སྙན་ངག་པའི་སྐད་ཆ།སྙན་ངག་འབྲི་བ་ནི་མི་སྡུག་པ་སྒོམ་དུས་ཀྱི་ སེམས་ཀྱི་ལོངས་སྤྱོད་ཅིག་གོ།—ན་གཞོན་སྙན་ངག་པ་འབྲུག་ལྗང་ལ་བཅར་འདྲི་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


ཁྲི་སེམས་དཔའ། བདེ་མོ།

འབྲུག་ལྗང་། བདེ་མོ་ཡིན།

ཁྲི་སེམས་དཔའ། ཐོག་མར་རང་གི་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་ངོ་སྤྲོད་མདོར་ཙམ་བྱས་ན་ཅི་འདྲ།

འབྲུག་ལྗང་། སློབ་འབྲིང་གི་སྐབས་ནས་བཟུང་རྩོམ་རིག་ཅེས་པ་འདི་ལ་བཅར་ནས་ཡི་གེའི་རོལ་རྩེད་ཀྱི་ལས་ལ་ཞུགས་མགོ་བརྩམས། ཐོག་མར་རྩོམ་རིག་གི་ལམ་ཁ་འདིར་མཛུབ་མོས་རི་སྟོན་གྱི་ནུས་པ་འདོན་མཁན་གཅེན་པོ་སྨྲེང་བུ་ལགས་ཀྱི་ཤུགས་རྐྱེན་ལ་བརྟེན་ཞིང་། རྩོམ་གྲོགས་ཐོག་མ་ཙོང་ཁ་ཚེ་བརྟན་རྒྱལ་དང་མཉམ་དུ་གཞན་རྩོམ་གྲགས་ཅན་གྱེར་ཀློག་དང་མཉམ་རོལ་བྱས། ཚོད་ལྟའི་ཚུལ་དུ་ལད་འབྲིའམ་ཚིག་སྒྲིག་ལྟ་བུའི་རྩོམ་འབྲིའི་ཕྱོགས་སུ་གོམ་པ་དང་པོ་སྤོས། གོ་གསུམ་ལོར་མཚོ་ལྷོ་མི་རིགས་མཐོ་འབྲིང་དུ《 རྡོག་སྒྲ》 ཞེས་པའི་སྣུམ་དཔར་ཚགས་པར་སྟེང《སྒྲོལ་མར་གྱེས་པའི་ལོ་ཟླ》 ཞེས་པ་བཀོད་རྗེས། སློབ་གྲྭ་དེ་གའི་དགེ་སློབ་ཀུན་གྱིས་བསྟོད་པའི་འུད་སྒྲོག་མང་དུ་བྱས། དེ་ནས་བཟུང་སྙན་ངག་ཅེས་པའི་འཕྱོན་མ་དེའི་བསླུ་བྲིད་འོག་ནས་མི་ལོ་ཉི་ཤུ་ལྷག་ཙམ་འགོར། ད་ལྟའི་བར་གཞན་ལ་ངོམ་རི་བའི་སྙན་ངག་གི་བརྩམས་ཆོས་འབུར་ཐོན་ཅི་ཡང་སྟོན་རྒྱུ་མེད་ནའང་། གྲོགས་པོ་ཁ་ཞེ་གཉིས་མེད་ཀྱི་ཁ་བརྡ་དང་འཕྲིན་ལམ་ལས《མར་མེ་སྒྲོན་དང་། ཨ་མ》དང《དགུན་ཟླ་རིང་མོའི་སྐོམ་པ》 《 ལྷ་ས། རྨི་ལམ་གྱི་བཙན་རྫོང》 《 པོ་ཏ་ལ། བདེ་མོ་བྱོས》 《 དོ་ནུབ། ང་དུར་ཁྲོད་ཡིན》ཞེས་པ་སོགས་སྙན་ཚོར་གྱིས་ཕྱུག་འདུག་ཟེར་བའི་ངོ་བསྟོད་ལན་མང་བྱས་སྟབས། གུས་པས་མི་སྡུག་པ་སྒོམ་དུས་ཀྱི་སེམས་ཀྱི་ལོངས་སྤྱོད་དུ་བསམ་པའི་སྙན་ངག་འདི་ལ་སྔར་ལས་ལྷག་པའི་སྨྲ་བསམ་བརྗོད་འདས་ཀྱི་དགའ་མོས་བླ་ལྷག་གིས་འཕེལ། སྙན་ངག་བྲིས་ནས་ད་ལ་ཐུག་གི་བར་མི་ལོ་ཉི་ཤུ་ལྷག་ཙམ་འགོར་བའི་རིང་ལ་ཕྱིར་རྟོག་ཅིག་བྱས་ན《གངས་རྒྱན་མེ་ཏོག》དུས་དེབ་ནི་གུས་པོས་སྙན་ངག་འབྲི་སྦྱོང་གི་མྱུ་གུ་འབུས་སའི་རྩོམ་གྱི་ཞིང་ས་ལྟ་བུར་ངོས་བཟུང་ཆོག་པས། ངས་ནི《 གངས་རྒྱན་མེ་ཏོག》དུས་དེབ་ཀྱི་འདས་མ་ད་གསུམ་གྱི་འཚར་སྐྱེད་ལ་རེ་སྨོན་དང་རྗེས་སུ་ཡི་རང་ཞུ་བཞིན་ཡོད།

