འདི་ཡང་མེ་ཏོག་ཅིག་གི་ བཞད་སྟངས་ཅིས་ཀྱང་ཡིན། —《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》རྩོམ་སྒྲིག་བྱས་པའི་གོ་རིམ་དང་ཞར་བྱུང་བརྗོད་འདོད་པའི་གཏམ་ཐོར་བུ།

བ་རེས།(མཚོ་ནུབ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-21


དང་པོ། དཔེ་ཚོགས་པར་སྐྲུན་དང་འགྲེམ་སྤེལ་བྱས་པའི་དོན་སྙིང་།

བདག་ནི《 མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》རྩོམ་སྒྲིག་བྱེད་པའི་ཁོངས་མི་ཞིག་ཡིན་པའི་ཆ་ནས་བལྟས་ན། ཐེངས་འདིར་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་བོད་ཡིག་གི་ལམ་ནས་རྩོམ་རིག་སྐོར་གྱི་དཔེ་དེབ་བརྒྱད་དཔེ་ཚོགས་བྱས་ཏེ་པར་སྐྲུན་དང་འགྲེམ་སྤེལ་བྱས་པ་འདི་ནི་ཉེ་ཆར་མཚོ་ནུབ་ས་ཁུལ་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཕྱོགས་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་མ་ཟད་འདི་ལ་སྐབས་བབ་ཀྱི་ཆ་ནས་ཀྱང་དོན་སྙིང་ཆེན་པོ་ལྡན་པ་རེད་ཅེས་བཅོས་མ་མིན་པའི་ངག་གིས་བརྗོད་འདོད་སྐྱེས་བྱུང་། དེ་ཡང་དོན་སྙིང་ཆེན་པོ་ལྡན་པར་སྙམ་པའི་རྒྱུ་མཚན་ནི་གཤམ་གྱི་ཕྱོགས་འདི་དག་གི་སྟེང་ནས་གོ་བ་ལེན་པར་བྱ་སྟེ། གཅིག་ནི། ཕྱི་ཕྱོགས་སྒོ་འབྱེད་བྱས་རྗེས། མཚོ་ནུབ་ཁུལ་གྱི་ལས་རིགས་ཀུན་ལ་གནམ་སའི་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ལྷག་པར་དུ་ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག་དང་། ཀྲུང་གུང་མཚོ་ནུབ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཏུ་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་དང་སློབ་གསོ། མི་དམངས་ཀྱི་འཚོ་བ་སོགས་ཀྱི་ཐད་ནས་སྔར་བས་ཀྱང་ལྷག་པའི་གོང་འཕེལ་ཆེན་པོ་བྱུང་། དེ་དང་མཚུངས་སུ་མཚོ་ནུབ་ཁུལ་གྱི་བསམ་བློའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དང་། མཚོ་ནུབ་ཁུལ་ནི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་དུ་གསར་བསྐྲུན་བྱེད་པ། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་པ་བཅས་ཀྱི་སྐབས་འདིར་དཔེ་ཚོགས་འདི་པར་སྐྲུན་དང་འགྲེམ་སྤེལ་བྱས་པ་ལ་དོན་སྙིང་ཆེན་པོ་ལྡན་པ་རེད། གཉིས་ནི། ཉེ་ཆར་དཔེ་ཚོགས་འདི་པར་སྐྲུན་དང་འགྲེམ་སྤེལ་བྱས་པ་ནི་མཚོ་ནུབ་ས་ཁུལ་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཆ་ནས་བཤད་ན་སྔར་བྱུང་མ་མྱོང་བའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་ལ། གྲུབ་འབྲས་འདིས་མཚོ་ནུབ་ཁུལ་གྱི་སྤུན་ཟླ་མི་རིགས་ཁག་གི་རྩོམ་རིག་སྒྱུ་རྩལ་གྱི་ལས་དོན་ཡང་ཁུལ་འདིའི་ལས་རིགས་ཀུན་དང་མཚུངས་པར་མཉམ་གཅིག་ཏུ་གོང་འཕེལ་དུ་བཏང་ཞིང་གཏོང་མུས་སུ་མཆིས་པའི་གནས་ཚུལ་བཟང་བོ་དེ་ལག་ལེན་དངོས་ཀྱི་སྟེང་ནས་གསལ་བཤད་དང་མངོན་པར་མཚོན་ཡོད་པས་དོན་སྙིང་ཆེན་པོ་ལྡན་པ་རེད། གསུམ་ནི། བདག་གིས་ཤེས་ཚོད་ལ། བགྲང་བྱ་སུམ་ཅུར་ཉེ་བའི་ཡར་སྔོན་ལ། མཚོ་ནུབ་ཏུ་བོད་ཀྱི་རྩོམ་རིག་གསར་རྩོམ་བྱེད་མཁན་གྱི་རྩོམ་པ་པོ་ཧ་ཅང་ཉུང་བ་དང་། ཐ་ན1989ལོར་ཁུལ་འདིར་གསར་དུ་བསྐྲུན་པའི་དུས་དེབ《གངས་རྒྱན་མེ་ཏོག》ཅེས་པ་འདི་ཐོག་མར་བཏོན་པའི་དུས་སུ་ཡང་རྩོམ་སྒྲིག་བྱེད་མཁན་གྱི་མི་སྣའི་ཕྱོགས་ནས་ཀྱང་དཀའ་ངལ་ཆེན་པོ་ཡོད་པ་རེད། ལོ་ངོ་ཉེར་བརྒྱད་འདས་རྗེས་ཀྱི་དེ་རིང《གངས་རྒྱན་མེ་ཏོག》མེད་པ་ནས་ཡོད་པ་དང་། ཡོད་པ་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཤིང་ལེན་མུས་སུ་མཆིས་པ་མ་ཟད། 《 གངས་རྒྱན་མེ་ཏོག》འཚར་དུ་ལོངས་པའི་གོ་རིམ་གྱི་འགྲོས་དང་བསྟུན་ནས་རང་ས་གནས་ཀྱི་རྩོམ་པ་པོ་མི་ཉུང་བ་ཞིག་ཀྱང་རིམ་གྱིས་བྱུང་བ་དང་། སྔོན་ཆད་མཚོ་ནུབ་ས་ཁུལ་དུ་རྩོམ་འབྲིའི་ཕྱོགས་ནས་གང་དེའི་རྒྱུའམ་ས་བོན་ཡོད་པ་ཙམ་ལས་དོན་དངོས་ཐོག་བོད་ཀྱི་རྩོམ་རིག་གསར་རྩོམ་བྱེད་མཁན་གྱི་མི་སྣ་དཀོན་ཞིང་ཉུང་བའི་གནས་ཚུལ་དེ་ལའང་འགྱུར་ལྡོག་མིག་གིས་མཐོང་ཐུབ་ཅིང་གྲངས་སུ་འདྲེན་རྒྱུ་ཡོད་པའི་ཚད་དུ་སླེབས་ཡོད་པ་ཞིག་བྱུང་སྟེ། ད་ལྟ་མཚོ་ནུབ་ཁུལ་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་དོན་འདི་ཡང་ས་གནས་འདིའི་སྤུན་ཟླ་མི་རིགས་ཁག་གི་རྩོམ་རིག་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་དང་འདྲ་བར་གོང་ནས་གོང་དུ་འཕེལ་ཐུབ་པ་བྱུང་བའི་སྐབས་འདིར། དཔེ་ཚོགས་འདི་དུས་ཐོག་ཏུ་པར་སྐྲུན་དང་འགྲེམ་སྤེལ་བྱས་པ་ལ། ས་གནས་འདི་གའི་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་མོས་པའི་རྩོམ་པ་པོ་མང་པོ་ཞིག་སྐྱེད་སྲིང་བྱེད་པར་རྨང་གཞི་བརྟན་པོ་ཞིག་འདིང་བ་དང་། མ་འོངས་པར་མཚོ་ནུབ་ཁུལ་གྱི་བོད་ཀྱི་རྩོམ་རིག་གོང་དུ་སྤེལ་བར་ལམ་སྣ་འདྲེན་པའི་ནུས་པ་འདོན་པ། ལྷག་པར་དུ་ས་གནས་འདིའི་ན་གཞོན་རྩོམ་པ་པོ་མང་པོ་ཞིག་ལ་རྩོམ་རིག་གསར་རྩོམ་གྱི་ཕྱོགས་ནས་ངར་ལྡུད་པ་དང་ཡར་སྐུལ་གྱི་ཅོང་སྒྲ་སྒྲོག་པ་སོགས་ཀྱི་ཐད་ནས་བཤད་ནའང་དོན་སྙིང་ཆེན་པོ་ལྡན་པ་རེད།

