེ་བཞིན་མགོན་སྐྱོབ་བྱེད་ངེས་ཡིན་ཟེར།  ད་ལྟ་ཨ་མདོ་ཡུལ་དུ་གྲགས་ཆེ་བའི་མདས་བསྟོད་ཀྱི་ལབ་ཙེ་ནི་རྡོ་སྦིས་ཡུལ་གྱི་མདའ་བསྟོད་ཡིན།  དེ་ཡང་ལོ་རེའི་ཧོར་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་ལ་རྡོ་སྦིས་ལྷ་ཆེན་མཐུ་བོ་ཆེ་གསུམ་གྱི་སྤྱི་མདའ་བསྟོད་པའི་སྲོལ་ཆགས་ཡོད། ཉིན་དེར་མདའ་བསྟོད་ཀྱི་མི་གྲངས་ཤིན་ཏུ་མང་བ་མ་ཟད། ལབ་ཙེ་ཡང་ཤིན་ཏུ་བརྗིད་པོ་འདུག དེ་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོས་གླུ་དང་གར་ལ་རོལ་བའི་སྲོལ་ཆགས། སྐབས་དེའི་གཡང་མདའ་ཡང་གཞན་དང་མི་མཚུངས་པ་སྟེ། མདའི་མགུལ་ལ་དར་ཚོན་ལྔ་དང་། གཡང་དཀར་ལུག་གི་བལ་དཀར་འདོགས་དགོས། གླིང་སྒྲུང་《ཧོར་སེར་འགྱོད་པའི་མིག་ཆུ་》ལས། “གླིང་ལྷ་མདའ་བྱུ་རུའི་དམར་མདངས་ཅན།། སྒྲོ་ཡག་པ་རྨ་བྱའི་ཐིག་ལེ་ཅན།། སྐེད་དར་ཚོན་སྣ་ལྔའི་ཚོན་ཤེས་ཅན། རྩལ་སྣ་དགུ་ཚང་བའི་ལྷ་མདའ་ལགས།།” ཞེས་བཀོད་པ་ལས་ལྷ་མདའི་མདོག་དམར་པོ་དང་མདའ་སྒྲོ་རྨ་བྱའི་སྒྲོ། སྐེད་ལ་དར་ཚོན་སྣ་ལྔས་བརྒྱན་པ་བཅས་གསལ་པོ་ཤེས་ཐུབ། ངེད་ཅག་གིས་ད་དུང་ཤེས་དགོས་པ་སྟེ། གཡང་མ་དར་མཚོན་ན་གཡང་སྒྲུབ་དང་གཡང་འགུགས་ཀྱི་ཆོ་ག་སྤེལ་བའི་སྐབས་སུ། གཡང་འགུགས་ཀྱི་ཆོ་ག་སྒྲུབ་བྱེད་ཀྱི་ཡོ་བྱད་གཙོ་བོ་ཞིག་སྟེ།  གཡང་མདའ་ཕྱག་གཡས་པའི་ནང་དུ་བཟུང་ནས་ཁ་ནས་གཡང་ཚིག་དབྱངས་སུ་གྱེར་པ་དང་ཕྱག་གིས་དལ་བུར་གཡོན་སྐོར་བྱེད་པའི་སྲོལ་མཆིས། ལྷ་མདའ་དང་གཡང་མདའི་ཁྱད་པར་གཙོ་བོ་སྟེ། ལྷ་མདའ་ནི་ལྷ་ཀླུ་གཉན་གསུམ་གྱིས་སྡོངས་གྲོགས་མཛད་པའི་མདའ་མོ་ལ་ཟེར་བ་མང་། གཡང་མདའ་ནི་ཕྱྭ་གཡང་སྣ་ཚོགས་འགུག་བྱེད་ཀྱི་ཡོ་བྱད་ལ་བཀོལ་པ་མང་།
          གཉེན་མདའ་བཀོལ་སྤྱོད་བྱེད་པའི་དུས་ནི་ཤིན་ཏུ་སྔ་བར་བསམས། ད་ལྟ་ངེད་ཅག་གིས་ངག་རྒྱུན་དང་གནའ་དཔེ་ལས་མཐོང་བ་དང་ཐོས་པ་མ་གཏོགས་མིག་གི་སྤྱོད་ལམ་དུ་དངོས་སུ་མཐོང་བའི་གོ་སྐབས་ཧ་ཅང་ཉུང་། གནའ་བོའི་བོད་པའི་ཟློས་གར་བརྒྱད་ཀྱི་ཡ་གྱལ་ཏེ། 《སྣང་ས་འོད་འབུམ་གྱི་རྣམ་ཐར་》ལས། བུ་མོ་སྣང་སའི་སྤྱི་གཙུག་ལ་གཙུག་གཡུ་དང་མདའ་དར་གྱིས་བརྒྱན་ཏེ་བཏང་ངོ།། ཞེས་བུ་མོ་སྣང་སར་གཡུ་དང་མདའ་དར་གྱིས་བརྒྱན་ནས་གཉེན་རྟགས་བརྒྱབ་པའི་ལོ་རྒྱུས་སོགས་བརྗོད་ཡོད་ལ། ད་དུང་《རྟ་རྒྱུག་རྒྱལ་འཇོག་》ལས་ཀྱང་།  