ཀ་རྡོ་ལྟར་བརྟན་འགྱུར་མེད་ཕུགས་འདུན་བློ།།
ཁ་མིན་ཞེ་ལ་བཅགས་ནས་གནམ་གྱི་མཐའ།།
ག་ལེར་གཏེར་ལེན་ཁ་ལ་ཡོང་དུས་དེར།།
ང་ནི་ལང་ཚོས་སྙེམས་པའི་བུ་མོ་ཞིག །
ཅ་དག་གཞུང་སྒྲུབ་ཁང་བཟང་ཡངས་པོའི་ནང་།།
ཆ་མེད་ལས་གྲོགས་ཚོ་དང་ཉེར་འདྲིས་ཤིང་།།
ཇ་རྒོད་འཐུང་བཞིན་ཉི་མ་འཁྱོལ་བའི་ཚུལ།།
ཉ་ཉོག་དེ་དག་དྲན་ཚེ་ཉམས་རེ་དགའ།།
ཏ་རེན་དཔོན་པོར་སྤྲེལ་ལད་མ་བསྟན་ཞིང་།།
ཐ་ཆད་གསུག་རྔན་མནོག་མོ་མ་བརྫངས་པས།།
ད་ལྟ་ད་དུང་ཕལ་བར་ལུས་པ་འདི།།
ན་ཆུང་གསར་འབྱོར་མདུན་དུ་ངོ་སོ་ཆུང་།།
པ་སངས་མདངས་ལས་དཀར་བའི་ལྷག་བསམ་གྱིས།།
ཕ་སྐད་སྤེལ་བའི་ལོ་ཙཱའི་བྱ་གཞག་ཆེའི།།
བ་དན་བསྒྲེང་བར་རང་ནུས་འདོན་འདོད་ལ།།
མ་རངས་ཕྲག་དོག་ཚིག་མདས་ཡང་ཡང་གཞོམ།།
ཙ་རིའི་དཔངས་ཀྱི་གཞོན་སྣང་འགྲིབ་ན་ཡང་།།
ཚ་གྲང་འཁོར་བའི་གཏན་གྲོགས་མ་འཕྲད་ལུས།།
ཛ་ཛོར་ལས་ཀྱིས་མི་ཚེའི་ཉིན་གུང་ཡོལ།།
ཝ་ལེར་བསམས་ན་དོན་གྱི་སྙིང་བོས་སྟོངས།།
ཞྭ་གོས་གང་ཡག་མ་གོན་བསམ་པ་མེད།།
ཟ་མ་གང་ཞིམ་མ་ཟོས་ཕངས་སྣང་མེད།།
འ་འུར་ཀློང་ནས་ཚེ་ལྷག་འཛད་པ་ལས།།
ཡ་མེད་ང་ནི་ཡུལ་ལ་ལོག་པར་རན།།
ར་ལུག་འབའ་སྒྲའི་དབྱངས་ཀྱིས་སྐྱོར་བ་ཡི།།
ལ་ལུང་གཤིན་སའི་འབྲུ་དྲུག་སྙེ་མ་ལྡེམ།།
ཤ་ཉེ་མིང་སྲིང་འཛོམས་པའི་ཡུལ་ལ་འགྲོ།།
ས་མཐའི་གཏེར་ལེན་ཁ་ཁྱོད་བདེ་མོ་བྱོས།།
ཧ་ལམ་བགྲང་བྱ་བཅུ་ཕྲག་གཅིག་གི་ཡུན།།
ཨ་མདོའི་ཆུ་ལྷའི་ཕྱོགས་ཀྱི་ས་འདིར་ལུས།།
ཧ་ཅང་འཁྲེང་བའི་ཕྱི་མིག་གཉོམ་པོ་འདི།།
ཨ་སྡུག་ང་ཡིས་གྱེས་ཁའི་རྟེན་དུ་འཇོག །
2017ལོའི་ཟླ12པའི་ཚེས30ཉིན་གཏེར་ལེན་ཁ་ནས་ལས་གནས་སྤར་ཏེ་ཕ་ཡུལ་དུ་ལོག་པར་ལམ་ལ་ཆས་དུས། འཁྲེང་ལ་སྨྲེང་བའི་ཚོར་བ་ཞིག་གིས་བསྐུལ་ཏེ་རྩོམ་ཐུང་འདི་ཤར་མར་བྲིས།