མཛའ་གཞས་ཀྱི་ལྷག་རོ།

སྒྲོལ་མ་འཚོ།(མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


རྒྱལ་པོ་ཁ་དོག་དམ་པས།།

ཆོས་ཕྱིར་སྲས་བཙུན་དོར་བ།།

བྱམས་པར་སྙིང་ཆུང་ཕུལ་བར།།

ང་ཡང་འགྱོད་དགོས་མི་འདུག །

འཇིག་རྟེན་བྱ་བའི་ཕུན་ཚོགས།།

ཡིད་འོང་དབང་བོའི་གཞུ་རིས།།

ཚེ་ལོ་མཐའ་རུ་བསྐྱལ་བར།།

ནོར་ལ་འཐམ་དགོས་མི་འདུག །

ཁང་བ་གཡུང་དྲུང་ཕྱེད་མའི།།

གྲ་དང་རྩིག་མཆོག་མཚར་ཡང་།།

ང་རང་གཞིས་དེར་མི་འཚང་།།

བྱམས་པའི་ཕྱོགས་སུ་ཕྱིན་འགྲོ།།

སྟོན་ལ་ཆར་ཆུ་མོད་ཀྱང་།།

ཁིས་དང་ཉག་ག་རྟོལ་ཤོག །

ང་ཡིས་ཆུ་ཕྱིང་བསྣམས་ཏེ།།

ལུང་གསུམ་མདོ་རུ་འབྱོར་ཡོད།།

སྲིན་བལ་ཐགས་སུ་བཏགས་པའི།།

དར་ལ་དར་ཚོན་སྣ་ལྔ།།

ཆུང་འདྲིས་དར་དཀར་ཡུག་གཅིག །

ཡིན་འགྲོ་སེམས་ན་དགའ་བ།།

དབུས་ཀྱི་ཕོ་བྲང་དཀར་དམར།།

མེས་པོའི་རྔུལ་ཆུས་བཞེངས་པ།།

དབུས་སུ་བརྐྱངས་ཕྱག་འཚལ་ནས།།

འགྲོ་བའི་དབུས་ལམ་དཀར་བ།།

ལུས་ཀྱི་གཉན་ས་ཞིག་ཏུ།།

ནད་ཀྱིས་འཚེ་བ་མེད་ན།།

སེམས་ཀྱི་ཁང་བའི་ནང་དུ།།

གཏན་དུ་བཞུགས་རོགས་མཛོད་ཅིག །

བསམ་འཕེལ་མ་མའི་གཏིང་གི །

བསམ་འཕེལ་དབང་གི་རྒྱལ་པོ།།

བསྐལ་བརྒྱར་བསྲུབ་དགོས་བྱུང་ཡང་།།

འགྱོད་སེམས་ང་ལ་མི་འདུག །

ལྷ་སའི་བར་སྐོར་ཁྲོམ་གྱི།།

ནོར་བུ་ཆ་བདུན་ཡག་ཀྱང་།།

ནོར་བུ་ཆ་བདུན་མི་དགོས།།

བྱམས་པའི་སྙིང་ཆུང་དགོས་ཀྱི།།

ང་རང་དགུན་ལ་བབས་པའི།།

འདབ་དྲུག་ཁ་བར་སོམས་དང་།།

སེམས་པའི་རི་སྒང་ཀུན་ཏུ།།

ལ་ལུང་མེད་པར་དབབ་ཆོག །

ཇ་མཆོད་ལྷ་ལ་འཕངས་པ།།

ལྷ་བུས་བདུད་རྩིར་སོམས་དང་།།

མ་བཟང་བུ་མོ་ཞིག་གི།།

མཆོད་པའི་ཇ་ཕུད་ཡིན་གྱི།།

ཁྱེད་རང་སྟོད་ནས་བབས་པའི།།

རྫ་ཆུ་བསིལ་མ་ཡིན་ན།།

ང་ཡིས་དམའ་མོའི་གཞོངས་སུ།།