སེང་ལྕམ་འབྲུག་མོས་གནམ་ལ་འཕངས་པའི་གཉེན་མདའ་དེ་ཇོ་རུའི་སྟེང་དུ་ཁྲ་སྤུངས་སེ་བབས་པས། སྟག་རོང་དཔོན་པོ་ཁྲོ་ཐུང་ཐུགས་ཤིན་ཏུ་མ་དགྱེས་པར་གཏམ་ངན་མང་པོ་འཆད་པའི་བརྒྱུད་རིམ་ཡང་བཀོད་འདུག འདི་དག་ལ་བརྟགས་ན་གཉེན་མདའ་ལ་བཀོལ་སྟངས་གཉིས་མཆིས་ཏེ། གཅིག་ནི་གནམ་ལ་འཕངས་ཏེ་མག་པ་བདམ་པ། གལ་སྲིད་གནམ་ལ་འཕངས་པའི་མདའ་དེ་སྐྱེས་པ་སུའི་སྟེང་དུ་བབས་ན་མག་པ་དེ་བྱས་ཆོག་པ་དང་། གཉིས་ནི་གཉེན་མདའ་དེ་བག་མའི་རྒྱབ་ལ་བཏགས་ནས་གནས་སུ་འགྲོ་བའི་སྲོལ་དེ་ཡིན། ད་ལྟའི་བོད་ལྗོངས་ཀྱི་ཡུལ་ཕྱོགས་སྐོར་ཞིག་ཏུ་ན་གཞོན་ཕོ་མོ་གཉེན་སྒྲིག་པའི་སྐབས་སུ་གཉེན་མདའ་བཀོལ་པའི་སྲོལ་རྒྱུན་འཛིན་བྱས་ཡོད། དཔེར་ན། བར་བ་བག་མ་སློང་དུ་འགྲོ་བའི་སྐབས་སུ་བར་བས་གཉེན་མདའ་ཆ་གཅིག་བཟུང་སྟེ། སྐེད་ལ་ཁ་བཏགས་དང་བལ་དཀར་བཏགས་ནས་གཉེན་ཚང་ལ་སྤྲོད་པའི་སྲོལ་ཡོད། དེའི་རྒྱུ་མཚན་ཡང་གཉེན་ལ་གཡང་དང་རྟེན་འབྲེལ་བསྒྲིགས་པའི་སྲོལ་ཡོད་པས། མདའ་མོ་ཁྱེར་ནས་བུ་དང་བུ་མོ་གཉིས་གཉེན་སྒྲིག་ན་བཀྲ་ཤིས་ཚེ་རིང་དང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ཡོང་བའི་སླད་ཡིན། མནའ་མ་བསུ་བའི་སྐབས་སུ་ཡང་མནའ་མའི་སྟོད་རྒྱབ་ལ་གཉེན་མདའ་ཆ་གཅིག་བཙུགས་ནས་འགྲོ་བའི་སྲོལ་ཡོད། དེ་ཡང་འགྲོ་ལམ་དཀར་བ་དང་གདོན་བགེགས་སེལ་བ། བདེ་འཇགས་ཡོང་བའི་སླད་ཡིན་པར་བརྗོད། ད་ལྟ་མདོ་སྨད་ཨ་མདོའི་རོང་འབྲོག་ཕྱོགས་སུ་གོང་གསལ་གྱི་གཉེན་མདའི་ཆོ་ག་མང་པོ་མེད་ཀྱང་།
          མནའ་མ་གནས་ལ་འགྲོ་བའི་ཉིན་བཟང་སྐར་བཟང་ལ་མནའ་མས་གྱོན་ཆས་སྟེང་རྒྱན་ཆ་བཏགས་ཤིང་རྒྱབ་ལ་ཁ་བཏགས་དཀར་པོ་ཞིག་བཏགས་རྗེས། མནའ་མའི་མགོར་གཡང་མདའ་སྐོར་ནས་གཡང་འབོད་བྱེད་པའི་སྲོལ་ད་དུང་དོར་མེད།  བུ་མོ་གནས་ལ་འགྲོ་ཁར་གཡང་མདའ་སྐོར་ནས་གཡང་འབོད་བྱེད་པའི་རྒྱུ་མཚན་ཡང་། བུ་མོ་འདི་གནས་ལ་སོང་ན་ཁ་ལས་རླུང་རྟ་དར་བ་དང་།  མི་ནོར་དབང་གསུམ་གྱི་གཡང་འཁོར་པ། རིག་བཟང་བུ་ཕྲུག་གི་འདབ་ལག་རྒྱས་པ། ནད་མེད་ཚེ་རིང་གི་གཡང་བསྩོལ་བ་བཅས་ཀྱི་ཕྱིར་རོ།། ལྔ། མཇུག་བསྡུ་བའི་གཏམ།
