སྙན་ངག་ནི་སྐར་ཚོགས་ཀྱི་མིག་མདངས་ལ་འདྲེས་པའི་འོད་དཀར་ཆེམ་ཆེམ་གྱི་ཟེར་མ་དེ་ཡིན་ནམ། སྙན་ངག་ནི་ཨ་མས་བུ་ཕྲུག་ལ་བླངས་པའི་བདེ་སྐྱིད་ཀྱི་སྙན་དབྱངས་འཇམ་པོ་དེ་ཡིན་ནམ། སྙན་ངག་ནི་ཁྲོན་པའི་མེ་ལོང་གི་ནང་དུ་ཤར་བའི་དཀར་གསལ་གྱི་ཟླ་གཟུགས་གོར་མོ་དེ་ཡིན་ནམ།
— སྔོན་འགྲོ།
སྙན་རྩོམ་འདིར་འཆར་ཡན་གྱི་རྟོག་འཕྲུལ་སྐྱེན་པོའི་ཀློང་ལ་ཡིད་གཟུགས་ཀྱི་རི་མོ་བསྟུད་མར་བཀོད་དེ། ནམ་མཁའི་མཐོངས་ཡངས་ཀྱི་ངོས་སུ་མཚན་མོ་བསྡུས་ཤིང་མཚན་མོའི་མཛེས་སྡུག་གི་ཟབ་ཡངས་མེ་ལོང་གི་གཟུགས་སུ་བསྡུས་ཏེ། མེ་ལོང་གསལ་བྱེད་ཀྱི་ཕྲ་རྒྱན་ལ་སྐར་ཚོགས་བཏབ་ནས་སྙན་ངག་གི་སྤྱིའི་མཛེས་པ་ནམ་མཁར་བཏབ་པས་སྐར་ཚོགས་བཞིན་འོད་དུ་འཚེར་བ་ཞིག་བྱས་ཡོད། སྙན་ངག་པས་མཚན་མོ་ནི་ཧ་ཅང་འཁྱོལ་དཀའ་བའི་དུས་ཚིགས་ཤིག་ཡིན་པར་ཟོལ་གྱིས་བཏགས་ཤིང་། འཁྱོལ་དཀའ་བའི་བསྟན་བྱ་ནི་དྲན་གདུང་དང་བར་ཐག་མངོན་བྱེད་ཀྱི་བརྡ་རྟགས་སུ་བྱས་ཡོད་ལ། དེ་ཡི་ཤུགས་སུ་མཚན་མོའི་རིན་ཐང་དང་ངང་སྒུག་གི་གོ་རིམ་བསྲེས་ནས་བྲིས་ཡོད་པས། བར་སྐབས་འདིའི་ཚིག་གི་སྐབས་སྟོབས་ཀྱི་དྲ་ལ་བཏབ་པའི་འཁྱོལ་དཀའ་བ་ནི་འཇིགས་རུང་དང་ན་ཟུག སྡུག་ཡུས་དང་ཁེར་རྐྱང་ཅན་དུ་གོ་བ་ལེན་མི་རུང་སྟེ། འཕྱོ་གཡེང་རྫུ་བག་ལ་སྤྲད་པའི་དྭངས་གསལ་མེ་ལོང་བཞིན་བསྟན་བྱའི་དོན་གང་དེ་ཉིད་གསལ་བོར་དཀྲོལ་བའི་སེམས་ཤུགས་ཤིག་ཏུ་གོ་དགོས། རྒྱུ་མཚན་ཡོད་དེ། སྙན་ངག་པས་ཉི་འོད་སྒྲིབ་མཁན་ནི་གཞན་གང་ཡང་མ་ཡིན་པར་སེམས་ལྡན་གྱི་ངང་བ་དཀར་པོ་ཁྱུ་ཞིག་རེད་ཅེས་བྲིས་ཡོད་པས། ཚོན་མདངས་ཀྱི་ངོས་སུ་བཞག་སྟེ་བལྟས་ཚེ། ཉི་འོད་སེར་པོ་དང་ངང་བ་དཀར་པོ་གཉིས་བསྲེས་ཏེ་མཚན་མོ་གྲུབ་ཏུ་བཅུག་ཡོད་པ་ཧོབ་ཀྱིས་ཤེས་ཐུབ། སྣང་བ་འོད་ཀྱི་མཛེས་སྡུག་ལ་སྲོག་གི་དབང་བོ་ཞུགས་སུ་བཅུག་པའི་འགུལ་