ཁྲི་སེམས་དཔའ། ད་ལྟའི་བར་བྲིས་པའི་སྙན་ངག་ལས་ཆེས་དགའ་སའི་སྙན་ངག་དེ་གང་ཡིན། སྙན་ངག་དེ་བྲིས་པའི་མགོ་རྔ་བར་གསུམ་ངོ་སྤྲོད་མདོར་ཙམ་བྱས་ན་ཅི་འདྲ།

འབྲུག་ལྗང་། སྤྱིར་སྙན་ངག་ཏུ་བྲིས་པ་ཅི་ཞིག་གང་ལ་གང་འཚམ་གྱི་ཤུགས་དྲག་པོའི་ནང་སེམས་ཀྱི་འགྱུར་བའམ་ཡིད་ཀྱི་དེ་ཉིད་སྟོན་པར་བྱེད་ཅིང་། ནང་སེམས་ཀྱི་དྭངས་མ་མཚོན་བྱེད་ཀྱི་དཔེར་སྦྱར་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རེ་མཚོན་པ་ཡིན་ཞེས་སྨྲ་བར་སྤོབས། མི་ལོ་ཉི་ཤུའི་རིང་བྲིས་འོངས་པའི་སྙན་ངག་ལས་རང་ཉིད་ཅུང་ཟད་ཡིད་ཚིམ་མྱོང་བའི་སྙན་ངག་ནི་རེ་འགའ་ལས་མེད་དེ། དེ་དག་ལས2017ལོའི《 སྦྲང་ཆར》དེབ་གཉིས་པར་བཀོད་པའི་སྙན་ངག《ཨ་ཅེ། འཕུར་ལམ་བདེ་བར་སྨོན》ལྟ་བུར་མཚོན་ན། བདེ་སྡུག་གི་ཚོར་བ་ལྷང་ལྷང་དུ་བསྐྱེད་ནུས་པའི་རིགས་སུ་གཏོགས་ཞེས་ཀློག་པ་པོ་ཀུན་ལ་བརྗོད་འདོད་དེ། ལོ་ངོ་བཅུ་བཞི་ལྷག་གི་རིང་ལ་རྒྱ་མཚོའི་ཕ་རོལ་ཏུ་གྱེས་པའི་ཨ་ཅེ་ལགས་ཕ་ཡུལ་དུ་ལན་གཅིག་སླེབས་ནས་ཕྱིར་ཟི་ལིང་གནམ་གྲུའི་ཐང་དུ་སྐྱེལ་མ་མཛད་དུས་ཀྱི་བཟོད་མེད་ཡིད་གདུང་དང་། ཕན་ཚུན་འབྲལ་མི་ཕོད་པའི་སྐྱོ་བ། དུས་ནམ་ཞིག་སླར་འཕྲད་སྙམ་པའི་སེམས་ཁྲལ། རི་ཆུ་སྟོང་ཕྲག་གིས་ཆོད་པའི་བར་ཐག་ལས་བྱུང་བའི་མ་བཅོས་སེམས་ཀྱི་དབྱངས་རྟ་དག་ཡི་གེའི་གཟུགས་སུ་གྲུབ་པ་དེའོ།། མདོར་དེད་ན། བརྩེ་ལྡན་གྱི་ནུ་བོ་ཞིག་གིས་རང་གི་ཨ་ཅེ་ལགས་ལ་བྲིས་པའི་སེམས་ཀྱི་ལེགས་སྐྱེས་ཙམ་ཡིན་མོད་ཀྱང་། ཟུར་གཞན་ཞིག་ནས་བལྟས་ན། རིགས་མཐུན་ལས་དབང་གཅིག་པའི་སྤུན་མཆེད་མང་པོ་ཞིག་གི་མི་ཚེ་གྱེས་བྲལ་ཁོ་ནས་ཟད་འགྲོ་བའི་བསྡུས་གཟུགས་ཤིག་ཤུགས་སམ་ཟུར་ན་མངོན་ཡོད་པར་སྙམ། དེ་བས་སྙན་ངག་འདི་བྲིས་ཚར་རྗེས་དགའ་སྐྱོ་འདྲེས་མའི་སྣང་བ་ཞིག་སྐྱེས་དོན་ནི། ལོ་མང་སེམས་སུ་ལུས་པའི་ན་ཟུག་གི་སྙིང་གཏམ་ཞིག་བརྗོད་ཐུབ་སོང་བསམ་གྱིན་ཡོད།