          དེ་ཡང་ཏང་གི་ཚོགས་ཆེན་བཅུ་དྲུག་གི་སྟེང་དུ་རང་རྒྱལ་གྱི་ཤུལ་བཞག་རིག་གནས་རྩ་ཆེན་དང་ཕུལ་བྱུང་གི་དམངས་ཁྲོད་རིག་གནས་སྒྱུ་རྩལ་སྐོར་མྱུར་སྐྱོབ་དང་།  སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་གཙོ་བོའི་གྲས་སུ་བཞག་ནས་འཆར་གཞི་ཡང་བཟོས་བྱུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་《རང་རྒྱལ་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་བྱ་བར་ཤུགས་སྣོན་གཏོང་པའི་བསམ་འཆར་》ཞེས་པ་ཁྱབ་སྤེལ་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་རིག་སློབ་ཚན་རྩལ་རྩ་འཛུགས་ཀྱིས་ཀྱང་《དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་འཆང་ཡིག་》སྤེལ་བ་བཅས་ཀྱིས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་མི་རིགས་རིག་གནས་སྲུང་སྐྱོབ་བྱེད་པར་སྐུལ་འདེད་ཆེན་པོ་བཏང་བ་མ་ཟད། རྒྱང་རིང་གི་ལས་དོན་ལ་མཛུབ་སྟོན་རང་བཞིན་གྱི་དོན་སྙིང་ཡང་བསམ་གྱིས་མི་ཁྱབ་པ་མཆིས།
          དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ནི་མི་རིགས་ཤིག་གི་སྙིང་རུས་དང་བརྩེ་དུང་མཚོན་བྱེད་གཙོ་བོ་ཞིག་རེད། དེ་ནི་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་ཡིན་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཀྱང་ཡིན། ཡིན་ནའང་།  ད་ལྟ་དེང་རབས་ཅན་གྱི་འཛུགས་སྐྲུན་དང་རིག་གནས་གསར་པའི་སྟོབས་ཤུགས་ཀྱིས་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་རྟེན་སའི་གཞི་དང་ཁོར་ཡུག་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་བཅུག་པ་དང་།   མི་དམངས་མང་ཚོགས་ཀྱི་འཚོ་བའི་རོལ་སྟངས་དང་འཇིག་རྟེན་ལྟ་ཚུལ། མི་ཚེའི་ལྟ་ཚུལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་བའི་རྐྱེན་གྱིས་བགྲང་བྱ་སྟོང་ཕྲག་སྔོན་ལ་བྱུང་བའི་སྲོལ་རྒྱུན་ལ་རིག་གནས་ཀྱི་ཚེ་སྲོག་ལ་ཉེན་ཁ་བྱོལ་ཐབས་མེད་པ་གནས་འདུག དེའི་རྐྱེན་གྱིས་ངེད་ཅག་གིས་ཇི་ལྟར་བླང་དོར་དང་གདམ་ང་བྱེད་རྒྱུ་ནི་སྲོལ་རྒྱུན་རིག་གནས་སྐྱོབ་མིན་ནམ་གནས་མིན་གྱི་གནད་འགག་ལ་ཐུག་ཡོད། སྲོལ་རྒྱུན་མདའ་གཞུའི་རིག་གནས་་ལ་མཚོན་ན་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་གལ་ཆེན་ཞིག་ཡིན་པ་ལས་གཞན། བོད་པའི་རིག་གནས་འབོར་ཆེན་ལས་གལ་ཆེན་གྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པའང་ཁས་ལེན་དགོས།
