ཚངས་མགུར་དང་འདྲ་བའི་རྨི་ལམ་སྟུག་པོ།

རོང་བོ་དགེ་འདུན་ལྷུན་གྲུབ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


གཅིག

གལ་ཏེ། ནགས་ཚལ་དེ་རླུང་གིས་ཡོམ་ཡོམ་སྒུལ་བའི་ཞེད་སྣང་ཙམ་གྱིས། ཁྱེད་རང་སེང་གེ་ལ་འཕྲད་པ་ལྟ་བུའི་དངངས་འདར་འོང་ན། ངའི་རྣམ་པར་རྟོག་པའི་ངོར་ཡོད་ཚད་སྟོངས་པ་དང་ཡོད་ཚད་སྒྱུ་མ་ལྟ་བུར་སྣང་བའི་ཞེད་སྣང་འདི་ཅི་བྱ།

བདག་ནི་རབ་ཏུ་ཞུམ་པའི་ངང་།།

རྨི་ལམ་དུ་གྱུར་འཁོར་བ་ཡི།།

གཙང་པོ་འདེད་པའི་གྲུར་ཞུགས་པ།།

ཁྱེད་ཀྱིས་མ་མཐོང་བ་དེ་ཉིད།།

སྨུག་པའི་གསེབ་ན་ཉལ་འདྲ་བའི།།

རི་བོ་དེ་ཡི་སྒང་གཤོང་དུ།།

གཅིག་པུར་འཁྱམས་པའི་བསམ་གཏན་པ།།

གང་དུ་འགྲོ་འམ་འདུག་པའི་ཚེ།།

གྲིབ་མའི་ནང་གི་རླུང་བུ་ནི།།

འཁྱག་པ་ཀུན་ལས་རབ་འཁྱག་པ།།

ཆབ་རོམ་ལས་ཀྱང་ཆབ་རོམ་དེ།།

ཉི་མའི་ཟེར་གྱིས་རེག་པ་མེད།།

ཉི་ཐིག་ཙམ་ལ་རེ་འཆའ་བའི།།

མིག་གི་འོད་ནི་རྟ་རྔ་ཙམ།།

ཁྲོན་པའི་དབུས་སུ་གཡོ་བ་ཡི།།

ཟླ་བའི་གཟུགས་བརྙན་བཞིན་མཐོང་བ།།

ཁྱེད་ཀྱིས་མ་བསམས་པ་ཡི་ལས།།

ཇི་སྙེད་བསགས་པའི་ཚུལ་འདི་ལས།།

ནག་པོའི་ལས་ལམ་མི་ལྕི་བས།།

རིང་ན་གནས་ཁྱེད་དུས་རྟག་པར།།

དགེ་ལ་བརྩོན་དེ་རྫུན་དུ་གོ །

ཁྱེད་ཀྱིས་དུས་རྟག་པར་མཉམ་གཞག་དང་སྒོམ་ལ་གནས་དགོས་པའི་གཏམ་གང་མང་བདུད་རྩི་ལྟར་འཇོ་ཡང་། ཤིན་ཏུ་ཉམ་ཐག་པའི་མིའི་སེམས་ཀྱི་སྡུག་བསྔལ་ལ་ཡོལ་བའི་ཚུལ་དེ་ཡིས། ཁྱེད་ལ་ལྡོག་སྟེ་ཅོ་འདྲི་བཞིན་ཡོད་པ་ཤེས་པར་གྱིས།