ཁྲི་སེམས་དཔའ། སྙན་ངག་གསར་རྩོམ་གྱིས་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདྲ་བཟོ་ཐུབ་བམ།

འབྲུག་ལྗང་། རྩོམ་རིག་ནི་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་ཕྱིར་སྤྱི་ཚོགས་འཚོ་བར་ཞབས་འདེགས་ཞུ་དགོས་པ་ཞིག་ཡིན་པས་ན། ལར་མི་བུ་སུ་དང་སུ་ཞིག་ཡིན་རུང་རང་གི་འཚོ་བ་དང་བར་ཐག་ཉེ་བའི་དགའ་ཕྱོགས་དང་ལས་རིགས་ཤིག་གདམ་གསེས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་རེད་འདོད། འོན་ཀྱང་ངའི་དགའ་ཕྱོགས་ནི་གསར་རྩོམ་བྱེད་རྒྱུ་དང་ངའི་ལས་རིགས་ནི་དགེ་རྒན་ཡིན་པས། རྗེས་སོར་ཡང་སྙན་ངག་གསར་རྩོམ་གྱིས་ངའི་འཚོ་བར་འགྱུར་བ་འདྲ་མི་ཐེབས་པའི་ངེས་པ་མི་འདུག

ཁྲི་སེམས་དཔའ། སྙན་ངག་པ་ཞིག་ལ་ལྡན་དགོས་པའི་ཆ་རྐྱེན་ནི་ཅི།

འབྲུག་ལྗང་། དྲི་བ་འདི་ནི་ཨ་ཁུ་ཡི་དམ་ཚེ་རིང་གིས་གསུངས་པ་བཞིན། སྐྱིད་སྡུག་འཚོ་བའི་འབྱུང་ཁུངས་མེད་ན། གསོན་ཉམས་ལྡན་པའི་སྙན་ངག་གི་སྣང་བརྙན་འབྱུང་མི་ཐུབ་ལ། དགའ་སྐྱོ་ཟུང་གི་ཡིད་འགྱུར་མེད་ན། རྔམ་བརྗིད་ཀྱི་ཉམས་དང་ལྡན་པའི་སྙན་ངག་གི་ཚེ་སྲོག་ཡོད་མི་སྲིད། ཅེས་པ་ལས་མ་འདས་སོ།།

ཁྲི་སེམས་དཔའ། ཁྱེད་རང་དགའ་བའི་སྙན་ངག་པ་གང་དག་ཡོད། དེའི་སྐོར་ནས་ཁ་བརྡ་ཞིག་བྱས་ན་ཅི་འདྲ།

འབྲུག་ལྗང་། སྤྱིར་དྲི་བ་འདིར་ལན་ལྡོན་ཁག་པོ་ཞིག་ཏུ་སྣང་ཡང་། རང་གི་ལྟ་ཚུལ་ཙམ་ཞིག་བརྗོད་ན་མི་ཆོག་པའང་མེད་སྙམ། ཐོག་མར་རང་ཉིད་དགའ་བའི་སྙན་ངག་པ་ཞིག་གླེང་དགོས་ན་དེའི་རྩོམ་རིག་བརྩམས་ཆོས་ཀྱིས་ཚད་འཇལ་ཐག་ཆོད་བྱེད་དགོས། དེ་ཡང་བརྗོད་བྱའི་དོན་གྱིས་ཅི་ཞིག་མཚོན་པ་དང་། རྗོད་བྱེད་ཚིག་གིས་ཇི་ལྟར་མཚོན་ཚུལ་ལས་བརྡར་ཤ་ཆོད་དགོས། དེ་ལས་སྙན་ངག་བརྩམས་ཆོས་ཤིག་ཡིན་ན་སྙན་ངག་མཛེས་རྟོག་གི་རྩ་བ་ནི་སྣང་ཡུལ་ལམ་སྙན་ངག་གི་ཁམས་ལྡན་དགོས་ཤིང་། གབ་སྦེད་ཀྱི་ཆ། མཛེས་རྟོག་གི་ཆ། རབ་རིབ་མཛེས་བྱེད་ཀྱི་དཔེ་དག་ལྡན་པར་གྱུར་ཚེ་ཕུལ་བྱུང་གི་སྙན་ངག་ཏུ་འདོད། ལོ་རབས་ཀྱི་དབང་དུ་དབྱེ་ན་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་པའི་སྐབས་ཀྱི་སྙན་ངག་པ་སྐོར་ཞིག་ལ་དགའ་མོས་ཡོད། དེ་དག་ལས་དཔེ་མཚོན་ཙམ་དྲངས་ན། ལྗང་བུ་དང་། གཅན་མེ་སྟག འབྲོང་བཅས་ཀྱི་སྙན་ངག་ལ་ཞེ་དྲག་དགའ་བོ་ཡོད།

ཁྲི་སེམས་དཔའ། རང་གི་རྩོམ་རིག་གསར་རྩོམ་གྱི་བཤུལ་ལམ་ལ་ཕྱིར་ལྟ་ཞིག་བྱས་ན་དྲན་ཚུལ་ཅི་ཞིག་འབྱུང་ངམ།