          བོད་པའི་མདའ་སྲོལ་རིག་གནས་ཀྱང་ད་ལྟ་བལྟས་ན་ས་ཆ་ཁག་ཅིག་ནས་ཟིང་ཟིང་ལོང་ལོང་གིས་བཀོལ་སྤྱོད་བགྱིས་ནས་དར་རྒྱས་གཏོང་བཞིན་ཡོད་ནའང་།  རང་གི་ཕ་མེས་ཡང་མེས་ལས་དར་ཡོང་བའི་སྲོལ་རྒྱུན་གྱི་མདའ་སྲོལ་མང་པོ་ཞིག་ཉམས་ཟིན་པ་དང་ཉམས་བཞིན་མཆིས། དེ་བས་ཁོ་བོས་བསམ་པར་སྲོལ་རྒྱུན་མདའ་རྩེད་ཀྱི་སྲོལ་ལེགས་པོ་རྣམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས་ན་མ་མཐའ་ཡང་གཤམ་གྱི་དོན་ཚན་འགའ་འཛིན་དགོས་པར་འདོད།
          གཅིག མདོ་དབུས་ཁམས་གསུམ་གྱི་བོད་རིག་པར་ཞིབ་འཇུག་གནང་མཁན་གྱི་མཁས་པ་བགྲེས་གཞོན་སུ་ཡིན་རུང་སྲོལ་རྒྱུན་མདའ་གཞུའི་རིག་གནས་འདི་ཞིབ་འཇུག་བྱ་ཡུལ་དུ་བཞག་ནས་ནན་བཅག་ཞིབ་འཇུག་བྱེད་པ་མ་ཟད།  ཞིབ་འཇུག་གི་དཔྱད་རྩོམ་ཡང་རྒྱ་བོད་ཡིག་གཉིས་ཀྱིས་སྤེལ་བ་ཤིན་ཏུ་གལ་འགངས་ཆེ། ད་དུང་དཔྱད་རྩོམ་ལེགས་པོ་དག་འཚོལ་སྡུད་བྱས་ཏེ་སྲོལ་རྒྱུན་མདའ་གཞུའི་རིག་གནས་སྐོར་གྱི་དཔེ་ཆ་གཅིག་རྗེས་གཉིས་མཐུད་དུ་པར་སྐྲུན་བྱས་ཏེ།  རང་རེའི་བོད་ལ་སྲོལ་རྒྱུན་མདའ་གཞུའི་རིག་གནས་སྐོར་གྱི་གླེགས་བམ་མེད་པའི་སྟོང་ཆ་ཁ་བསྐང་དགོས། ད་ལྟ་ངེད་ཅག་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་སྟག་འབུམ་ཐར་ལགས་ཀྱི་དབུ་ཁྲིད་འོག་བདག་གིས་རྩ་འཛུགས་བྱས་ནས་སྲོལ་རྒྱུན་མདའ་གཞུའི་རིག་གནས་ཀྱི་དཔེ་ཆ་ཞིག་རྩོམ་སྒྲིག་བྱེད་བཞིན་པའི་སྒང་ཡིན། རིག་གནས་གང་དང་གང་ཡིན་རུང་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དཔེ་དེབ་བསྒྲིགས་ནས་རྗེས་སུ་འཇོག་མ་ཐུབ་ན་ཉམས་དམས་སུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ། དེ་བས་ལས་དོན་འདི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་ཤེས་པར་གྱིས།
