ཆུ་ནི་ཅི་ཞིག་ཡིན་ནམ
ཆུ་ནི་གངས་རི་ལས་བརྡོལ་བའི་ལྷག་བསམ་ཟོལ་མེད་ཡིན
ཆུ་ནི་ཕྱི་ནང་གསང་གསུམ་མངོན་པའི་སྐྱུ་རུ་རའི་ལོ་མ་ཡིན
ཆུ་ནི་མ་ཡུམ་གྱི་བྲང་གཞུང་ལས་འབྱུང་བའི་བཅུད་ལྡན་གྱི་འོ་མ་ཡིན
ཆུ་ནི་གོ་ལའི་གསོན་ཤུགས་འཚོ་མཁན་གྱི་ཟུངས་ཁྲག་དྲོན་མོ་ཡིན
ཆུ་ནི་སྐྱེ་དངོས་ཀྱི་འདོད་རྔམ་སྐོང་མཁན་གྱི་བདུད་རྩིའི་བདག་པོ་ཡིན
ཆུ་ནི་ཅི་ཞིག་ཡིན་ནམ
ཆུ་ནི་ལྷང་ལྷང་གི་རྫི་གླུ་དང་ལྷོག་ལྷོག་གི་རྦ་རླབས་ཡིན
ཆུ་ནི་ཞོགས་པའི་སྐྱ་མདའ་དང་སྐར་མ་འོད་ཆེན་ཡིན
ཆུ་ནི་བེའུའི་ངུར་སྒྲ་དང་འབྲི་མོའི་བཞོ་དབྱངས་ཡིན
ཆུ་ནི་ཁ་སང་གི་འདུན་པ་དང་དེ་རིང་གི་མདུན་ལམ་ཡིན
ཆུ་ནི་ཁྱོད་ཡིན
ཁྱོད་ཀྱི་སེམས་ཤུགས་དང་ཡིད་ཆེས་ཀྱི་སྟངས་སྟབས་ཡིན
ཆུ་ནི་ང་ཡིན
ངའི་རང་བཞིན་དུ་གནས་པའི་བརྩོན་པ་དང་དུངས་ཞེན་ཡིན
ཆུ་ནི་ཁོ་དང་ཁོ་མོའི་ཚོགས་ཡིན
ཁོ་དང་ཁོ་མོའི་ཚོགས་ཀྱི་དེ་རིང་གི་སྤོབས་པ་དང་འཚོལ་སྙེག་ཡིན
ཆུ་ནི་ཅི་ཞིག་ཡིན་ནམ
ཆུ་ནི་ཁུ་བྱུག་གི་དཔྱིད་དཔལ་ཡིན
ལྗང་མདོག་གི་མྱུ་གུ་ཡིན
ཆུ་ནི་ཚ་དྲོད་ཀྱི་དབྱར་གཞུང་ཡིན
མྱུ་གུ་ཡི་སྐྱེ་སྟོབས་ཡིན
ཆུ་ནི་གསེར་མདོག་གི་སྟོན་ཁ་ཡིན
འབྲུ་དྲུག་གི་སྙེ་མ་ཡིན
ཆུ་ནི་གྲང་རླུང་གི་དགུན་ཁ་ཡིན
གངས་རི་ཡི་རང་ཚུགས་ཡིན
ཆུ་ནི་མཐའ་ཡས་པའི་སྤང་ཐང་ཡིན
རྟ་ནོར་ལུག་གསུམ་གྱི་གཞིས་ཁྱིམ་ཡིན
ཆུ་ནི་ཨ་སྔོན་ནམ་མཁའ་ཡིན
སྤྲིན་དཀར་ཡིན སྦྲང་ཆར་ཡིན
གངས་ཀྱི་མགོ་འཕང་གཟེངས་སའི་བར་སྣང་ཡིན
ཆུ་ནི་རྟག་བརྟན་གྱི་ཕ་ས་ཡིན དྲོད་ཁོལ་ཡིན
རྐང་ཚུགས་སའི་གངས་འདབས་ཡིན འགྱུར་མེད་ཡིན
ཆུ་ནི་ཚགས་དམ་པའི་སྦྲ་ནག་གྲུ་བཞིའི་ཁྱིམ་གཞི་ཡིན
ཞིང་ཁམས་ཡིན བདེ་སྐྱིད་ཡིན
ཆུ་ནི་འདས་ཟིན་པའི་ལོ་ཟླ་ཡིན
ཕུ་ནུ་མིང་སྲིང་ཚོའི་ལོ་རྒྱུས་དང་རྨི་ལམ་ཡིན
ཆུ་ནི་ད་ལྟའི་སེམས་ཁྲལ་ཏེ
ཤ་ཉེ་སྤུན་ཟླ་ཚོའི་ཁེར་རྐྱང་དང་ངལ་དུབ་ཡིན
ཆུ་ནི་མ་འོངས་པའི་རེ་བ་ཡིན
ཆུ་ནི་ཅི་ཞིག་ཡིན་ནམ
ཆུ་ནི མདོར་ན་དྭངས་གཙང་གི་མིག་ཆུ་རྡོག་པོ་ཞིག
དངངས་སྐྲག་དང་བྲེལ་འཚུབ་ཀྱིས་བཞུར་བའི་མིག་ཆུ་རྡོག་པོ་སྟེ
མིག་ཆུ་རྡོག་པོ་དེ་ང་ཡི་ཤི་གསོན་འགོག་བྱེད་ཀྱི་ཚོར་འདུ་དྲག་པོ་ཡིན
༢༠༡༧ལོའི་ཟླ༤པའི་ཚེས༢༢ཉིན།