གཉིས་པ། དཔེ་ཚོགས་རྩོམ་སྒྲིག་བྱས་པའི་གོ་རིམ་རགས་བསྡུས།

གཅིགརྩོམ་སྒྲིག་མི་སྣ་རྩ་འཛུགས་དང་བརྩམས་ཆོས་བསྡུས་ཚུལ།

2017ལོའི་ཟླ3པའི་ཚེས11ཉིན་ལ། སྔོན་ནས་གྲ་སྒྲིག་ཡོད་པའི་རྨང་གཞིའི་སྟེང《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》རྩོམ་སྒྲིག་བྱ་རྒྱུའི་སྐོར་གྱི་ཚོགས་འདུ་ཐེངས་དང་པོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲོས་ཚོགས་ཁང་དུ་འཚོགས། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཀླུ་འབུམ་རྒྱལ་ལགས་ཀྱིས་ཚོགས་འདུ་ལ་མགོ་འཛིན་བྱས་པ་དང་། ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སི་ཆེན་ཧྥུ་དང་དྲུང་ཡིག་ཨ་རོད་ཧན། 《 གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་འབྲེལ་ཡོད་མི་སྣ་རྣམས་ཚོགས་འདུར་ཞུགས། ཚོགས་འདུའི་སྟེང་སི་ཆེན་ཧྥུ་ལགས་ཀྱིས་གསུང་བཤད་གནང་བ་མ་ཟད། 《 མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཇི་ལྟར་འདེམ་སྒྲིག་བྱ་དགོས་པའི་སྐོར་ནས་མཛུབ་སྟོན་གལ་ཆེན་གནང་། ཚོགས་འདུའི་སྟེང་སྐབས་བབ་ཀྱི་གྲོས་གཞི་རྣམས་ལ་གྲོས་སྡུར་ཞིབ་མོ་བྱས་ཏེ་གཤམ་གསལ་གྱི་གྲོས་གཞི་འདི་དག་གི་སྐོར་ལ་གྲོས་འཆམ་བྱུང་ངོ་།།

1.《 མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཀྱི་སྤྱིའི་གྲངས་ཀ་བསྡོམས་པས་དཔེ་དེབ་བརྒྱད་དང་། དཔེ་ཚོགས་ཀྱི་རྣམ་པ་རྩོམ་པ་པོ་མང་པོས་བརྩམས་པའི་བརྩམས་ཆོས་ཕྱོགས་བསྒྲིགས་དཔེ་དེབ་གཉིས་དང་མི་སྒེར་གྱིས་བརྩམས་པའི་དཔེ་དེབ་དྲུག་བྱ་རྒྱུ་དང་། རྩོམ་པ་པོ་དང་བརྩམས་ཆོས་རྣམས་ཀྱི་འབྱུང་ཁུངས་གཙོ་བོ་མཚོ་ནུབ་ས་ཁུལ་བྱ་རྒྱུ།

2.《 མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》རྩོམ་སྒྲིག་བྱེད་སྐབས། བློ་མཐུན་བོང་སྟག་པ་བསོད་ནམས་དར་རྒྱས་དང་། བསོད་ནམས་དོན་གྲུབ། རྟ་མཆོག་རྒྱལ་རྣམ་པ་གསུམ་གྱིས་བློ་འདོན་པ་དང་། བློ་མཐུན་སི་ཆེན་ཧྥུ་ཡིས་སྤྱི་ཁྱབ་ཇུས་འགོད་པ་ཡི་འགན་དང་། བློ་མཐུན་བ་རེས་དང་འཕགས་པ་ཐར་གཉིས་ཀྱིས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་རྒན་གཞོན་གཉིས་ཀྱི་འགན་དང་། བློ་མཐུན་ཀླུ་འབུམ་རྒྱལ་གྱིས་གཙོ་སྒྲིག་པའི་འགན་དང་། བློ་མཐུན་ཡེ་ཤེས་སྐྱབས་དང་ལྕགས་འབུམ་གཉིས་ཀྱིས་གཙོ་སྒྲིག་པ་གཞོན་པའི་འགན་དང་། དོན་གྲུབ་ཚེ་རིང་དང་། ཚེ་རིང་རྣམ་རྒྱལ། བདེ་སྐྱིད་སྒྲོལ་མ། བོང་སྟག་རི་ལུ། དགེ་འདུན་མཚོ། སངས་རྒྱས་སྒྲོལ་མ། བསོད་རྡོ། པད་མ་རིག་འཛིན། གདུགས་དཀར་སྐྱིད། སེང་འབྲུག་མཚོ་རྣམས་ཀྱིས་རྩོམ་སྒྲིག་ཨུ་ཡོན་གྱི་འགན་འཁུར་རྒྱུ།

3. 2017ལོའི་ཟླ3པའི་ཚེས12ཉིན་ནས་ཚེས28ཉིན་ནི་བརྩམས་ཆོས་བསྡུ་བའི་དུས་ཚོད་དུ་གཏན་འཁེལ་བྱས་ཤིང་དེ་དོན་དྲ་ལམ་བརྒྱུད་ནས་ཁུལ་ཡོངས་ལ་བརྡ་སྦྱོར་གཏོང་རྒྱུ།

4.དཔེ་ཚོགས་རྩོམ་སྒྲིག་བྱེད་པའི་ཞོར་ལ། 《 གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གིས་འགན་འཁུར་བྱས་ཏེ་དཔེ་སྐྲུན་ཁང་ལ་འབྲེལ་གཏུག་བྱ་རྒྱུ། 2017ལོའི་ཟླ11པའི་ནང་དཔེ་ཚོགས་དངོས་སུ་པར་སྐྲུན་བྱས་ནས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་དང་ངོ་མཇལ་འབྱུང་ཐུབ་པ་བྱ་རྒྱུ།

