སྒྲེང་གཟུགས།(དཀར་མཛེས)
རེ་བར་སང་ལོའི་དབྱར་ཁར་བདག་གི་པང་དུ་མེ་ཏོག་སྐྱེ་ཞིང
མཛེས་སྡུག་གི་དགུན་ཟླ་ཞིག་རུམ་རྒྱུ་དེ་ཡིན
སེམས་སོང་དེ་དག
གཅིག་རྗེས་གཉིས་མཐུད་བྱས་ནས
འཇིག་རྟེན་དང་བྲལ འཇིག་རྟེན་གྱི་དགུན་ཟླ་དང་བྲལ
ད་ནི་མེ་ཏོག་ཅིག་བཏབ་ནས་དགུན་ཟླ་ཞིག་ལ་བསྒུག་པར་བྱ
རི་བོ་དེ་དག་གིས
བདག་གི་མདུན་ཕྱོགས་བསྒྲིབས་ནས
འཆི་བ་ལས་ཅི་ཡང་མི་རིག་པར་བྱས
འཆི་བའི་ཕ་རོལ་ན་གཞན་ཅི་ཞིག་ཡོད
གཞན་ཅི་ཡང་མེད་ནའང བདག་གིས་གཞན་ཞིག་ཡོད་པར་རྟོག་བཟོ་བགྱིས
སེམས་འགྱུ་དེ་དག ལོག་རྟོག་དེ་དག
རྒྱང་རིང་གི་བྱ་ཁྱུ་དེ་དག་གིས
དགུན་ཟླ་ཞིག་རུམ་ནས་བཞུད
དགུན་ཟླ་ཞིག་གིས་ཚེ་སྲོག་ཅིག་འཕྲོགས་ནས་སོང
བུད་མེད་ཅིག་གི་འཇམ་ཤ་ཇི་བཞིན
ད་ནི་ཕྱིར་འོང་མི་འདུག
ཇི་ལྟར་བསྒུགས་ཀྱང་ཕྱིར་འོང་མི་འདུག