སྙིང་རྗེ་པདྨ་རྒྱས་པའི་མཚོ་གླིང་དུ།།

ལྷག་བསམ་ངང་བའི་རྒྱལ་པོ་གཤེགས་བདེན་ན།།

ལུས་ཀྱི་བ་སྤུའི་རྩེ་མོ་རེ་རེར་ཡང་།།

སྐྱོ་བའི་རྔུལ་ཆུ་འཆང་དེ་མི་མཐོང་ཅི།།

གཞན་དོན་སྒྲུབ་སླད་གཡར་དམ་བོར་བ་ཡི།།

ཐུབ་དབང་དེ་ཡིས་སེམས་ཅན་གཅིག་གི་ཆེད།།

རང་ལུས་ཕངས་མེད་དོར་བའི་རྣམ་ཐར་ལ།།

ཁྱེད་རང་མི་དད་པ་དེ་གང་གིས་ནོངས།།

ས་ལ་ཞབས་རྗེས་བཞག་པ་རིང་དོར་ནས།།

ཆོས་རྣམས་སྒྱུ་མར་ལྟ་བ་བདེན་ལགས་ཀྱང་།།

སྣང་བའི་རྟེན་འབྲེལ་མངོན་སུམ་མཐོང་བཞིན་དུ།།

རྣ་བ་མི་གཡོར་རྒྱབ་ཏུ་བསྐྱུར་འདི་ཅི།།

བདག་ནི་ཤིན་ཏུ་རབ་ཏུ་ཞུམ་པ་དང་བཅས། ངལ་གསོའི་སྐྱིབས་ལག་མཐིལ་ཙམ་ཡང་མེད་པར་ལུས་པ་དང་། རེ་དོགས་ཀྱི་འདུ་བྱེད་ཀྱིས་དམ་པོར་བཅིངས་པའི་ཚེ་ལ།

དོགས་པས་ཀུན་ནས་རབ་ཏུ་གདུང་བ་ང་།།

མི་སྨྲའི་བརྟུལ་ཞུགས་དབྱིངས་ལ་སིམ་གྱུར་ཀྱང་།།

སྤྲོས་པའི་ན་བུན་སྟུག་པོས་བསྒྲིབས་པ་ཡི།།

དྲ་བས་འཆིང་བའི་རྨི་ལམ་སེལ་མི་འགྱུར།།

དེའི་ཕྱིར་ཡིད་ཀྱི་རྩིག་ངོས་སུ།།

མ་བྲིས་པ་ཡི་རི་མོ་ནི།།

ཏིང་འཛིན་ཟས་སུ་སྒོམ་པ་ཁྱེད།།

ལུས་ལ་འགྲོགས་པའི་འོད་ཟེར་རོ།།

ནང་གི་མེ་ལོང་དེ་ལ་ནི།།

མངོན་པར་འདོད་པའི་གཟུགས་བཀྲ་བ།།

ཕུན་ཚོགས་མ་ལུས་འཇོམས་པ་ལ།།

རིག་སྔགས་མཁན་ནི་ཁྱེད་མིན་སུ།།

གཉིས་མེད་ཀྱི་དོན་ལ་ཧྲིལ་གྱིས་འབྱམས་པར་བརྩོན་ཀྱང་སོ་སྐྱེས་ཀྱི་ཕུང་བོ་འདི་ལ། ཚ་བ་དང་ན་བ། གདུང་བ་དང་མནར་བ་ཀུན་ཁ་མ་བྲི་བའི་སྟབས་ཀྱིས་ཡིད་ལ་བསམས་པ་དང་འཚོ་བར་ཞུགས་པ་གཉིས་ལ་འང་ཧེ་བག་ཤིན་ཏུ་ཆེ་བའི་སྐབས་འདི་ལ། ཁྱེད་ཀྱིས།