གཉིས།བརྩམས་ཆོས་གདམ་གསེས་དང་མཇུག་མཐར་གཏན་ལ་ཕབ་ཚུལ།

2017ལོའི་ཟླ3པའི་ཚེས12ཉིན་དྲ་ལམ་བརྒྱུད་དེ《 མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཀྱི་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར་བཏང་། བརྡ་སྦྱོར་གཏོང་སྐབས་བརྩམས་ཆོས་ཀྱི་སྐོར་ལ་བླང་བྱ་བཞི་བཏོན་པ་སྟེ། 1.བརྩམས་ཆོས་ནི་རྩོམ་རིག་བརྩམས་ཆོས་ཡིན་ཐོག་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཀྱང་འབུར་དུ་ཐོན་དགོས་པ། 2.བརྩམས་ཆོས་ཀྱི་ནང་དོན་ནི་མི་རིགས་མཐུན་སྒྲིལ་གྱི་སྲིད་ཇུས་སོགས་ལ་གཏན་ནས་མི་འགལ་བ། 3.མི་སྒེར་བརྩམས་ཆོས་ཀྱི་ཡིག་གྲངས་ཡིག་འབྲུ་ཁྲི་ཉི་ཤུ་ནས་ཉེར་ལྔའི་བར་རམ་ཡང་ན་ཤོག་གྲངས་ཉིས་བརྒྱ་ནས་ཉིས་བརྒྱ་ལྔ་བཅུའི་བར། 4.རྩོམ་པ་པོ་ནི་ངེས་པར་དུ་མཚོ་ནུབ་ས་ཁུལ་དུ་ལས་ཀ་གཉེར་མཁན་ནམ་ཡང་ན་མཚོ་ནུབ་ས་ཁུལ་དུ་གཏན་སྡོད་བྱས་ཡོད་པའི་མི་སྣ་ཡིན་དགོས་པ་བཅས་སོ།།

2017ལོའི་ཟླ3པའི་ཚེས26ཉིན་ནས་བཟུང་རྩོམ་པ་པོ་རྣམས་ཀྱིས་བསྐུར་བའི་བརྩམས་ཆོས་རྣམས་སྔ་ཕྱིར《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་དུ་འབྱོར། བསྡོམས་པས་རྩོམ་པ་པོ70ལྷག་གི་བརྩམས་ཆོས200ལྷག་ལག་སོན་བྱུང་ཞིང་། དེའི་ནང་མི་སྒེར་གྱི་བརྩམས་ཆོས་མ་རྩོམ་བཅུ་གཅིག་འབྱོར་བ་རྣམས་ནི། བོང་སྟག་ལྷག་གའི་སྙན་དེབ་མ་རྩོམ་དང་། གངས་བུ་སྒྲོལ་ལོག་གི་སྙན་དེབ་མ་རྩོམ། བདེ་སྐྱིད་སྒྲོལ་མའི་སྙན་དེབ་མ་རྩོམ། ཁ་བ་རིའི་སྙན་དེབ་མ་རྩོམ། འདམ་འཇིལ་ལིའི་སྙན་དེབ་མ་རྩོམ། གཡུ་ལོའི་སྙན་དེབ་མ་རྩོམ། ཁ་བ་ལྷ་མོའི་སྙན་དེབ་མ་རྩོམ། བོང་སྟག་རི་ལུའི་འབོལ་རྩོམ་མ་རྩོམ། བཙུན་ཐར་ཚེ་རིང་རྒྱལ་གྱི་སྙན་དེབ་མ་རྩོམ། མོག་བུ་ཡེ་ཤེས་སྐྱབས་ཀྱི་སྙན་དེབ་མ་རྩོམ། ཉྭ་ནག་པ་བ་རེས་ཀྱི་ལྷུག་རྩོམ་མ་རྩོམ་བཅས་སོ།།

ཟླ3པའི་ཚེས29ཉིན་ནས་ཟླ5པའི་ཚེས7ཉིན་བར་རྩོམ་སྒྲིག་ཨུ་ཡོན་རྣམས་ཀྱིས་ལག་བརྒྱུད་དེ་བསྡུས་རྩོམ་རྣམས་ལ་ལྟ་ཀློག་བྱས། ཟླ5པའི་ཚེས8ཉིན《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་རྒྱས་ཀྱི་ཚོགས་འདུ་བསྡུས། ཚོགས་ཐོག་ཏུགསལ་བ་དང་། སྙོམས་པ། དྲང་བཞགཡིན་པ་བཅས་ཀྱི་རྩ་དོན་ལྟར་བརྩམས་ཆོས་རྣམས་ཀྱི་རྒྱུ་སྤུས་སྐོར་ལ་གྲོས་སྡུར་ནན་ཏན་བྱས་པ་བརྒྱུད། ཐེངས་འདིར་རྩོམ་སྒྲིག་ཁང་དུ་འབྱོར་བའི་བརྩམས་ཆོས་མ་རྩོམ་རྣམས་ལས་མོག་བུ་ཡེ་ཤེས་སྐྱབས་ཀྱི་སྙན་དེབ《རྟོད་ཐག་ཁྲ་ཁྲ》 དང་། ཁ་བ་ལྷ་མོའི་སྙན་དེབ《རླུང་དང་མེ་ཏོག》 ཁ་བ་རིའི་སྙན་དེབ《རླུང་དང་འདྲེས་པའི་གཏམ》 འདམ་འཇིལ་ལིའི་སྙན་དེབ《དབྱངས་ཀྱི་ང་རོ》 བདེ་སྐྱིད་སྒྲོལ་མའི་སྙན་དེབ《འབྲོག་མོ》 ཉྭ་ནག་པ་བ་རེས་ཀྱི་ལྷུག་རྩོམ་དེབ《རྒྱང་ལྟའི་ཁྲོད་ཀྱི་ལྷ་རི》 སྟེ་མི་སྒེར་གྱི་དཔེ་དེབ་དྲུགམ་རྩོམནི《 མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཀྱི་གྲས་སུ་བདམས་ཐོན་བྱུང་བ་དང་། དེའི་མཚུངས་སུ་རྩོམ་པ་པོའི་བརྩམས་ཆོས་ཕྱོགས་བསྒྲིགས་ཏེ《 ཚྭ་འདམ་མཆོད་བསྟོད》 སྟོད་ཆ་དང་སྨད་ཆ་གཉིས་ཡོདཅེས་པའི་དཔེ་དེབ་དེ་གཉིས་ཀྱང《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》གྲས་སུ་འཇོག་རྒྱུའི་ཐག་བཅད་དོ།། དེ་མིན་ཚོགས་ཐོག་ཏུ་ཐེངས་འདིར་བརྩམས་ཆོས་འདེམ་མ་ཐུབ་པའི་རྩོམ་པ་པོ་རྣམས་ཀྱིས་རང་གི་བརྩམས་ཆོས་ཅིའི་ཕྱིར་འདེམ་མ་ཐུབ་པའི་གནས་ཚུལ་གསལ་བོར་རྟོགས་ཆེད། རྩོམ་སྒྲིག་ཨུ་ཡོན་རྣམས་ཀྱིས་ལག་འབྱོར་བྱུང་བའི་བརྩམས་ཆོས་མ་རྩོམ་རྣམས་ལ་བལྟས་ཤིང་དཔྱད་གཏམ་བརྗོད་ཡོད་པའི་མ་ཕྱི་རྣམས་ཡིག་ཚགས་སུ་བཟོས་ནས་རྩོམ་པ་པོ་རྣམས་ཀྱིས་གནས་ཚུལ་ཞིབ་ཏུ་དྲིས་ཆོག་ལ་རང་ཉིད་དངོས་སུ་ཡོང་སྟེ་དཔྱད་གཏམ་གྱི་མཆན་བཏབ་ཡོད་པའི་མ་ཕྱི་རྣམས་ལ་བལྟ་འང་ཆོག་པའི་འབྲེལ་ཡོད་ཀྱི་བྱ་བ་རྣམས་ལའང་གྲོས་སྡུར་བྱས་ཤིང་གཏན་ལ་ཕབ་བོ།།

གསུམ་པ། བདམས་ཐོན་བྱུང་བའི་བརྩམས་ཆོས་རྣམས་ཀྱི་སྤྱིའི་སྡོམ་ཚིག

སྤྱི་ཁོག་ནས་བལྟས་ན། ཐེངས་འདིར《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཁྲོད་དུ་བདམས་ཐོན་བྱུང་བའི་བརྩམས་ཆོས་རྣམས་ནི་མཚོ་ནུབ་ཁུལ་གྱི་ས་གནས་སོ་སོ་རུ་ཡོད་པའི་རྩོམ་པ་པོ་རྣམས་ཀྱི་པིར་རྩལ་ལས་ལེགས་པར་ཐོན་པ་ཞིག་ཡིན་ཞིང་། རྩོམ་པ་པོའི་ཆ་ནས་བཤད་ན། རྩོམ་པ་པོ་རྒན་དར་གཞོན་གསུམ་འདུ་བ་དང་། དེ་རྣམས་ལས་མང་ཆེ་བ་ནི་ན་གཞོན་རྩོམ་པ་པོ་རེད། བརྩམས་ཆོས་རྣམས་བྱུང་བའི་དུས་ཀྱི་ཆ་ནས་བཤད་ན། བརྩམས་ཆོས་དེ་དག་ནི་དུས་རབས་ཉེར་གཅིག་པའི་དུས་མགོ་ནས་བཟུང་ད་ལྟར་ཐུག་པའི་བར་མཚོ་ནུབ་ཁུལ་གྱི་རྩོམ་པ་པོ་དེ་རྣམས་ཀྱིས་བརྩམས་ཤིང་ལེགས་གྲུབ་བྱུང་བའི་གྲུབ་འབྲས་རེད། དེ་རྣམས་བྱེ་བྲག་གི་སྒོ་ནས་ཅུང་བཤད་ན། མི་སྒེར་དཔེ་དེབ་རྣམས་ཀྱི་བརྗོད་བྱའི་ཆ་ནས། བརྩམས་ཆོས་རྣམས་ཀྱི་བརྗོད་སྙིང་གཙོ་བོ་ཕ་ཡུལ་ལ་བཅངས་པའི་བརྩེ་དུངས་དང་། ཕ་ཡུལ་གྱི་འཕོ་འགྱུར་རམ་རྣམ་པ་གསར་བ། གནས་སྐོར་དང་ལྗོངས་རྒྱུའི་སྐབས་སུ་རྩོམ་པ་པོའི་བློ་ངོར་ཐོལ་གྱིས་འཕོས་པའི་དྲན་འཆར། རོང་འབྲོག་ཁུལ་གྱི་འཚོ་བ་གསར་བ་དང་ཕོ་མོའི་བརྩེ་དུངས་བརྗོད་པ། གྲོགས་པོ་གྲོགས་མོ་དང་རྩོམ་པ་པོའི་བར་བྱུང་བའི་མཛའ་གཅུགས་ཀྱི་འབྲེལ་བ་མཚོན་པ་སོགས་ཀྱི་ནང་དུ་བསྡུ་ཆོག་ལ། བྱེ་བྲག་བརྩམས་ཆོས་རེ་རེའི་བརྗོད་སྙིང་ཇི་འདྲ་ཡིན་པའི་སྐོར་བདག་གིས་ཐེངས་འདིའི་བསྡུས་རྩོམ་དུ་འབྱོར་བའི་བརྩམས་ཆོས་རྣམས་ཞིབ་ཏུ་བཀླགས་ཤིང་དེ་རྣམས་ལ་རང་གིས་གོ་བ་ལོན་ཚོད་ཀྱི་དཔྱད་བརྗོད་ཀྱི་མཆན་བུ་རེ་བཏབ་ཡོད་པ་དེར་གསལ་བས་འདིར་རེ་རེ་བཞིན་ཞིབ་ཏུ་མ་བཀོད། རྩོམ་ལུས་སམ་འབྲི་སྟངས་ཀྱི་ཆ་ནས། སྲོལ་རྒྱུན་སྙན་ངག་གི་འབྲི་སྟངས་དང་རང་མོས་སྙན་ངག་གི་འབྲི་སྟངས་གཉིས་ཀྱི་ཁོངས་སུ་བསྡུ་ཆོག་ཅིང་། དེ་ཡང་དཔེ་ཚོགས་འདིའི་ཁྲོད་དུ་བསྡུས་པའི་སྙན་རྩོམ་དེ་རྣམས་ལས་མང་ཆེ་བ་ནི་རང་མོས་སྙན་ངག་གམ་སྙན་ངག་གསར་བའི་རིགས་སུ་གཏོགས་པ་མ་ཟད། ཐེངས་འདིར་བདམས་བསྒྲིགས་དང་པར་སྐྲུན་བྱས་པའི་མི་སྒེར་གྱི་དཔེ་དེབ་རྣམས་ཀྱི་ཁྲོད་དུའང་སྙན་ངག་གི་དཔེ་དེབ་ལྔ་ཡོད་པ་དང་དེ་དག་གིས་དཔེ་ཚོགས་དཔེ་ཆ་རྣམས་ཀྱི་བརྒྱ་ཆའི་བདུན་ཅུ་ཟིན་ནོ།། ཐེངས་འདིའི་དཔེ་ཚོགས་ཀྱི་གྲས་ཏེ། 《 ཚྭ་འདམ་མཆོད་བསྟོད》ཀྱི་ཆ་ནས། དཔེ་དེབ་འདི་གཉིས་ཀྱི་ནང་དུ་བསྡུས་པའི་བརྩམས་ཆོས་རྣམས་ནི་མཚོ་ནུབ་ཁུལ་གྱི་ས་གནས་སོ་སོ་རུ་ཡོད་པའི་རྩོམ་པ་པོ་རྣམས་ཀྱི་སྙུག་རྩལ་ལས་མཛེས་པར་ཐོན་པའི་བརྩམས་ཆོས་ལེགས་ཤོས་རྣམས་ཡིན་ལ། ཡང་གཅིག་བཤད་ན་བརྩམས་ཆོས་དེ་རྣམས་ནི་ཉེ་བའི་ལོ་འགའི་རིང་མཚོ་ནུབ་ས་ཁུལ་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཕྱོགས་ནས་བླངས་པའི་གྲུབ་འབྲས་མི་དམན་པ་ཞིག་ཡིན་པས། བརྩམས་ཆོས་དེ་རྣམས་ཐེངས་འདིར་ཕྱོགས་བསྒྲིགས་བགྱིས་ཏེ་པར་སྐྲུན་འགྲེམ་སྤེལ་བྱས་པ་འདིས་མཚོ་ནུབ་ས་ཁུལ་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཐད་ལ་དུས་ཐོག་ཆར་འབེབས་དང་ནད་གསོ་བ་ལ་ངེས་ཐད་ཀྱི་སྨན་སྦྱིན་གྱི་ནུས་པ་ཐོན་པའི་སྒོ་ནས་མཚོ་ནུབ་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་དོན་དེ་གོང་ནས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་ཐུབ་སྙམ་ཞིང་བརྩམས་ཆོས་དེ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་པར་སྐྲུན་བྱས་པ་འདི་ལ་རིན་ཐང་ཅུང་ཆེན་པོ་ལྡན་པ་རེད་ཅེས་སྨྲ་བར་སྤོབས། དེ་མིན་ཐེངས་འདིའི་དཔེ་ཚོགས་ཁྲོད་དུ་བདམས་ཐོན་བྱུང་བའི་དཔེ་དེབ་གཞན་ཞིག་ཡོད་པ་ནི་ལྷུག་རྩོམ་གྱི་དཔེ་དེབ་གཅིག་པུ་དེ་ཡིན་ཞིང་། དཔེ་དེབ་འདིའི་རྩོམ་བདག་ནི་བདག་རང་ཉིད་ཡིན་སྟབས། དཔེ་དེབ་འདིའི་ནང་དུ་བསྡུས་པའི་ལྷུག་རྩོམ་དེ་རྣམས་ལ་དགེ་སྐྱོན་ཅི་ཞིག་མཆིས་ཚུལ་དུས་ཐོག་ཏུ་གསེད་ན་འོས་པའི་ལས་སམ་གཏམ་ནི་རྒྱ་ཆེ་བའི་ཀློག་པ་པོ་དང་དཔྱད་བརྗོད་པ་རྣམས་ཀྱི་འཆད་འགྱུར་དང་སྐལ་དུ་ལྷག་གོ། མདོར་ན། ཐེངས་འདིར《མཚོ་ནུབ་བོད་ཀྱི་རྩོམ་རིག་དཔེ་ཚོགས》ཁྲོད་དུ་བདམས་ཐོན་བྱུང་བའི་དཔེ་དེབ་འདི་རྣམས་ཀྱིས་མཚོ་ནུབ་ཁུལ་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་སྐོར་གྱི་གནས་ཚུལ་བཟང་བོ་དང་བླངས་ཤིང་ལེན་མུས་སུ་ཡོད་པའི་གྲུབ་འབྲས་ལེགས་པོ་རྣམས་མངོན་པར་མཚོན་ཡོད་ཅིང་། དེ་དང་དུས་མཚུངས་སུ་བརྩམས་ཆོས་འདི་དག་རྒྱ་ཆེ་བའི་ཀློག་པ་པོ་རྣམས་དང་ངོ་མཇལ་བྱུང་བའི་འཕྲིན་བཟང་འདིས་མཚོ་ནུབ་ཀྱི་ས་གནས་འདི་ནའང་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་མོས་པའི་རྩོམ་པ་པོ་སྐོར་ཞིག་ཡོད་པ་དང་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་ངེས་དོན་གྱིས་གཙིགས་མཐོང་བྱེད་མཁན《གངས་རྒྱན་མེ་ཏོག》ལྟ་བུའི་རྒྱབ་ཁེན་སའི་རྩོམ་སྒྲིག་ཁང་དང་རྩོམ་སྒྲིག་པའམ་མི་སྣ་སྐོར་ཞིག་མཆིས་པའང་སྔར་བས་གསལ་བའི་སྒོ་ནས་ར་སྤྲོད་བྱས་ཡོད། དེ་ནི་དགའ་འོས་པའི་གནས་ཚུལ་དང་བསྟོད་རུང་བའི་ཡུལ་ཡིན་པས་ན། བདག་གིས་འདིར་ཐེངས་འདིའི་གྲུབ་འབྲས་ལེན་མཁན་ལས་ཁུངས་དང་འབྲེལ་ཡོད་མི་སྣ་ཡོངས་ལ་དགའ་མོས་དང་། བསྟོད་པ། ཡི་རང་བྱེད་པ་ནི་སྔོན་འགྲོའི་ཚུལ་དུ་བགྱིས་སོ།། ཡིན་ནའང་། ལྗིད་ཏིག་ཏིག་གི་གྲུབ་འབྲས་ཆེན་པོ་འདིའི་མདུན་དུ་ང་ཚོས་བསམ་གཞིག་ཞིབ་ཏུ་གཏོང་དུས། ཐེངས་འདིར་དཔེ་ཚོགས་ཁྲོད་དུ་བདམས་ཐོན་བྱུང་བའི་བརྩམས་ཆོས་རྣམས་ལ་ཞན་པའི་ཆ་དང་སྐྱོན་གྱི་དྲི་མ་ཅི་ཡང་མེད་པ་ཡང་མིན་ཏེ། དེའི་སྐོར་ཐེངས་འདིའི་རྩོམ་སྒྲིག་སྤྱི་སྡོམ་གྱི་དོད་དུ་དང་ནང་སྒོས་སླད་ཕྱིན་གྱི་དགོས་པ་ལ་དམིགས་ནས་ཅུང་ཟད་ཞུས་ན། ཞན་པའི་ཆའམ་མི་འདང་བའི་ཕྱོགས་ཡིན་ནམ་སྙམ་པ་རྣམས་ཏེ། གཅིག་ནི་ཡིད་བརྙན་གྱི་ཆ་ནས་ཏེ། ནམ་རྒྱུན་མི་རྣམས་ཀྱིས་སྙན་ངག་གླེང་དུས། སྙན་ངག་ལ་ཡིད་བརྙན་ཕུན་སུམ་ཚོགས་པ་ཞིག་ལྡན་མིན་དེ་ནི་ཧ་ཅང་གཙོ་གལ་ཆེ་ས་ཞིག་ཏུ་བཞག་ནས་བལྟ་ཞིང་དཔྱད་པས། དེའི་ཆ་ནས་བལྟས་ན་ཐེངས་འདིའི་དཔེ་ཚོགས་ཁྲོད་དུ་ཚུད་པའི་སྙན་རྩོམ་རྣམས་ལ་སྙན་ངག་གི་ཉམས་དང་ལྷག་པར་དུ་སྙན་ངག་གི་ཡིད་བརྙན་གྱི་ཕྱོགས་ནས་མི་འདང་ས་ཅུང་ཟད་མཆིས་པའི་ཚོར་བ་སྟེར་རོ།། གཉིས་ནི་རྩོམ་ཐབས་སམ་ཐབས་རྩལ་ཀྱི་ཆ་ནས་ཏེ། སྤྱིར་སྙན་ངག་འབྲི་སྐབས་བེད་སྤྱོད་བྱེད་པའི་ཐབས་རྩལ་སྣ་ཚོགས་ཤིག་ཡོད་ཀྱང་། སྐོར་ཞིག་གིས་སྙན་ངག་ནི་རབ་བེ་རིབ་བེ་དང་། མ་གེ་མོག་གེ སྣང་ལ་མ་ངེས་པ། ཐ་ན་བརྗོད་དོན་ནམ་མཚོན་བྱ་ནི་བསྡུས་བརྗོད་ཀྱི་ལམ་ནས་སམ་བྱ་དངོས་གཞན་ལ་ཁ་གཡར་ཏེ་འབྲི་བ་སོགས་ལེགས་པར་སེམས་ལ། སྐོར་ཞིག་གིས་གསལ་བ་དང་དྲང་བརྗོད་བྱེད་པ་ཡང་སྙན་རྩོམ་འབྲི་སྐབས་རུང་བར་བཤད་པས་ན། ཐེངས་འདིར་བདག་གིས་བཀླགས་པའི་སྙན་ངག་གི་བརྩམས་ཆོས་རྣམས་ཀྱི་ཐབས་རྩལ་ནི་ཕྱི་མ་དེའི་རིགས་སུ་འགྲོ་བར་སྙམ་མོད། འོན་ཀྱང་སྙན་རྩོམ་སྐོར་ཞིག་ནི་ཧ་ཅང་དྲང་བརྗོད་བྱས་པ་དང་། ཐད་ཀ་ཐད་སོར་བྲིས་པ། ཐ་ན་རྒྱས་བཤད་ལྟ་བུའི་ཚིག་ཚོགས་ཀྱང་བྱུང་ཡོད་པས། དེ་ལྟ་བུའི་སྙན་རྩོམ་རྣམས་ནི་སྙན་ངག་ལེགས་པོ་ཡིན་མིན་ལ་ད་དུང་བརྡར་ཤ་གཅོད་རྒྱུ་ཡོད་དོ།། གསུམ་ནི་མཛེས་རྟོག་གི་ཆ་ནས་ཏེ། རྩོམ་པ་པོ་རྣམས་ཀྱི་མིག་རྒྱང་དང་དམིགས་འབེན་ཐུང་ཞིང་བསམ་པའི་འཆར་སྒོ་ད་དུང་ཚད་ངེས་ཅན་ཞིག་ཏུ་མ་སླེབས་པ་སྟེ་ཅུང་ཟད་གུ་དོག་པས་ཡིན་ནམ་ཅི། བརྩམས་ཆོས་ཀྱི་ཁྲོད་ནས་མཆེད་པའི་མཛེས་རྟོག་གི་ལྟ་བའམ་རིན་ཐང་དེ་ནི་མཐར་གཏུགས་ཀྱི་དམིགས་བྱ་ཆུང་ཆུང་ཙམ་དང་ཡང་ན་འཁོར་རྒྱ་ཆུང་ངུ་ཙམ་ཞིག་ལས་བརྒལ་མ་ཐུབ་པའི་སྟབས་ཀྱིས་རྩོམ་རིག་བརྩམས་ཆོས་ཤིག་ལ་ངེས་པར་ཡོད་སྲིད་པའི་མཛེས་རྟོག་གི་ལྟ་བ་དེ་ལའང་བཀྲག་མདངས་དང་ལྡན་པའི་འོད་ཅིག་འཚེར་མ་ཐུབ་པར་ལུས་ཡོད་པ་ལྟ་བུའི་ཚོར་བ་སྟེར་ཞིང་། ལྷག་པར་དུ་རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་ཁྲོད་ནས་མཐོང་ཐོས་དྲན་རེག་ཏུ་བྱུང་བའི་དོན་དངོས་རྣམས་དང་འགལ་བའམ་མི་འཚམ་པའི་སྐབས་དོན་དང་སྣང་ཚུལ་ངན་པ་ཐེར་འདོན་བྱེད་པ་བརྗོད་དོན་བྱས་པའི་བརྩམས་ཆོས་དག་གི་སྟེང་ནས་བལྟས་ན་དེ་ལྟ་ཡིན་པ་ཅུང་ཟད་རྟོགས་ཐུབ་བོ།། བཞི་ནི་རྩོམ་ལུས་ཀྱི་ཆ་ནས་ཏེ། ཐེངས་འདིར་དཔེ་ཚོགས་ཀྱི་བསྡུས་རྩོམ་དུ་འབྱོར་བའི་བརྩམས་ཆོས་མང་ཆེ་བ་ནི་སྙན་རྩོམ་ཡིན་པ་ལས་སྒྲུང་གཏམ་སོགས་བརྩམས་ཆོས་གཞན་པ་མཐོང་བ་ཤིན་ཏུ་དཀོན་པས། དེའི་ཆ་ནས་བལྟས་ན། གནས་ཚུལ་འདི་ལ་ཞན་ཆའམ་སྐྱོན་གྱི་མཛུབ་མོ་འཛུགས་མི་རུང་ཡང་མ་མཐའ་ཡང་གནས་ཚུལ་འདི་ལྟ་བུ་ཡང་རྩོམ་རིག་གསར་རྩོམ་གྱི་ཕྱོགས་ནས་བཤད་ན་མི་འདང་སའམ་སྟོང་ཆ་ཞིག་རེད་ཅེས་བརྗོད་ཆོག་སྙམ། ལྔ་ནི་རྗོད་བྱེད་ཀྱི་ཚིག་གི་ཆ་ནས་ཏེ། ཚང་མས་ཤེས་གསལ་ལྟར། རྩོམ་རིག་བརྩམས་ཆོས་ཡོད་ཚད་ཀྱི་བརྗོད་དོན་ནི་སྐད་ཆའམ་རྗོད་བྱེད་ཀྱི་ཚིག་རེ་རེ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་མོད། དེ་ཡང་རྩོམ་རིག་བརྩམས་ཆོས་ཀྱི་ཆ་ནས་ཕལ་སྐད་དང་ཡིག་སྐད་གཉིས་ལས་ཕྱི་མ་ཡིག་སྐད་ཀྱི་ལམ་ནས་བརྗོད་པ་ནི་གཙོ་བོ་བྱེད་ཅིང་། དེ་ལ་ནམ་རྒྱུན་རྩོམ་རིག་གི་སྐད་ཆ་ཞེས་བརྗོད་པ་དང་། ལྷག་པར་དུ་སྙན་ངག་གི་རྗོད་བྱེད་ཀྱི་ཚིག་ཡིན་ན་དེ་ནི་དོན་འདུས་ཤིང་གོ་དོན་ཟབ་པ་སྟེ། རྩོམ་རིག་གི་སྐད་ཆ་ལས་ཀྱང་དེའི་ཉིང་བཅུད་རྣམས་གཅིག་ཏུ་བསྡུས་པ་ལྟ་བུའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་དགོས་པར་འདོད་པའི་ལྟ་བ་དེའི་སྟེང་ནས་བལྟས་ན། ཐེངས་འདིར་དཔེ་ཚོགས་ཀྱི་གྲས་སུ་བདམས་ཐོན་བྱུང་བའི་སྙན་རྩོམ་རྣམས་ཀྱི་རྗོད་བྱེད་ཀྱི་ཚིག་ནི་དེ་འདྲའི་ཚད་གཞི་ཞིག་ལ་སླེབས་མེད་པར་ད་དུང་བར་ཐག་ཅུང་རིང་བ་འདྲ་བའི་སྣང་བ་སྟེར་ཞིང་། བོད་སྲོལ་རྒྱུན་གྱི་སྙན་གཞུང་དུའང་སྙན་ངག་ལ་མི་རུང་བ་གྲོང་ཚིག་ཡིན་པ་གསུངས་པ་ལྟར། ཐེངས་འདིའི་སྙན་རྩོམ་རྣམས་ཀྱི་རྗོད་བྱེད་ཀྱི་ཚིག་གི་ནང་དུ་ཕལ་སྐད་དམ་ཡང་ན་ལུང་སྐད་འདྲེས་པའི་ཆ་ཅུང་མང་དུ་མཆིས་ལ། དེ་ནི་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་ལ་ད་དུང་ནང་བྱན་མ་ཆུད་པའི་རྟགས་སུ་མངོན། དྲུག་ནི་རྩོམ་པ་པོའི་ཕྱོགས་བསྡུས་བྱང་ཚད་ཀྱི་ཆ་ནས་ཏེ། ནམ་རྒྱུན་མི་རྣམས་ཀྱིས་རྩོམ་རིག་གི་སྐོར་གླེང་དུས་ཤེས་རྟོགས་ཟབ་ཅིང་སེམས་དཀྱེལ་ཆེ་བ་དེ་ཡང་རྩོམ་པ་པོར་ཡོད་དགོས་པའི་ཆ་རྐྱེན་ཞིག་ཏུ་བརྩི་བས་ན། ཐེངས་འདིར་རྩོམ་སྒྲིག་ཁང་ལ་འབྱོར་བའི་བརྩམས་ཆོས་རྣམས་ཀློག་སྐབས། རྩོམ་པ་པོ་སུ་ཡིན་ཡང་གང་དེའི་བསམ་རྒྱ་དང་ཤེས་རྒྱ། རྩོམ་རིག་གཞུང་ལུགས་ལ་སློབ་སྦྱོང་བྱས་པའི་ཆུ་ཚད་དང་སྒྱུ་རྩལ་བློ་སྦྱོང་ལ་གཞོལ་བའི་ཕྱོགས་ནས་ཚད་ཧ་ཅང་མཐོན་པོ་ཞིག་ཏུ་སླེབས་མེད་པ་ལྟ་བུའི་ཚོར་སྣང་སྟེར་བ་དང་། དེ་ནི་བརྩམས་ཆོས་ལས་ཚུར་འཕྲོས་པའི་རྩོམ་མཁན་མི་སྒེར་གྱི་བསམ་པའི་འཁྱེར་སོ་རྣམས་ལས་ཅུང་གསལ་བོར་རྟོགས་ཐུབ་བོ།། མདོར་ན། དཔེ་ཚོགས་ཀྱི་གྲས་སུ་བདམས་ཐོན་བྱུང་བའི་བརྩམས་ཆོས་རྣམས་ཀྱི་ཁྲོད་དུ་མཆིས་པའི་སྐྱོན་ནམ་ཞན་ཆ་ཡིན་པ་དང་འདྲ་བའི་ཕྱོགས་འདི་དག་ནི་བདག་གི་དཔེ་ཀློག་མྱོང་ཚོར་ཙམ་ཞིག་ཡིན་པ་ལས་མཐའ་གཅིག་ཏུ་འདི་ལྟར་ཡིན་སྲིད་པའི་ངེས་པ་མེད་པ་ནི་དཔྱོད་ལྡན་རྣམས་ལ་ལོགས་སུ་ཞུ་མི་དགོས་ལ། ཡང་གཅིག་བཤད་ན། སྐྱོན་ནམ་ཞན་ཆ་ཡིན་པ་དང་འདྲ་བའི་ཕྱོགས་འདི་དག་འདི་ལྟར་བརྗོད་པའི་མཐར་གཏུགས་ཀྱི་དམིགས་སོ་ནི་མཚོ་ནུབ་ཁུལ་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་བྱ་བཞག་དེ་ལེགས་ནས་ལེགས་སུ་འགྲོ་བའི་སླད་དུ་ཡིན་པ་ལས་དགག་བཞག་གི་ཀུན་སློང་གིས་བསྐྱེད་པའི་བསམ་སྦྱོར་དང་འབྲས་བུ་ནི་གཏན་ནས་མིན་ལ། སྐྱོན་ནམ་ཞན་ཆ་ཡིན་པ་དང་འདྲ་བའི་ཕྱོགས་འདི་དག་འདི་ལྟར་ངག་ལས་ཐལ་བའི་རྒྱུ་མཚན་གཞན་ཞིག་ནི། བདག་གིས་རྩོམ་རིག་གི་ཕྱོགས་ནས་ཅང་མི་ཤེས་ནའང་ཐེངས་འདིར་མ་བསམ་ས་ནས་འགན་འཁྲི་ཞིག་ཕྲག་ཏུ་བབས་པར་བརྟེན་ནས་བོང་བུ་དར་ཐོག་ཏུ་དེད་པ་ལྟ་བུའི་འགྲོས་ཀྱིས་བསྡུས་རྩོམ་རྣམས་རེ་རེ་བཞིན་མི་ཀློག་ཀ་མེད་བྱུང་ཞིང་། ཀློག་པའི་དུས་སུ་རང་རྩོམ་དང་གཞན་རྩོམ་གང་ཡིན་ཡང《གངས་རྒྱན་མེ་ཏོག》རྩོམ་སྒྲིག་ཁང་གི་རེ་བ་དང་བླང་བྱ་ལྟར་གཞལ་ཚེ་ད་དུང་བར་ཐག་ཤིན་ཏུ་རིང་ཞིང་ཡིད་ཚིམ་པ་ཞིག་ཡེ་ནས་མ་ཡོང་བའི་རྐྱེན་གྱིས་ཀྱང་ཡིན་ནོ༎