ལྡན་གྱི་ཉམས་འདི་ལས་སྙན་ངག་གི་བླ་སྲོག་འོད་དང་དཀར་པོ་ལས་གྲུབ་པར་བྱས་ཏེ་བློས་བསླངས་བྱས་ཡོད། ངང་ཁྱུ་དཀར་པོས་ཉི་འོད་བསྒྲིབས་པར་བྱས་རྗེས་ད་གཟོད་ཟླ་བ་འཆར་བའི་རྒྱུ་རྐྱེན་དང་གཏན་ཚིགས་རྟེན་འབྲེལ་དུ་བཏབ་པ་དོན་ལ་འབྱོར་ཞིང་གནད་དུ་འཁེལ་ཡོད། དེ་ལྟར་ཟླ་བའི་དཀར་གསལ་གྱི་མཛེས་སྡུག་མཚོ་མོར་ཕོག་ཏུ་བཅུག་སྟེ་ཟླ་བའི་ཁེར་རྐྱང་གི་གདུང་བ་དང་སུན་སྣང་མཚོ་མོས་བཅོམ་པར་བྱས་ཡོད་པ་སྙན་ངག་འདིའི་སྟེང་འོག་བར་སྟོང་གི་མཛེས་པ་ཡིན་སྙམ། བར་སྐབས་འདི་ལ་འཕྲེད་ཀྱིས་བལྟས་ན། མེ་ལོང་ནི་ཟླ་བ་ཤར་སའི་ནམ་མཁའ་ཡིན་ལ་ཟླ་གཟུགས་འཆར་སའི་མཚོ་མོའང་ཡིན་འདུག དེ་བཞིན་སྐར་ཚོགས་ཀྱང་མཁའ་རུ་འཚེར་གྱིན་ཡོད་ལ་མཚོ་མོའི་ནང་དུའང་འཚེར་གྱིན་པའི་ཉམས་སྣང་བཀྲལ་ཡོད། འདི་ནི་སྙན་ངག་འདིའི་འཆར་ཡན་གྱི་ཕུན་ཚོགས་བསྡུས་གཟུགས་སུ་བཏབ་སྟེ་ནམ་མཁའི་མེ་ལོང་གི་ངོས་སུ་བཀྲམ་པའི་མཛེས་སྡུག་གི་དཀར་རྒྱན་ཆགས་སའི་ངོས་གཉིས་ཡིན་ཞིང་། ངོས་དེ་གཉིས་ནི་སྙན་ངག་པའི་མིག་ཟུང་ལ་ཐོགས་པའི་སྒེའུ་ཁུང་དུ་སྦྲེལ་བར་བྱས་ནས། ཕྱིའི་འཇིག་རྟེན་གྱི་མཛེས་སྡུག་གི་ཉམས་ཚོར་གཏོས་ཆེ་བ་དེ་དག་མིག་ཟུང་གི་མཐོང་ལམ་དུ་བརྒྱུན་ནས་ནང་སེམས་ཀྱི་འཇིག་རྟེན་ལ་འོད་དཀར་ཆེམ་ཆེམ་ངང་དྲངས་ཏེ། དྲན་ཡིད་ཀྱི་བར་སྣང་ཡང་དཀར་ལམ་མེར་བཏང་བའི་སྙན་ངག་གི་ཕྱིའི་ཕྲ་ཚོམ་གྱི་མཛེས་པ་བསྙེགས་ཡོད། ཕྱིའི་མེ་ལོང་གི་ངོས་སུ་ཆགས་པའི་མཛེས་པ་སྣ་ཚོགས་ཀྱི་ཕུན་ཚོགས་དཔལ་གྱི་ཉིང་བཅུད་མ་ལུས་ནང་སེམས་ཀྱི་གུར་ཁང་ལ་བསྡུས་པའི་སྣང་ཚུལ་དེ་སྙན་ངག་གི་བླ་ན་མེད་པའི་ཉམས་སྣང་དང་ཤུགས་སུ་བསྟན་པའི་ནང་སེམས་ཀྱི་དཔའ་གདེང་ཡིན་པ་མཐོང་སླ། ནམ་མཁའི་མེ་ལོང་དང་མཚོ་མོའི་མེ་ལོང་གི་ངོས་གཉིས་སུ་སྐར་ཚོགས་དང་ཟླ་འོད་ཀྱིས་བརྒྱན་པར་བྱས་ཤིང་། དེ་དག་ལྷན་འདུས་ཀྱིས་ནང་སེམས་ལ་བཏབ་པས་ཉམས་ཚོར་ཆེ་ཞིང་བརྗིད་པ་འདི་སྙན་ངག་གི་མགོ་ཕུན་ཚོགས་སུ་བརྩམས་པའི་དན་རྟགས་ཤིག་ཀྱང་ཡིན། དེ་ལ་ད་དུང་ངང་ཁྱུ་དཀར་པོ་དང་མིག་ཟུང་གི་སྒེའུ་ཁུང་བཏབ་པས་ཡིད་དུ་འོང་བ་ཞིག་འདུག