རང་བདེ་བོར་ཅིང་གཞན་ཕན་ལ་བརྩོན་པའི།།

ཁྱེད་ཀྱི་སེམས་བསྐྱེད་འཁོར་ལོ་རིན་པོ་ཆེ།།

ཐེག་ཆེན་ལམ་དུ་བགྲོད་པར་རྩོམ་པ་ན།།

སེམས་ཅན་རེ་རེར་རྒྱབ་ཏུ་ཕྱོགས་པས་གང་།།

རྩེ་གཅིག་ཡིད་ཀྱིས་ཁྱེད་ལ་དད་བྱས་ཏེ།།

ལུས་དང་ངག་དང་ཡིད་ཀྱིས་གང་བྱས་པ།།

ལྕོགས་དང་མི་ལྕོགས་མེད་པའི་རྩོལ་བ་ཡིས།།

ཁྱེད་རང་བསྙེགས་པ་གཟིགས་སམ་བསམ་གཏན་པ།།


གཉིས།

འཕྲུལ་བ་དང་བཅས་ཡིད་ཀྱི་ཡུལ།།

འགྱུ་བའི་རླུང་ལ་ཉེར་བསྡེབས་ཏེ།།

རབ་རིབ་ཀྱིས་དཀྲིས་དབེན་པའི་ནགས།།

འཚོལ་བ་འདི་ཡིས་བྲེད་ཤ་སློང་།།

ལོ་ཟླ་དེ་ནི་དེ་ལས་རིང་ཞིག་འདས།།

ཉིན་མཚན་དེ་ནི་དེ་ལས་རིང་ཞིག་འདས།།

སྐར་མའི་ནགས་ཚལ་ཉུལ་བའི་གླང་བོ་ཆེ།།

གཏི་མུག་འདིས་ཀྱང་ས་གཞི་འགུལ་བར་བྱེད།།

སྨུག་པས་ཅུང་ཟད་མནན་པའི་ནགས་ཚལ་དེའི་དབུས་སུ། བསམ་གཏན་པ་དཀྱིལ་ཀྲུང་གིས་ཡང་དག་པར་འཚོ་བའི་སྐབས་སུ། ཞུ་བ།

ཀ་དག་དོན་ལ་མཉམ་པར་བཞག་པའི་ཐུགས།།

ཁ་དོག་མ་འདྲེས་བླང་དོར་ལ་མཁས་ཀྱང་།།

ག་བུར་ལྟ་བུའི་བྱང་སེམས་ཡིད་བཞིན་ནོར།།

ང་ཡིས་མ་མཐོང་བ་དེ་ཅི་ཡིས་ནོངས།།

དེས་ཤིང་མཛངས་པའི་ཡོན་ཏན་གྱིས་ལྕི་བའི།།

ཁྱེད་ཞལ་པདྨོ་དྲི་ཡིས་མ་གོས་པ།།

མཐོང་འདོད་བདག་ཡིད་བུང་བ་གཞོན་ནུ་གང་།།

རེ་དོགས་སོམ་ཉིའི་དྲ་བར་དཔྱངས་ལ་ལྟོས།།

རྨི་ལམ་ལྟ་བུའི་འཕྲུལ་བ་དེས་བསྐྱེད་པའི་ཀློང་དུ། དབུགས་ཀྱི་འགྱུ་བ་ཟམ་མ་ཆད་པར་གཏོང་བཞིན་མགོ་བོ་དུད་དེ།

རྙོག་མ་དང་བྲལ་ཡིད་ཀྱི་ནམ་མཁའ་ལ།།

སྔོན་མེད་རི་བོང་འཛིན་དེས་མཛེས་ན་ཡང་།།

ལུས་ཀྱི་བ་སྤུ་གཡོ་བའི་རྩེ་མོ་རུ།།

བག་ཆགས་ཀྱིས་བརླན་ཟིལ་བ་མཐུག་ཏུ་ཕྱིན།།

བྱིན་པ་ཟུང་གིས་ཐེག་མིན་པའི།།

བདག་གི་ལུས་འདི་དུབ་གྱུར་ན།།

མྱུར་བ་མྱུར་བར་ཁྱེད་ཀྱིས་ནི།།

ཐར་བ་དང་བཅས་འདོམས་པར་མཛོད།།

སོམ་ཉིའི་ངང་དུ་གཅིག་པུར་གནས་པའི་ཡུན་ལ། ཟས་གོས་སོགས་ཡིད་ལ་མི་བྱེད་པར་བསྐྱར་དུ།

འགྲོ་བའི་དོན་དུ་བརྩོན་པའི་གོ་ཆ་ནི།།

ཁྱེད་ཀྱིས་རྟག་པར་བགོ་བའི་མཐུ་བསྐྱེད་ཀྱང་།།

རྨོངས་པའི་གཅོང་ལ་བསྐྱུར་བའི་ཤིང་དྲུང་བ།།

གང་ཞིག་བཏང་སྙོམས་ངང་དུ་འདོར་ལགས་སམ།།

མི་སྨྲའི་བརྟུལ་ཞུགས་འཆང་བའི་ཆོ་ག་ལ།།

ཁྱེད་ཉིད་རིང་དུ་བཞུགས་པ་འོས་ལགས་ན།།

འདི་ན་ལས་ཀྱིས་བདས་པའི་ཧ་རི་ཎ།།

གང་ཞིག་དྲ་བར་མངོན་འཆིང་གདུང་བས་མནར།།

མེ་ཏོག་རྙིད་ཤུལ་གྱི་བུང་བ་འཆི་ལམ་ལ་སྙེག་པ་བཞིན། འདི་ན་སྡུག་བསྔལ་གྱིས་ཡོངས་སུ་བས་ཤིང་མིག་ཀོང་བུར་གྱུར་པའི་ཚེ་ལ།

གློག་གི་རོལ་བ་དང་བཅས་སྤྲིན་གྱིས་མངོན་པར་ལྕི་བའི་ནམ་མཁའ་དེ་ལ་ནི།།

ཁྱེད་ནི་སྨྲ་བ་མེད་ལ་འགུལ་བ་མེད་པའི་སྟངས་ཀར་མངོན་པར་རབ་ཞུགས་པ།།

ཉི་མ་འམ་ཟླ་བས་མི་མཚོན་བདག་ཡིད་ཀུན་ཏུ་དཀྲིགས་པའི་ལྷ་ཆེན་པོ་ཉིད།།

རྒྱན་ཆ་གཞན་སྤངས་འཛུམ་པའི་དོ་ཤལ་མཆོག་གིས་མཆོག་ཏུ་མཛེས་པ་མཐོང་བར་འགྱུར།།

རེ་ཞིག་ཧད་པར་གྱུར་ནས། ཉེ་བ་དང་ཤིན་ཏུ་ཉེ་བའི་རང་སེམས་ལ་ཞུགས་སོ།།

གསུམ།

དྲན་པས་མ་བཟུང་བ་ཡི་ལོ་ཟླ་དེ་དག་ལ།།

གཙང་པོར་རབ་ཞུགས་འཁྲུས་ཀྱིས་སེལ་བའི་རྨི་ལམ་ནི།།

ཁྱེད་ཀྱི་སྔས་སུ་བསྐྱིལ་བའི་ཀུན་ད་གཡོ་བའི་ནགས།།

སྤྲིན་གྱིས་ཅུང་ཟད་བཀབ་པའི་དཔལ་དང་ལྡན་པའི་ཚེ།།

ཚོར་བའི་དབྱིངས་སུ་འབྱམས་པའི་བདག་ནི་དུས་རྟག་ཏུ།།

བསམ་གཏན་ལ་རོལ་ཕུང་བོར་མ་ཞེན་པ་ཡི་ངང་།།

ཁྱེད་དང་མ་འབྲལ་གྲིབ་མ་ཙམ་ཡང་དབེན་པར་གནས།།

ཆུད་མི་ཟ་བའི་བསགས་པ་གང་།།

གང་གིས་མི་ལྡོག་ཕྲད་པ་ན།།

ན་དང་འཆི་བར་བཅར་བ་ང་།།

ང་ཡི་བ་ལ་ཀུན་ཏུ་འཕྱན།།

མི་ཟད་པའི་འཁོར་བའི་ནགས་ཀློང་སྟུག་པོའི་འཇིངས་སུ་དཔྱངས་པས་ཉེན་པའི་མིག་ནི་ཀོང་ལ་བརྡིབས་ཤིང་། དཀོས་ཐག་གི་མགྲིན་པ་ཟུར་ཙམ་བཀྱགས་ཏེ་ཞུ་བ།

ཀོ་ཀིའི་གདངས་བཞིན་སྙན་པའི་ལེགས་བཤད་གཏམ།།

ཁོ་བོའི་རྣ་བའི་དཔྱིད་དུ་ཕབ་ན་ཡང་།།

གོ་ཏམ་རྗེས་སུ་ཞུགས་པའི་སྤྱོད་པ་ལ།།

ངོ་སོ་མེད་པའི་ལས་དེ་ཡོད་ལགས་གྲང་།།

ཉེ་རིང་རབ་སྤངས་རྫོགས་པའི་སངས་རྒྱས་གསུང་།།

ཇེ་བཟང་ཇེ་ཆེར་འཕགས་པའི་ལམ་དཀར་པོ།།

ཆེ་ཆེར་ཉམས་སུ་ལེན་མཁན་གང་ཁྱེད་ཀྱིས།།

ཅེ་རེ་ལོང་བཞིན་ང་ཉིད་བསྐྱུར་དེ་མཚར།།

ཁྱེད་ཉིད་ཡིད་ལ་བྱེད་པའི་སྐལ་བཟང་ཅན།།

རེ་བའི་མིག་ཟུང་གཡོ་བ་ཁོ་བོ་ཡིས།།

སྨོན་ལམ་ལུ་གུའི་རྒྱུད་བཞིན་བསྟར་བ་ན།།

འདོད་དོན་ཉི་འོད་བཞིན་དུ་གསལ་བར་ཤོག །

ཉི་མ་དམར་ཐག་ཆོད་པའི་རྒོངས་ཀ་དེར། ལྷོ་ཡི་ཕྱོགས་ཀྱི་སྤྲིན་པ་རབ་རིབ་ཏུ་འཁྲིགས་པའི་ངོགས་སུ་ཅེར་ནས།

