མི་རྟག་པའི་ངོས་གཅིག—བོད་ཀྱི་གཞས་མ་ཚེ་རིང་ཆོས་ཉིད་ཀྱི་འདས་སྐར་ལ།

བོང་སྟག་ལྷག་ག(མཚོ་ནུབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


དབྱར་ཁའི་ཉི་མ་ཞིག་ལ་དཔེ་བླངས་ཚེ

ཆར་བ་མཚམས་མེད་དུ་འབབ་པ་མི་རྟག་པའི་ངོས་གཅིག་ཡིན

སྨུག་པ་གློ་བུར་དུ་དྭངས་པ་མི་རྟག་པའི་ངོས་གཉིས་ཡིན

ཉི་འོད་དང་སྔོ་རྩྭའི་བར་ན་རྟག་བརྟན་གྱི་དམ་བཅའ་ཡོད་མི་སྲིད

གྲོག་མོ་དང་གྲམ་པའི་ནང་དུ་བཞུར་བའི

ཆུ་ཕྲན་དང་ཆུ་མིག་འདི་དག་ལ

རྟག་བརྟན་གྱི་བཞུར་རྒྱུན་ཡོད་མི་སྲིད

ཁ་སང་ཁྱོད་ཀྱི་འཛུམ་མདངས

ཚངས་མགུར་གྱི་དབྱངས་ཀྱིས་ཁྱེར་ཏེ

ངའི་ནང་སེམས་ཀྱི་ཟབ་སར་སེན་འབྲད་མང་པོ་བྱས་པ་བཞིན

དེ་རིང་ངའི་སེམས་ངལ

ཚངས་མགུར་གྱི་ཚིག་གིས་བསྐྱོར་ཏེ

ཁྱོད་ཀྱི་འདས་གྲོངས་ཀྱི་ཞིང་སར་དངན་པ་གྲངས་མེད་བཏང

གལ་ཏེ་གོམ་ཐག་འདིའི་བར་ཐག་ཅུང་ཐུང་བས་མིན་ཚེ

ངས་ཁྱོད་ཀྱི་འགྲུལ་བཞུད་ལ་སེམས་བདེ་མོས་རྟེན་འབྲེལ་ཞུ་སྲིད

ཡིན་ཡང

ཡིན་ཡང་འཇིག་རྟེན་ནི་ཕངས་སེམས་ཤིག་གོ

མི་རྟག་པ་ནི་ནམ་མཁའ་དང་ས་གཞི་ཡིན་པས

འུ་ཚོའི་ཚེ་སྲོག་གི་བལ་སྐུད་ཕྲ་མོ་འདི

ཇ་ཡུན་གཅིག་གི་འཆར་ཡན་བཞིན

གར་ཡོད་གར་མེད

ད་དྲན་ད་བརྗེད

ཁ་དོག་སྣ་ལྔའི་གློག་འོད་འཁྱུག་པ་བཞིན་རེད་ཨང

དགུན་ཁའི་གྲང་རླུང་དང་ཁངས་ཡུག་གིས

ང་ཚོ་ལ་གནོད་འཚེ་གང་ཡང་བྱ་མི་ཐུབ

དུས་རབས་དང་ལོ་ཟླ་ག་ཚོད་ཅིག་ལ

ང་ཚོས་དྲོ་འཁྱག་གཉིས་པོ་ལྗིབས་ཏེ་གླུ་ལེན་ཞིང

ང་ཚོས་བདེ་སྡུག་གཉིས་པོ་གཤིབ་སྟེ་བྲོ་འཁྲབ་ངེས

སེམས་པའི་ཕྱི་ནང་གི་འཚོ་བའི་ན་ཟུག་འདི་ཚོའང

ཡིད་ཀྱི་དྲན་ངོས་ཀྱི་སྐྱེ་འཆིའི་ཐ་སྙད་འདི་དག་ཀྱང

དུས་ཚོད་ཀྱི་གོས་དང་རས་ཀྱིས་ཕྱིས་ཏེ་འགྲོ་སྲིད

ཆེས་སྙི་སའི་སྙིང་ཁུད་དུ་འབྱར་བའི

རིགས་དང་བག་ཆགས་ཀྱི་ནོར་བུ་འདི་ཉིད

དོན་དུའང་ཡིད་བཞིན་གྱི་ནོར་བུ་ཞིག་གོ

ད་ལྟ་ངས་ཁྱོད་ཀྱི་མིང་ཡིག་ཤོག་བུར་ཕབ་སྟེ

ཡི་གེ་རེ་རེའི་སྐྱེ་མཆེད་ལ་བསམ་བློ་བཏང

ཁྱོད་ཀྱིས་མི་ཡུལ་ཁམས་ཀྱི་ཁ་བའི་ནང་བཞག་པའི

རྐང་རྗེས་ཀྱི་དྲི་མ་སྣ་ལམ་དུ་ཡོང་བར་རེ

ད་ནི་ངས་ཅི་ཞིག་ནུས་སམ

ང་ཚོ་བོད་པ་རྣམས་ཀྱི་ཆེས་མཐའ་མཇུག་གི་སེམས་དང

སྡུག་བསྔལ་གྱི་ཁེན་སའམ་བཅོལ་ས་ནི

མ་ཎི་ཡིག་དྲུག་འདི་ཉིད་ཡིན་འོས་སོ

2017.12.14མདོ་སྨད་ཐེམ་ཆེན་དུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1