འདི་ནི་སྟོང་བའི་ཁམས་སུ་འཆར་ཡན་གྱིས་བསྡུས་པའི་ཕོ་བྲང་གི་རྔམ་བརྗིད་ཡིན་སྙམ་ལ། ནང་སེམས་མེ་ལོང་གི་ངོས་སུ་བསྟར་བའི་བརྩེ་བའི་དྲོད་ཁོལ་ཡིན་པར་ཡང་འདོད།
སྙན་ངག་འདིའི་ཚན་པ་དང་པོ་ལས་ངང་བ་དཀར་པོ་ཁྱུ་ཞིག་གིས་ཉི་འོད་བསྒྲིབས་པར་བྱས་ནས་བྲིས་ཡོད། དེ་ལྟར་བསྒྲིབས་རྗེས་ཟླ་བ་དང་སྐར་ཚོགས་ཕྱི་ནང་སྣོད་བཅུད་ཀྱི་ངོས་སུ་རྣམ་པར་འཚེར་བའི་མཛེས་ཉམས་འཕྱང་འཕྲུལ་གྱིས་བཏབ་སྟེ་སྙན་ངག་གི་དབུ་རྒྱན་ལེགས་པར་བཞེངས་ཤིང་ཉམས་ཀྱིས་ཕྱུག་པ་ཅན་དུ་བྱས་ཡོད། ཚན་པ་གཉིས་པར་སླེབས་དུས། ཉི་འོད་རླུང་བུས་དེད་ནས་ཟད་སོང་ཞེས་ཉི་འོད་ཀྱི་མཛེས་པའི་ཆ་དེ་བསྒྲིབས་པར་བྱས་ཏེ་སླར་ཡང་སྐར་ཚོགས་ཀྱི་འོད་སྣང་བཀྲམ་ནས་ཡོད། སྙན་ངག་འདི་ལས་མཐོང་ཐུབ་པ་ནི་འོད་ཀྱི་སྣང་བ་མཐའ་ཡས་པ་དེའི་ཕྱོགས་གཅིག་གབ་པར་བྱས་ཤིང་ཕྱོགས་གཅིག་མངོན་པར་སྤྲད་པས། རེ་གསལ་རེ་སྒྲིབ་ཀྱི་མཛེས་པ་དེ་སྙན་ངག་སྤྱིའི་སྒྲིག་གཞིའི་མཛེས་པ་གདབ་སར་ཆགས་ལ་ནང་ཚོར་བའི་མཛེས་ཉམས་ཀྱི་དྭངས་པ་འདྲེན་སའང་ཡིན་སྙམ། དེ་ལས་སྙན་ངག་འདིའི་ལྷད་མེད་རང་བྱུང་གི་ཆ་དེ་བསྔོག་ཐུབ་པ་མ་ཟད། དྲི་མེད་བརྩེ་འདང་གི་ཆ་དེའང་འདོན་ཐུབ་པ་ཡིན། ཡང་གཅིག་བཀྲལ་ན། སྙན་ངག་པའི་སེམས་ཀྱི་ཉི་མའི་འོད་ཟེར་ཕོན་ཆེན་པོ་དེ་གཏན་དུ་ནུབ་ཟིན་པ་ཞིག་མ་ཡིན་པར་གང་ཞིག་ལ་སྦས་བཞག་འདུག་པའི་དྲོད་ཁོལ་ཟླ་བ་དང་སྐར་ཚོགས་ཀྱི་སྟེང་དུ་བཅོལ་བས། སྙན་ངག་གི་རྟོག་ལྗོངས་འཕྲོ་འདུའི་བང་རིམ་ལ་བསྔོས་པའི་ཆ་དེ་གསལ་བོར་འདོན་ཐུབ་ཡོད་པར་བསམ།