དལ་བུའི་འགྲོས་ཀྱིས་རྒྱུ་བྱེད་པའི།།

སྨུག་པ་ཁུར་བའི་རི་ཁྲོད་དེར།།

གཉེན་མེད་དགྲ་མེད་གཅིག་པུ་བ།།

རས་པའི་ངག་གི་གདངས་ཅན་ང་།།

མདུན་དུ་དེངས་པའི་ལམ་དེ་རུ།།

དཀའ་ཐུབ་ཀྱིས་འཚོ་བརྟུལ་ཞུགས་འཆང་།།

རེ་འགའ་ཞུམ་པའི་གནས་དག་ཏུ།།

ལྗོན་པའི་ཚོགས་དང་ལྷན་དུ་འགུལ།།

ནག་པོའི་ལས་དང་རྟག་ཏུ་མ་འགྲོགས་ཤིང་།།

བཟང་པོའི་སྤྱོད་པའི་དྲི་ཡིས་རབ་བྱུགས་པ།།

འདི་ལྟར་མནར་བའི་ཚུལ་དེས་ཁྱེད་ཀྱི་སྙིང་།།

བརླན་པར་མ་བྱས་པ་འང་ངོ་མཚར་རོ།།

གདོང་དང་བཅས་པ་བརླན་གྱིས་བརླན་ཅིང་། རྐང་ལག་གང་གིས་ཀྱང་རྣམ་པར་རིག་བྱེད་ཀྱི་སྟངས་ཀ་ཅི་ཡང་མ་བྱས་པར། ཁ་ཁུམ་ལག་ཁུམ་དུ་གནས་ཏེ། སྨྲ་བ།

རྣམ་དག་སེམས་ཀྱི་ནམ་མཁའ་སྔོ་བསངས་མར།།

མི་མཐུན་རླུང་གིས་གཡོ་བ་དང་བྲལ་ནས།།

རེ་བའི་ཉི་ཟླས་འཆར་ནུབ་ཡོངས་སྤངས་ཏེ།།

ཕུན་ཚོགས་འོད་ཟེར་སྟོང་ཕྲག་འགྱེད་པར་སྨོན།།

མཇུག་ཏུ། ལས་ཀྱི་འདུ་བྱེད་ཀྱིས་བསྐྱེད་པའི་ཕུང་པོ་སྡུག་བསྔལ་གྱི་ཁུར་ལྕི་བ་དེ་ནི། བྲེད་ཤ་དང་བཅས་ཏེ། རྣམ་པར་ཤེས་པའི་རང་བཞིན་དུབ་པ་དང་བཅས་ཏེ་ཞུ་བ།

ལྷའམ་ཀླུ་དང་དྲང་སྲོང་གིས་ཀྱང་འགྲན་མེད་པ།།

ཁྱེད་ཉིད་དབེན་པའི་ནགས་སུ་བདག་གི་སྙིང་ལ་གནས།།

ཇི་སྲིད་སེམས་དང་ཁྱེད་ནི་རོ་གཅིག་གྱུར་པ་ན།།

སྒྲ་མེད་དྲི་མེད་གཟུགས་ཀྱང་ཀུན་ནས་མི་མཐོང་བར།།

སྐབས་འགར་ལུས་དང་ལུས་མེད་རྣམ་གཞག་ཞིག་གྱུར་ཚེ།།

འཇའ་འོད་དང་མཚུངས་སྲོག་གི་ཐིག་ལེ་ཁོ་ནར་འགྱུ་བ་ལ།།

རྩ་དང་རླུང་ལ་བརྟེན་ནས་རྟག་ཏུ་རྩོལ་བ་མེད་པའི་ངང་།།

མ་རྙིང་བ་ཡི་གཉུག་མའི་བརྩེ་བ་དང་བཅས་དབྱིངས་སུ་འཐིམ།།

རྨ་འབྲིའི་རྒྱུན། རྩོམ་སྒྲིག་འགན་འཁུར་པ། ཀླུ་འབུམ་རྒྱལ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1