          གཉིས།   རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།  ཁུལ་དང་རྫོང་རིམ་པ་བཅས་སུ་སྲོལ་རྒྱུན་མདའ་གཞུའི་རིག་གནས་ལ་ཞིབ་འཇུག་བྱེད་པའི་བགྲོ་གླེང་ཚོགས་འདུ་བསྡུ་རྒྱུ་ཡང་ཧ་ཅང་གལ་འགངས་ཆེ། རང་རེའི་བོད་ཁུལ་མང་ཤོས་ན་མདའ་བ་མང་པོ་ཡོད་ཀྱང་མདའ་གཞུའི་འབྱུང་ཁུངས་དང་དར་ཚུལ། སྲོལ་རྒྱུན་རིག་གནས་དང་ཇི་ལྟར་འདྲེས་ཡོད་པ་ལ་སོགས་ཀྱི་རྒྱུ་མཚན་བརྗོད་མི་ཤེས། མདའི་རིག་གནས་སྐོར་གྱི་ཤེས་བྱ་ཅུང་ཟད་ཡོད་ན་མདའ་གཞུ་དང་མདའ་རྩེད་ལ་སྤྲོ་བ་དང་མཐོང་ཆེན་སྔར་ལས་ཆེ་བར་འགྱུར་ཐུབ་པ་མ་ཟད། ད་དུང་རྒྱུན་འཛིན་གྱི་སྤྲོ་བ་ཡང་བསྐྱེད་ཡོང་།
          གསུམ། ས་ཆ་སོ་སོ་རུ་མདའ་རྩེད་མདའ་མཆོད་བཅས་བགྱིད་པའི་སྐབས་སུ། མདའ་བས་བསང་ཁ་བསང་མཆོད་དང་། གྱོན་ཆས་རྒྱན་ཆ། འབེན་དགྲའི་བཟོ་ཚུལ།  སྐུགས་ཡ་བསུ་ཚུལ།  གླུ་ལེན་གར་རྩེད་སོགས་ཅི་ནུས་ཀྱིས་སྲོལ་རྒྱུན་ལྟར་དུ་བསྒྲུབས་ན་ལེགས་བསམས།  ས་ཆ་ལ་ལར་མཚོན་ན་ད་ལྟ་ཅི་ནུས་ཀྱིས་དེང་རབས་ཀྱི་སྲོལ་གསར་འཛུགས་པ་དང་འདྲེན་པ་མང་བས། གལ་སྲིད་ངེད་ཅག་གིས་སྲོལ་རྒྱུན་མདའ་སྲོལ་དག་དོར་བའི་དབང་དུ་བཏང་ན་ཕྱིས་སུ་ལོ་འཁོར་ཉུང་ཤས་ནང་དུ་ཉམས་པ་དང་།  མི་རབས་རྗེས་མ་རྣམས་ལ་སྲོལ་རྒྱུན་ལེགས་པོ་རྣམས་སྤྲོད་རྒྱུ་མེད་པར་འགྲོ་ངེས་ཡིན་པས་བློ་ཕངས་པ་ཞིག་རེད། འོན་ཏེ་མདའ་མཆོད་ཀྱི་ཆོ་ག་བསྒྲུབ་པའི་སྐབས་སུ་དོ་སྣང་བྱེད་དགོས་པ་སྟེ། གནའ་བོའི་བོན་ཆོས་ལས་དར་ཡོང་བའི་ར་ལུག་དག་དམར་མཆོད་བྱེད་པའི་སྲོལ་རྙིང་རྣམས་ངེས་པར་དུ་འདོར་དགོས་སྙམ། དེ་ནི་མི་གཤིས་དང་འགལ་བའི་སྤྱོད་པ་གདུག་རྩུབ་ཅན་ཞིག་རེད།
          སྤྱིར་འཛམ་གླིང་སྟེང་གི་རིག་གནས་ཆེ་ཆུང་གང་ཡིན་རུང་ཐོག་མ་བསྐྲུན་པའི་སྐབས་སུ་ཤིན་ཏུ་ཁག་པོ་ཡིན་ཡང་། ཉམས་པའི་སྐབས་སུ་ཤིན་ཏུ་སླ། དཔེར་ན།   དགོན་པ་ཞིག་ལ་མཚོན་ན་འཛུགས་སྐྲུན་བྱེད་ན་ལོ་མང་པོ་དགོས་མོད། འོན་ཏེ་ཉམས་པར་གཏོང་ན་ཉིན་གཅིག་དང་ཉིན་གཉིས་ཀྱིས་འཐུས་པས། སྲིད་འཛིན་ལས་ཁུངས་དང་འབྲེལ་ཡོད་འགོ་ཁྲིད་རྣམ་པས་ཐུགས་ཁུར་གཙིགས་འཛིན་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཡོངས་ལ་མ་སྐུལ་དང་བླངས་ཀྱིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཡོད་དགོས་པར་མ་ཟད། རང་གི་རིག་གནས་ཀྱི་རིན་ཐང་རང་གིས་ངོ་ཤེས་ནས་གཙོ་བོ་ལག་ལེན་ཁྲོད་དོན་དངོས་ཀྱིས་སྲུང་སྐྱོབ་ཐུབ་ན། ད་གཟོད་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྣམས་ཉམས་པ་སོར་ཆུད་དང་མ་ཉམས་པ་རྒྱུན་འཁྱོངས་བྱེད་ཐུབ་པ་སུས་ཀྱང་བསྙོན་དུ་མེད་དོ།།           ཟུར་བཀོད་དཔྱད་གཞིའི་ཡིག་ཆ།
          1. 《གདོད་མའི་སྤྱི་ཚོགས་དང་གེ་སར་རྒྱལ་པོའི་དུས་རབས》སྐལ་བཟང་ཚེ་བརྟན་གྱིས་བརྩམས།(རྒྱ་ཡིག) 2001 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
          2.《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》 རྒྱལ་མོ་འབྲུག་པས་བརྩམས། 1995ལོར་མི་རིགས་དཔེ་སྐྲུན་ཁང་།
          3.《བྱང་ཀླུ་བཙན་རྒྱལ་པོ་འདུལ་བ》གྲགས་པས་བཤད། 1997ལོར་མི་རིགས་དཔེ་སྐྲུན་ཁང་།
          4.《གླིང་གེ་སར་གྱི་དཀའ་གནད་གསལ་བའི་སྒྲོན་མེ》 གཅོད་པ་དོན་གྲུབ་ཀྱིས་བརྩམས། 2000ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
          5.《ཧོར་གླིང་གཡུལ་འགྱེད》 ( སྟོད་སྨད་ཆ) མཚོ་སྔོན་དམངས་ཁྲོད་ཞིབ་འཇུག་ཚོགས་པས་བསྒྲིགས། 1962 དང་1980 ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          6.《ཙ་རི་སྨན་རྫོང》 དབང་ཆེན་སྟོབས་རྒྱལ་གྱིས་བརྩམས། 1990ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          7.《བྱེ་རིའི་བྱུར་རྫོང》 མཚོ་སྔོན་དམངས་ཁྲོད་ཞིབ་འཇུག་ཚོགས་པས་འཚོལ་བསྡུ་བྱས། 1983ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          8. 《 ཐོག་གླིང་གཡུལ་འགྱེད》 བུ་ཐུབ་དགའ་དང་ཆོས་སྐྱོང་བཀྲ་ཤིས་གཉིས་ཀྱིས་དག་སྒྲིག་བྱས།  1991ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          9. 《གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་ཕྲེང་མཛེས》 འཇིགས་མེད་དང་གཅོད་པ་དོན་གྲུབ་གཉིས་ཀྱིས་དག་སྒྲིག་བྱས། 1993ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          10. 《བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང》 གཅོད་པ་དོན་གྲུབ་དང་རྡོ་རྗེ་ཚེ་རིང་གཉིས་ཀྱིས་དག་སྒྲིག་བྱས། 1988 ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          11.《འདན་མའི་ནས་རྫོང་ཕབ་པ》གཅོད་པ་དོན་གྲུབ་རྡོ་རྗེ་ཚེ་རིང་གིས་དག་སྒྲིག་བྱས། 1989ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          12. 《དམངས་ཁྲོད་རྩོམ་རིག་སྤྱི་བཤད》 ཀྲུང་ཅིན་ཝུན་གྱིས་བརྩམས། (རྒྱ་ཡིག) 1980ལོར་ཧྲང་ཧེ་སྒྱུ་རྩལ་དཔེ་སྐྲུན་ཁང་།
          13. 《སྟག་གཟིག་ནོར་རྫོང》 1979ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
          14. 《བཀའ་ཆེམས་ཀ་ཁོལ་མ》 སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། 1989 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
          15.《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ》བྱང་ཆུབ་རྒྱལ་མཚན་གྱིས་བརྩམས། 1986ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
          16.《གླིང་སྒྲུང་གི་དཔྱད་གཏམ》འཇམ་དཔལ་རྒྱ་མཚོས་བརྩམས།(རྒྱ་ཡིག) 1999 ལོར་ནང་སོག་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་།
          17.《གླིང་གེ་སར་དང་བོད་ཀྱི་རིག་གནས》འཇམ་དཔལ་རྒྱ་མཚོས་བརྩམས།(རྒྱ་ཡིག) 1994 ལོར་ནང་སོག་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་།
          18. 《ཞང་བོད་ལོ་རྒྱུས་ཏི་སེ་འོད》 ནམ་མཁའི་ནོར་བུས་བརྩམས། 1996ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
          19. 《ཆོས་འབྱུང་མཁས་པའི་དགའ་སྟོན》 དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 1986 ལོར་མི་རིགས་དཔེ་སྐྲུན་ཁང་།
          20.《བདུད་འདུལ》 1980ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
          21. 《ལྡོང་གི་མ་ཡིག་ལུང་བསྟན》 གུ་རུ་རྒྱལ་མཚན་གྱིས་བྲིས། 1991 ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
          22.《བོད་རྒྱ་ཚིག་མཛོད་ཆེན་མོ》 1985ལོར་མི་རིགས་དཔེ་སྐྲུན་ཁང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1