ངས་མིག་བཙུམས་དུས་མག་མོག་གི་གྲོང་བ་ཞིག་མཐོང
གྲོང་བ་དེའི་ནམ་མཁའ་འབག་བཙོག་གིས་ཟ་བའི་འདུ་འཛི་མཐོང
མིག་ཕྱེས་ཏེ་ས་སྨྱུག་སྔོན་པོ་ཞིག་ལག་ཏུ་བཟུང
གང་འདོད་འདོད་ཀྱིས་ནམ་མཁའ་ཞིག་བྲིས
སྤྲིན་པའི་ཡོ་ལང་རྩལ་དུ་འདོན་པའི
ས་སྨྱུག་དཀར་པོ་ཞིག་ཟུར་དུ་ལུས
ག་ལེར་ཁྱོད་ཀྱི་ལྭ་བའི་ཕུ་ཐུང་བྲིས
ཕུ་ཐུང་དང་ཐུ་བའི་སྣེ་མོ་ན་འགུལ་གྱིན་པའི
སེར་ཆེན་མེ་ཏོག་གི་འདབ་མ་བྲིས
ཚོད་ཚོད་ལ སྤྲིན་པ་འཁྲིགས་ཤིང་ཆར་ཆུ་དུས་སུ་འབབ
ཚོད་ཚོད་ལ ལོ་ཡག་གི་སྙེ་མ་ལྡེམ་ཞིང་བྱ་ཚོགས་ཀྱིས་སྐད་སྙན་འདོན
དེ་དུས ནོར་ལུག་རི་ལ་བཀྲམ་སྟེ
རྫི་གཞས་ལྷོད་མོ་ཞིག་རྒྱང་རིང་གི་སྤྲིན་པས་ཁྱེར
མཐར ནམ་མཁའ་དེ་ལོངས་སུ་སྤྱོད་པའི་བྱིའུ་ཞིག་བྲིས
བྱིའུ་དེ་འབབ་སའི་ལྗོན་ཤིང་དྲི་མ་མེད་པ་ཞིག་བྲིས
དེ་ཡི་ཡལ་ག་རྣམས་ཟིལ་བས་དག་པ་བྲིས
ནམ་མཁའ་ཚོད་ཚོད་དུ་འཁྲིགས་ཤིང་ཚོད་ཚོད་ལ་དྭངས་པ་བྲིས
བྲིས་ཚར་དུས སླར་ཡང་མིག་བཙུམས་ཏེ
ཡིད་ལ་འཁོར་ཡོང་བ་དེ་ཁྱོད་ཡིན་པར་རེ་སྒུག་བྱས
༢༠༡༧.༡༢.༩ ཉིན་ཕ་ཡུལ་མུ་ར་ནས།