འབྲུག་ལྗང་། མི་ཚེ་མ་གཞི་ནས་ཐོབ་ཤོར་འགལ་འདུས་གྲུབ་ཡོད་ཅིང་། རང་ཉིད་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་ལས་རིགས་འདི་བདམས་པ་ནས་སྙན་ངག་བློས་བསླངས་དང་འབྲི་ཁོམ་གྱི་དུས་ཚོད་ཅུང་ཟད་དཀོན་པོར་གྱུར་པས། ད་ལ་ཐུག་གི་བར་རང་གི་ཡིད་སེམས་ཚིམ་པའི་སྙན་ངག་ཅིག་བྲི་མ་ཐུབ་པའི་ཁག་འགེལ་ས་གནད་དོན་འདིའོ་སྙམ། སྙན་ངག་འབྲི་བ་ནི་གསར་འགྱུར་དྲིལ་སྒྲོག་དང་སྙན་ཞུ་རྩོམ་རིག་རྩོམ་པ་ལྟ་བུ་ཞིག་མིན་པར། དེར་སྙན་ངག་གསར་རྩོམ་དང་འཕྲོད་པའི་ཁོར་ཡུག་རང་མཚན་པ་ཞིག་ལྡན་དགོས་པར་འདོད་དོ།། འོན་ཀྱང་བརྩེ་བ་དང་གཞན་ཕན་གྱི་བསམ་བློས་ཕྱུག་པའི་སློབ་གསོའི་ཁོར་ཡུག་འདི་ལས་ཤུགས་དྲག་པའི་བརྩེ་ཚོར་གྱི་སྙན་ངག་རྩོམ་ཆོག་པའི་ཡིད་ཆེས་ཀྱིས་ཀུན་ནས་བརྟས་སོ།།

ཁྲི་སེམས་དཔའ། ཁྱེད་རང་གི་སྙན་དེབ《མི་ཚེ་གྲུབ་པའི་གླུ》 ངོ་སྤྲོད་ཐུང་ཐུང་ཞིག་བྱས་ན་ཅི་འདྲ།

འབྲུག་ལྗང་། དྲང་མོར་བཤད་རྒྱུ་ན། ཁོ་བོས་རང་གི་སྙན་དེབ་ཉིས་སྟོང་བཅུ་བཞི་ལོར་སྤྱི་ཚོགས་ཡོངས་ལ་བཀྲམ་རྗེས་བློ་འགྱོད་མི་ཆུང་བ་ཞིག་སྐྱེས་བྱུང་། སྙན་དེབ་འདིས་ཁོ་བོ་སྙན་ངག་ལ་དགའ་དད་ཆེ་བའི་མི་ཚེའི་གོ་རིམ་གསུམ་མཚོན་པར་བྱས་ཡོད་དེ། ཁོ་བོ་སློབ་ཆེན་འགྲིམ་དུས་ཀྱི་སྙན་ངག་གི་སྦྱང་དེབ་ལྟ་བུ་ཡིན་པ་དང་གཅིག དབུས་ལམ་རིང་མོར་རེབ་ཐེངས་གཉིས་ལ་མཇལ་བའི་ཕམ་ཉེས་དང་ཆག་འཇིག་གླེང་བ་དང་གཉིས། དེང་གི་ཚོང་འབྱོར་སྤྱི་ཚོགས་ཀྱི་བརྡབ་གསིག་ཁྲོད་སྦྲིད་སྨན་གྱིས་བཟི་བ་ལྟ་བུའི་དུར་ཁྲོད་ཀྱི་ལོ་ཟླ་དང་རྨི་ལམ་བཅས་ཀྱིས་གྲུབ་པའི་སྙན་དེབ་ཅིག་ཡིན་པ་དང་གསུམ་ལགས་པས་ན། ཁོ་བོས་རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་འཚོ་བའི་བསྡུས་གཟུགས་ཤིག་ཏུ་བསམ་པ་ལས། ཀློག་མཁན་དག་གི་འདོད་བློ་དགང་ནུས་པའི་ཁྱད་གཤིས་ཤིག་མངོན་ཐུབ་མེད་པ་ངས་ཀྱང་ཚོར་མྱོང་ཡོད།

ཁྲི་སེམས་དཔའ། ཁྱེད་ཉིད་ལ་དུར་ཁྲོད་སྙན་ངག་པ་ཞེས་པའི་མིང་ཇི་ལྟར་ཐོགས་པའི་སྐོར་ནས་ཁ་བརྡ་ཞིག་བྱས་ན་ཅི་འདྲ་རེད།