འཁོར་ས་འཁྱིལ་ས་ཞུས་ཆོག །

ང་གཉིས་སྒེར་གཞིས་གཅིག་ཏུ།།

མཉམ་དུ་འཛོམས་རྒྱུ་བྱུང་ན།།

འཇིག་རྟེན་བྱ་བའི་ལས་ལ།།

ཉིན་འཁེལ་མཚན་འཐག་གནང་ཆོག །

ཡིད་སེམས་གཉིས་ཀྱི་འཕར་འགྲོས།།

སྔས་ཐོག་གཅིག་ཏུ་ལྡང་དུས།།

འཇིག་རྟེན་སྣང་བའི་བདག་པོ།།

གཏན་དུ་མེད་ན་བསམས་བྱུང་།།

གཡང་ཆགས་གསེར་གྱི་སྙིང་བོར།།

གཞིས་སྡོད་ཁྱེད་ཀྱིས་གནང་ན།།

གསེར་བརྡུངས་གསེར་གྱི་རྣ་ཆ།།

ང་ལ་མེད་ན་ཆོག་པ།།

དྲན་ཚུལ་རི་ལ་བཀུག་ཚེ།།

རི་ཆེན་སྨུག་པས་བཟུང་འདྲ།།

ཁྱེད་རང་རླུང་ལ་སྤྲུལ་ཏེ།།

ང་ཡི་ཕྱོགས་སུ་གཡུགས་ཤོག །

ཀ་བ་གདུང་མ་གཉི་ག །

ཁང་ཁྱིམ་གཅིག་ཏུ་འཁོར་ཡོད།།

མཐུན་ཚེ་ཕར་མཛེས་ཚུར་མཛེས།།

མ་མཐུན་རང་རང་སོ་སོ།།

རྩིག་ལྡེབས་ཕྱི་མའི་ངོས་སུ།།

དགའ་འཁྱིལ་རི་མོ་བྲིས་ཀྱང་།།

ཁྲུང་ཁྲུང་ཚང་འཁོར་རི་མོ།།

མིག་གི་དགའ་སྟོན་ཡིན་སོང་།།

འཛབ་ལ་གསེར་འཛབ་དངུལ་འཛབ།།

བྱུ་རུའི་རྒྱན་དུ་འཁྲུངས་ཡོད།།

བྱམས་པས་གནང་བའི་དངུལ་འཛབ།།

གསེར་ལས་འདང་རྩིས་ཆེ་བ།།

དཀར་ཡོལ་འབྲུག་རིས་ཤིག་ལ།།

དངུལ་གྱི་རྐུབ་ཤན་བརྒྱབ་ཡོད།།

ཆུང་འདྲིས་ལོག་ཡོང་དུས་ལ།།

གསོལ་སྐྱེམས་དྲང་ན་བསམས་ཡོད།།

རྐེད་ཆབ་གསེར་ཆབ་དངུལ་ཆབ།།

ཆབ་རྒྱུན་ཆབ་མགོར་འཁྱུད་ཡོད།།

ཆབ་རྒྱུན་དམ་ལྷོད་རན་པ།།

ཆབ་མགོ་བསམས་པ་ལོས་ཡིན།།

དུངས་པའི་མིག་གི་མཐའ་ལ།།

བརྩེ་བའི་མཆི་མ་ཤམ་ཤམ།།

དྲན་པས་གདུང་བ་མིན་ཚེ།།

མགོ་རུས་བངས་དགོས་མི་འདུག །

རི་ལ་རི་ཆེན་རི་ཆུང་།།

རི་ཆེན་གཡང་ཆགས་རི་ཡིན།།

རི་ཆུང་བཀྲ་ཤིས་ལྷ་སྒང་།།

རི་ཆེན་བསྐོར་ཏེ་ཆགས་ཡོད།།


རྩོམ་ཡིག་སྔོན་མ།
དགུན་ཁ་དབུལ་བོ།
རྩོམ་ཡིག་རྗེས་མ།
ལ་ཐུག་ལུང་ཐུག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1