མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུའི་སྐོར་གྱི་གནས་ཚུལ་གནད་བསྡུས།
ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་འགན་སྒྲུབ་བྱས་པའི་མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི《 མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་དེ་གནའ་མཁར་ཟི་ལིང་ནས་གཟབ་རྒྱས་ངང་འཚོགས།
མཛད་སྒོའི་སྟེང་འབྲེལ་ཡོད་མགོ་ཁྲིད་དང་རྩོམ་པ་པོ། ཆེད་མཁས་པ། དུས་དེབ་སོ་སོའི་རྩོམ་སྒྲིག་པ། སྙན་ངག་པ། ཟུར་ཞུགས་མི་སྣ་སོགས་བསྡོམས་པས་མི་སྣ་ལྔ་བཅུ་ལྷག་ཞུགས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་བསོད་ལོ་ལགས་དང་དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་ལགས། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་འགྲུབ་ལགས། བོད་ཀྱི་དམངས་སྲོལ་རིག་གནས་ཆེད་མཁས་པ་དང《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་བཀའ་མ་མཁའ་འབུམ་ལགས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན་ལགས། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ལགས། 《 བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་གཞོན་པའམ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རྒྱལ་ལགས། བོད་ཀྱི་ན་གཞོན་སྙན་ངག་པ་གེ་སར་ལགས། བོད་ཀྱི་ན་གཞོན་སྙན་ངག་པ་དང་རྩོམ་རིག་དཔྱད་བརྗོད་པ་ནེའུ་ཆུང་ལགས། 《 སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པའམ་རྩོམ་རིག་དཔྱད་བརྗོད་པ་པད་མ་དབང་ཆེན་ལགས། བོད་ཀྱི་ན་གཞོན་རྩོམ་པ་པོ་དང་སྙན་ངག་པ་ཁྲི་སེམས་དཔའ་དང་ནུབ་བྱང་མི་རིགས་སློབ་ཆེན་གྱི་རྩོམ་རིག་འབུམ་རམས་པའམ་བོད་ཀྱི་ན་གཞོན་སྙན་ངག་པའམ་རྩོམ་རིག་དཔྱད་བརྗོད་པ་དཔལ་ལྡན་རྒྱ་མཚོ། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གི་ལས་བསྒྲུབ་པ་བོད་ཀྱི་ན་གཞོན་སྙན་ངག་པ་སྒྲེན་པོ་བཅས་ཀྱིས་རེ་རེ་བཞིན་ཚོགས་ཐོག་ནས་དཔེ་ཚོགས་དེབ་བརྒྱད་ཀྱི་བདག་ཉིད་ཅན《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》གཞིར་བཟུང་སྟེ། ཟུར་མི་འདྲ་བའི་སྒོ་ནས་དཔྱད་བརྗོད་ལྷུག་ཏུ་སྤེལ་བ་བརྒྱུད་མཚོ་ནུབ་བོད་ཀྱི་རྩོམ་རིག་གི་ད་ལྟའི་གནས་བབ་དང་མ་འོངས་པའི་འཕེལ་རྒྱས་ཕྱོགས་ལ་རེ་བ་དང་ཁ་ཕྱོགས་ནན་མོ་བསྟན། ལྷག་པར་དུ་རྩོམ་པ་པོ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་སོགས་ཀྱིས་བགྲོ་གླེང་ཚོགས་འདུ་དང་བསྡོངས་ཏེ་བོད་ཀྱི་རྩོམ་རིག་སྤྱིའི་གནས་བབ་ལ་དམིགས་ཏེ་བགྲོ་གླེང་རྒྱ་ཆེར་སྤེལ་བས། བགྲོ་གླེང་ཚོགས་འདུ་ཡང་ཚད་མཐོན་པོ་ཞིག་ཏུ་སླེབས་པར་བྱས་སོ།། མཇུག་ཏུ། ཐེངས་འདིའི་དཔེ་ཚོགས་རྩོམ་སྒྲིག་ཚན་ཆུང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཉྭ་ནག་པ་བ་རེས་ལགས་ཀྱིས་བགྲོ་གླེང་ཚོགས་འདུར་མཇུག་མཐའི་སྤྱི་སྡོམ་མཛད།
མདོར་ན། ཐེངས་འདིའི་འགྲེམ་སྤེལ་མཛད་སྒོ་དང་བགྲོ་གླེང་ཚོགས་འདུ་ཧ་ཅང་བདེ་བླག་དང་རྒྱལ་ཁའི་ངང་མཇུག་བསྡུས་པ་དང་བསྟུན་ནས། སྤྱི་ཚོགས་སྟེང་གི་འབྲེལ་ཡོད་མགོ་ཁྲིད་དང་བོད་ཀྱི་རྩོམ་སྟེགས་ནས་གདེང་འཇོག་ཚད་མཐོན་པོ་ཐོབ། ཡིན་ཡང་། འདི་ལྟ་བུའི་རྩོམ་རིག་དཔེ་ཚོགས་ཤིག་འགྲེམ་སྤེལ་བྱ་ཐུབ་པ་འདི་ནི་མཚོ་ནུབ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཐུགས་ཁུར་དང་འབྲལ་ཐབས་གཞི་ནས་མེད་ཅིང་། འདི་ནི་མཚོ་ནུབ་ཁུལ་གཞུང་ཕྱོགས་ཀྱིས་མ་དངུལ་བཏང་ནས་པར་སྐྲུན་བྱས་པའི་དཔེ་ཚོགས་ཐོག་མ་ཡིན་པའི་ཆ་ནས། ད་ལྟའི་མཚོ་ནུབ་བོད་ཀྱི་རྩོམ་རིག་བྱ་གཞག་ཁྲོད་ནས་ཐོད་བརྒལ་རང་བཞིན་གྱི་དོན་སྙིང་ལྡན་པ་མ་ཟད། རྗེས་ཕྱོགས་ཀྱི་མཚོ་ནུབ་བོད་ཀྱི་རྩོམ་རིག་གསར་རྩོམ་ཐད་ཤན་ཞུགས་ངེས་ཅན་ཐེབས་སྲིད་པའང་བསྙོན་དུ་མེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། འདི་ནི་ང་ཚོས་རང་གི་ཉམས་མྱོང་ཕྱོགས་སྡོམ་ཞིག་དང་རྗེས་ཕྱོགས་ཀྱི་རྟིང་སྐུལ་ཞིག་ཏུ་བསམས་ནས། སླད་མར་ཡང《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་སྔར་བཞིན་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་བོད་ཀྱི་སྙན་ངག་གསར་རྩོམ་ཕྱོགས་ལ་ཞབས་ཞུ་གང་ལེགས་སྒྲུབ་པ་དང་མཉམ་དུ། རང་ས་གནས་ལ་རྐང་བཙུགས་ཏེ་མཚོ་ནུབ་ཁུལ་གྱི་གསར་སྐྱེས་རྩོམ་པ་པོ་མང་པོ་ཞིག་སྐྱེད་སྲིང་གང་ལེགས་བྱ་རྒྱུ་ཡང་རང་གི་ཁུར་བབས་ཀྱི་འོས་འགན་ཆེན་པོ་ཞིག་ཏུ་བརྩིས་ནས། མུ་མཐུད་དུ་མཚོ་ནུབ་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་འབད་བརྩོན་ལྷོད་མེད་བྱེད་རྒྱུའི་སེམས་འདུན་བཅངས་ཡོད་དོ།།
ཆེད་བསྒྲིགས་ལེ་ཚན། རྩོམ་སྒྲིག་འགན་འཁུར་པ། ཀླུ་འབུམ་རྒྱལ།