འབྲུག་ལྗང་། རེད། ཁོ་བོའི《 དོ་ནུབ། ང་དུར་ཁྲོད་ཡིན》ཞེས་པའི་སྙན་ངག་དེ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་བཀོད་རྗེས། རྩོམ་གྲོགས་ཀུན་གྱིས་ཚད་མཐོ་བའི་གདེང་འཇོག་མཛད་ཅིང་གྲོགས་པོ་རེ་གཉིས་ཀྱིས་རྒྱ་ཡིག་དང་དབྱིན་ཇིའི་སྐད་དུ་བསྒྱུར་འདུག སྒོས་སུ་དེང་རབས་སྒྲུང་རྩོམ་པ་གྲགས་ཅན་གྲོགས་པདྨ་ཚེ་བརྟན་ལགས་ཀྱིས《སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་པ》ཞེས་པའི་སྒྲུང་གཏམ་ཞིག་སྤེལ་བ་ནས། ཐག་ཉེ་རིང་གི་གྲོགས་པོ་ཚོས་ཀུ་རེའི་ཚུལ་དུ་དུར་ཁྲོད་སྙན་ངག་པར་འབོད་ཅིང་། དུར་ཁྲོད་ཅེས་པའི་ཐ་སྙད་འདི་ཁོ་བོས་སྙན་ངག་འབྲི་བའི་སྒང་དུ་ངང་ངམ་ཤུགས་ཀྱིས་ཐོན་པའི་བརྡ་ཆད་གཙོ་བོ་ཞིག་ཏུའང་གྱུར་ཡོད། ཁོ་བོ་མི་ཡུལ་འགྲིམ་པའི་སྐབས་སྐབས་སུ་ཞེན་ཆགས་ཀྱིས་ཕྱི་མིག་ཅིག་བལྟས་ཙ་ན། འདས་ཟིན་པའི་བཞུད་ལམ་དང་ཅི་ཞིག་རྙེད་དགོས་པའི་མངོན་རྟགས་ཤིག་སྨིག་རྒྱུའི་ཀློང་གི་རི་ཆུ་ཇི་བཞིན་མི་མངོན་ཞིང་། སྙན་ངག་གི་བསླུ་བྲིད་ཀྱིས་བསྐྱེད་པའི་ན་ཟུག་གི་ལོ་ཟླ་རེ་རེར། སྐྱིད་ལ་སྡུག་པའི་དུར་ཁྲོད་ཀྱི་མཚན་མོ་རེ་རེར། རང་དབང་གི་སྙན་ངག་གམ་སེམས་ཀྱི་ལོངས་སྤྱོད་འདི་མ་གཏོགས་སུ་དང་གང་གིས་ཁེར་རྐྱང་གི་སྡུག་ཡུས་བསྐྲོད་ཐབས་མེད་སོང་ན། ཁོ་བོའི་གསང་གཏམ་བརྗོད་རོགས་དང་སྦ་རོགས་བྱེད་མཁན་ནི་དུར་ཁྲོད་རྐྱང་རྐྱང་མ་གཏོགས་མེད་སོང་ན། ཁོ་བོས་དུར་ཁྲོད་སྙན་ངག་པའི་མི་ཚེ་མཚོན་པའི་སྙན་ངག་གི་དེབ་ཆུང་འདི་རང་གི་སྐྱོ་བ་སངས་པའི་གླུ་ལྟ་བུ་ཞིག་ཏུ་བྲིས་པ་མ་ཡིན་ནམ།

ཁྲི་སེམས་དཔའ། ཁྱེད་ཀྱིས་བདག་གི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ།

འབྲུག་ལྗང་། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།

སྙན་ངག་པའི་སྐད་ཆ། རྩོམ་སྒྲིག་འགན་འཁུར་པ། ཡེ་ཤེས་སྐྱབས།



རྩོམ་ཡིག་སྔོན་མ།
མེ་ལོང་ངོས་ཀྱི་སྐར་ཚོགས།
རྩོམ་ཡིག་རྗེས་མ།
ཆེད་བསྒྲིགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1