དེ་ལྟར་ཉི་འོད་བཀབ་པའི་རྗེས་ལ་མེ་ལོང་ངོས་ཀྱི་སྐར་ཚོགས་སླར་ཡང་འོད་ཟེར་འགྱེད་པར་བྱས་ནས། སྙན་ངག་པས་བར་སྣང་ལ་ཐེམ་སྐས་བཙུགས་ཏེ་བར་ཐག་ཉེ་བར་བསྡུས་ཤིང་། སྐར་མ་སྨིན་དྲུག་ཨ་མ་ཞིག་གི་ཚུལ་དུ་ཡོད་པར་བསྙད་དེ་ཕྱིའི་སྣང་བའི་ལྗོངས་ཀྱི་མཛེས་པ་མཐའ་དག་འོད་ཟེར་ལ་བཏབ་པའི་མཐའ་མར་ཨ་མའི་བྱམས་བརྩེ་ལ་བརྒྱུས་ཡོད་པ་འདིས་མི་དང་རང་བྱུང་ཁམས་གཅིག་ཏུ་སྦྲེལ་བའི་སྙན་ངག་གི་ཁམས་ཡངས་པོར་བསྐྲུན་ཐུབ་ཡོད་པས། སྒྱུ་རྩལ་མཚོན་ཐབས་ཀྱི་བློས་བསླངས་ཡག་པར་སྙམ་བྱུང་། ཟུར་འདི་ལས་མཐོང་ཐུབ་པ་ནི། རང་བྱུང་གི་མཛེས་སྡུག་མ་ལུས་མིའི་ནང་སེམས་ལ་བཏབ་ནས་ལྷན་དུ་སྦྱར་ཡོང་ཚེ། སྟོང་དབྱིངས་དང་བྱམས་བརྩེ། འོད་སྣང་དང་དྲོད་ཁོལ་སོགས་སེམས་ཀྱིས་མྱོང་ཐུབ་ལ། སྙན་ངག་འདིའི་ཕུན་ཚོགས་འཆར་ཡན་དང་འོད་ཀྱི་ཡིད་གཟུགས་སྣ་ཚོགས་ཀྱང་ངང་གིས་ཚོར་ཐུབ་པས། སྙན་ངག་འདིའི་ཁྲོད་དུ་ཉི་འོད་སྦས་ཤིང་བཀབ་སྟེ་ཟླ་འོད་དང་སྐར་ཚོགས་ཀྱི་འོད་སྣང་མངོན་པར་བཀྲམ་སྟངས་ལ་གཞིགས་ན། ཕོ་ཡི་དྲག་ཤེད་དང་ཟིལ་ཤུགས་བཏང་སྙོམས་སུ་བསྐྱུར་ཏེ། མོ་ཡི་འཇམ་མཉེན་དང་ཞི་དུལ་ལ་རེ་སྨོན་རྒྱག་གིན་ལོས་ཡོད་སྙམ་པའི་དྲག་ཚོར་ང་ཡིས་རྙེད་པ་འདྲ་བྱུང་།
མཇུག་མཐར་སྙན་ངག་པས་སྐར་ཚོགས་ཀྱི་འོད་ཟེར་མ་ལུས་གཅིག་ཏུ་བསྡུས་ཏེ། རང་གིས་ལག་པས་འཐེན་ཞིང་ཁྱེར་ནས་རང་གི་རུམ་ལ་བཅུག་པ་འདིས་མཛེས་སྡུག་ཐམས་ཅད་ཀྱི་སྙིང་བོ་མི་རུ་བཀྲལ་བའི་སྣང་བརྙན་གསལ་དུ་བཏོན་ཡོད་པ་དང་། མི་ཇུས་ཀྱི་བསམ་བློའི་ཉམས་སྣང་དོད་དུ་འབུས་པའི་བདེན་ཁའང་རེག་ཐུབ་པར་བྱས་ཡོད། དེ་ལྟ་ནའང་། སྙན་ངག་པས་འཚོལ་སྙེག་གི་སྣེ་མོར་འདོགས་འདོད་པ་ནི་གོང་ནས་བཤད་ཟིན་པ་ལྟར། དྲག་ཤུགས་དང་རྔམ་ཟིལ་གྱི་ངོས་ལས་དམའ་རུ་ཕབ་སྟེ། འཇམ་ལྷོད་དང་ཞི་དུལ་གྱི་ངོ་བོར་བསྒོས་ནས་གཉོམ་སྐྱུང་གིས་ཡོད་པས། བར་སྣང་ལ་བལྟ་འདོད་མཁན་གྱི་སྐྱེས་པ་ཚོས་ཆུང་མའི་སྐྲ་ཉག་རེ་རེ་འཇིག་རྟེན་ཞིག་གི་ངོ་བོར་འཁྲུལ་ཞེས་ཆུ་ནང་དུ་འཆར་བའི་ཟླ་གཟུགས་དེ་རང་ལུས་ཀྱིས་བཀབ་པའི་དཔེ་ཡི་སྒོ་ནས་གསེད་ཅིང་། དུས་སྐབས་འདི་རུ་བཀོད་པའི་ཆུ་ནང་གི་ཟླ་གཟུགས་དེ་ཉིད་རྨོངས་པའམ་འཁྲུལ་བའི་ངོ་བོར་བརྒྱུས་པ་ཞིག་མིན་པར་ཁ་ཐག་གིས་ཉེ་བར་བསྡུས་པའི་བར་ཐག་གི་མཛེས་པ་བསྐུང་བྱེད་དེ་ཡིན་པའང་ཤེས་དགོས་པར་སྙམ། མཛེས་པའི་བར་ཐག་ཉེ་བར་བསྡུས་རྗེས། སྒོ་ཁྱིས་བར་སྣང་གི་སྐར་ཚོགས་ལ་བལྟས་ནས་ཟུག་གིན་པའི་རྒྱང་ཐག་རིང་བོར་བཀྲལ་བར་བྱས་ཡོད། དེ་འདྲའི་རྐྱོང་སྐུམ་གྱི་མཉེན་ཤུགས་ཕྲ་མོ་ནི་སྙན་ངག་གི་འགུལ་ཤུགས་སུ་ཆགས་ཡོད་ལ་ཀློག་མཁན་ལ་འགུགས་ཤུགས་སུའང་བསྩལ་ཡོད་པས། སྙན་ངག་ནི་དོན་ལ་བཀླག་རྒྱུ་ཞིག་ལས་མྱང་རྒྱུ་ཞིག་དང་། ཚོར་བའི་ངོས་སུ་དགྲམ་རྒྱུ་ཞིག་ཀྱང་ཡིན་པའི་མཛེས་པ་མ་ལུས་ལྷན་དུ་སྤུངས་ཡོད་པ་ཤེས་སླ་བའོ།།
དེ་བས། སྙན་ངག་འདི་འཆར་ཡན་དང་ཡིད་གཟུགས་གདབ་ལུགས་ཀྱི་མཛེས་པས་ཀུན་ནས་ཁྱོགས་པ་ཞིག་ཏུ་ཡོད་པས། ཁྱད་ཆོས་དེ་དག་གི་ངོས་སུ་བསྙལ་ནས་མྱོང་རོལ་བྱས་ན་དགོས་པ་ཁྱད་པར་བ་དང་རིན་ཐང་ཡན་གར་བ་ཆགས་ཡོད་པ་ཡིན། མ་ཟད། ཚིག་གི་བཙོ་སྦྱང་དང་སྒྲིག་གཞིའི་གྲིམ་ལྷོད་སོགས་ཀྱི་ཆ་ལ་ད་དུང་མ་འདང་ས་དང་ཞན་སྐྱོན་མཐོང་རྒྱུ་འདུག་པའང་ཟུར་ནས་ཤེས་པས་འཐུས་སོ།།
སྙན་ངག་ནི་ནམ་མཁའི་ངོས་སུ་འོད་ཀྱིས་འཚེར་བའི་སྐར་ཚོགས་ཀྱི་ཕྲ་རྒྱན་དེ་ཚོ་ཡིན་ལ་དེ་ཚོའང་མ་ཡིན། སྙན་ངག་ནི་མཛའ་མོའི་ལན་བུའི་མཛེས་སྡུག་ལས་མཆེད་པའི་དྲི་བསུང་དེ་ཡིན་ལ་དེའང་མ་ཡིན། སྙན་ངག་ནི་རྨི་ལམ་གྱི་གོང་ཁར་དཀྲིས་པའི་བ་རྒྱ་དཀར་པོ་དེ་ཡིན་ལ་དེའང་མ་ཡིན། སྙན་ངག་ནི་བརྩེ་བའི་འོད་ཟེར་ཁྲོམ་ཁྲོམ་གྱིས་བསྐུལ་པའི་མགྲིན་ངག་འདར་འདར་གྱི་སྒྲ་དབྱངས་དེའོ།།
— མཇུག་བྱང་།