བཞི་བ། ཐ་མའི་རེ་བ་དང་སྨོན་འདུན།

དཔེ་ཚོགས་འདི་རྣམས་ད་ལྟ་དངོས་སུ་པར་སྐྲུན་བྱས་ཏེ་ལེགས་སྐྱེས་བཟང་བོ་ཞིག་གི་ཚུལ་དུའམ་ཡང་ན་གྲུབ་འབྲས་ཆེན་པོ་ཞིག་གི་རྟགས་སུ་ལྷན་ནེ་ལྷང་ངེར་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ཕུལ་བའི་སྐབས་འདིར། ང་ཚོ་ཏབ་ཅིག་ལ་སྤྲོ་དགའ་ཆེན་པོས་རབ་ཏུ་མྱོས་ཤིང་རེ་ཞིག་ལ་སྙེམས་པའི་མགོ་བོ་ལྟག་འཁྱེར་ཞིག་བྱས་ཀྱང་ཆོག་མོད། དེ་ཡང་ང་ཚོ་ཚང་མས་ཤེས་གསལ་ལྟར། དེ་རིང་གི་གྲུབ་འབྲས་འདི་དང་དེ་རིང་གི་དགའ་སྤྲོ་འདི་དག་ཀྱང་དོན་གྱིས་བཤད་ན་ང་ཚོའི་ཁ་སང་ལ་དབང་བ་ལས་འདི་ནི་ང་ཚོའི་དེ་རིང་གི་ལག་རྗེས་དང་བྱ་དགའ་མིན་ལ། དེ་བས་ཀྱང་འདི་ཡིས་ནི་ང་ཚོའི་སང་ཉིན་ཡང་སྔར་བཞིན་འདི་ལྟར་ཡིན་པའི་ཚབ་གཏན་ནས་བྱེད་ཐབས་མེད་པའི་རྒྱུ་མཚན་གྱིས། རྩོམ་པར་མོས་པའི་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ཐེངས་འདིར་མི་སྒེར་གྱི་དཔེ་དེབ་པར་སྐྲུན་བྱེད་ཐུབ་པ་བྱུང་བ་དང་མ་ཐུབ་པ་ཀུན་གྱིས་ཀྱང་རྩོམ་རིག་གཞུང་ལུགས་ལ་སློབ་སྦྱོང་ལེགས་པོ་དང་སྒྱུ་རྩལ་གྱི་བློ་སྦྱོང་ཟབ་མོ་རང་རྒྱུད་དུ་ལོན་པ་སྔོན་དུ་སོང་བའི་རྨང་གཞིའི་སྟེང་ནས་རང་གི་བརྩམས་ཆོས་ཀྱི་དགེ་སྐྱོན་རྣམས་ལ་སྤྱི་སྡོམ་ཐེངས་གཅིག་བྱས་ན་འོས་ཤིང་། སྤྱི་སྡོམ་དེ་ལ་བརྟེན་ནས་རྩོམ་པ་པོ་རང་ཉིད་ཀྱི་ཕྱོགས་བསྡུས་བྱང་ཚད་དང་རྩོམ་པའི་ནུས་རྩལ་མཐོར་འདེགས་ཡོང་བ་དང་། རྩོམ་རིག་གསར་རྩོམ་གྱི་སྐོར་ནས་བློ་རྒྱ་ཇེ་ཆེ་དང་མིག་རྒྱང་ཇེ་རིང་དུ་གཏོང་བ། སླད་ཕྱིན་ནས་ཀྱང་འདས་ཟིན་པའི་ཁ་སང་དང་འདྲ་བར་རྩོམ་ཡིག་གསར་བ་མང་པོ་བྲི་སྲིད་ལ་ལེགས་འགྲུབ་ཀྱང་ཅིས་ཀྱང་འབྱུང་བར་ངེས་པའི་རང་རྩོམ་རྣམས་ཀྱི་སྤུས་ཚད་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བརྩོན་པ་ལྷུར་དུ་ལེན་པར་བདག་གིས་རེ་བ་ཆེན་པོ་སྙིང་ནས་བཅངས་ཏེ་མཆིས་ལ། ད་དུང་བདག་གིས་སྐབས་འདི་དང་བསྟུན་ནས་སྐད་ཆ་ཚིག་གཅིག་སྨྲ་འདོད་པ་ནི། ཐེངས་འདིར་མི་སྒེར་གྱི་དཔེ་དེབ་པར་སྐྲུན་བྱེད་མ་ཐུབ་པའི་ན་གཞོན་རྩོམ་པ་པོ་རྣམས་ཀྱིས་ཡིད་མི་ཕམ་ཞིང་བརྟུན་མི་ལྷོད་པར་མུ་མཐུད་དུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་གཞོལ་བར་རིགས་ཤིང་ད་ལྟ་གནས་ཚུལ་ལེགས་ནས་ལེགས་སུ་འགྲོ་བཞིན་ཡོད་པས་དཔེ་ཆ་པར་སྐྲུན་བྱ་རྒྱུ་ནི་དུས་ཀྱི་སྔ་ཕྱི་ཙམ་ཡིན་པ་ལས་མིག་སྔའི་དཀའ་ཁག་དང་གནད་དོན་གཙོ་བོ་མིན་པའི་གནད་འདི་ཡང་ཤེས་རྟོགས་ཀྱི་སྤུ་གྲི་རྣོན་པོས་ཟིན་པར་ཡོང་བའི་རེ་བའང་ཤིན་ཏུ་ཆེ་ཞེས་པ་དེའོ༎ དཔེ་ཚོགས་གཙོ་སྒྲིག་བྱེད་མཁན《གངས་རྒྱན་མེ་ཏོག》གི་ཆ་ནས། དུས་དེབ་འདིས་བླངས་ཟིན་པའི་གྲུབ་འབྲས་ལྗིད་པོ་དེ་རྣམས་དང་ད་ལྟ་དུས་དེབ་འདིའི་ཁ་ལས་རླུང་རྟ་དར་བའི་སྒང་ཡིན་པ་སོགས་རྗེས་སུ་ཡི་རང་དང་བཅས་རེ་ཞིག་བཞག་སྟེ་རེ་བའི་ཚུལ་དུ་གླེང་འདོད་པ་ནི། དུས་དེབ་འདི་ཉིད་གསར་དུ་འཁྲུངས་པའི་ཉིན་མོ་དེ་ནས་བཟུང་དུས་དེབ་རང་གིས་གནམ་ས་དཔང་དུ་བཞག་སྟེ་ཁས་ལེན་དམ་བཅའ་བཞག་མྱོང་བའིརྩ་བའི་རྐང་འཛུགས་ས་དང་ཁ་ཕྱོགས་ས། ད་དུང་བལྟོས་ས་བལྟོས་འཇོག་གིས་གཞན་ལས་ལྕི་བའི་འགན་འཁྲི་དང་འཕྲིན་ལསདེ་ཐུགས་སུ་དམ་པོར་བཟུང་ནས་ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་བ་ནི་བདག་ལ་མཚོན་ན་སྔར་སོང་ལས་ཀྱང་ད་ལྟ་ལྷག་པར་ཆེ་ཞིང་ཚ་དྲག་གོ ། དེ་ལྟར་ནན་གྱིས་བརྗོད་དོན་ནི། ཐག་རིང་སྐད་ཆ་རྣ་དང་ཞྭ་དཀར་གྲིབ་མ་མཐའ་ཡིན་ཞེས་པའི་དཔེ་བཞིན། རླུང་དང་འགྲོགས་པའི་གཏམ་ཡན་རེ་འགའ་བདག་གི་ཐོས་བྱེད་ཀྱི་བུ་གར་ཚ་བེར་བེར་འཛུལ་བ་ལྟར་ན། ཀུན་གྱི་ཉན་ས་དང་ལྟ་ས་ལྟ་བུའི་དུས་དེབ་ལེགས་པོ་འདིས་ཀྱང་སྐབས་སྐབས་སུབུ་ལ་དབང་ཐང་རྒྱས་དུས། དྲིན་ཆེན་ཕ་མ་ཡིད་ནས་བརྗེདཟེར་བའི་ངང་ཚུལ་དེ་འདྲ་སྟོན་པར་བཤད་པས་ཡིན་ལ། གལ་ཏེ་སྣང་ཚུལ་འདི་ནི་བདག་གི་འོན་པའི་རྣ་བས་གོ་ལོག་མིན་པའི་དབང་དུ་བཏང་ན། ནམ་ཞིག་གཞན་གྱིས་ད་ལྟ《 གངས་རྒྱན་མེ་ཏོག》གིས་གནས་སྤོར་བྱས་ན་འོས་ཞེས་བརྗོད་ན་ང་ཚོས་ཇི་ལྟར་བྱའམ། དོན་ལ་ང་ཚོ་ཚང་མ་ད་ལྟ་ད་དུང་ཐིག་དམར་ཞིག་ལས་བརྒལ་མེད་པ་སྟེ། གནས་འདི་ན་རྩོམ་པ་པོའི་དཔུང་སྡེ་ཤན་ཤུགས་ཆེ་བ་ཞིག་སྔར་བཞིན་མེད་ཀྱང་རྩོམ་པ་པོར་འགྱུར་བྱེད་ཀྱི་རྒྱུའམ་རྩོམ་འབྲིའི་ས་བོན་གདབ་ཆོག་པའི་ཡུལ་གནས་ཤིག་སྔར་ནས་མཆིས་པའི་རྐྱེན་པས་ལོ་ཟླ་མང་པོའི་རིང་བྱེ་མའི་རྡུལ་རྣམས་མཐུག་པོར་བརྩེགས་པའི་ས་ངོས་དེ་སྐྱེ་སྟོབས་ཀྱི་རྩལ་དང་ཤེད་མོང་གིས་བརྟོལ་ནས《གངས་རྒྱན་མེ་ཏོག》འཁྲུངས་པ་དང་། 《 གངས་རྒྱན་མེ་ཏོག》འཁྲུངས་པའམ་ཡོད་པའི་རྐྱེན་པས། མེ་སྒོང་ལྟ་བུའི 《 གངས་རྒྱན་མེ་ཏོག》གི་མཐའ་སྐོར་དུ་འདུས་པའི་རྩོམ་པ་པོ་དང་བརྩམས་ཆོས་དེ་དག་ལ་རང་ཆོས་ལྡན་པའི་འོད་ཟེར་འཕྲོས་པའི་ཞོར་ལ། 《 གངས་རྒྱན་མེ་ཏོག》གིས་ཀྱང་ང་ཚོའི་ཁ་སང་དང་དེ་རིང་གི་གྲུབ་འབྲས་འདི་དག་བླངས་པ་ཡིན་ཞིང་། ད་དུང་གནས་འདི་ལས་བརྒལ་བའི་ཁ་སང་དང་དེ་རིང་གི་གྲུབ་འབྲས་དེ་རྣམས་ཀྱང་བླངས་པ་རེད། ཡང་གཅིག་བཤད་ན་དགའ་འོས་ལ་ངོམ་ཡང་ཆོག་པའི་གྲུབ་འབྲས་འདི་དག་ནི་ཕན་ཚུན་རྟེན་འབྲེལ་གྱི་སྟོབས་ཤུགས་ཆེན་པོ་དེ་ལས་བྱུང་བ་ཤ་སྟག་ཡིན་པས། འབྱུང་འགྱུར་ཡང་འདི་ལས་ལྷག་པའི་གྲུབ་འབྲས་ཆེན་པོ་ཞིག་ལེན་དགོས་ན་སྔར་བཞིན་ཕན་ཚུན་རྟེན་ཅིང་འབྲེལ་བའི་སྟོབས་ཤུགས་འགྲན་ཟླ་མེད་པ་འདི་ལ་ཁེན་དགོས་པ་ནི་སྨྲ་ཅི་ལ་དགོས། མདོར་ན། བདག་ནི་ལོ་ཐོན་ཡང་ས་གནས་འདིའི་རྩོམ་པ་པོ་རྣམས་དང་དུས་དེབ《གངས་རྒྱན་མེ་ཏོག》ལ་ཡིད་ཆེས་ཆེན་པོས་ཁེངས་ཏེ་གདའ་ཞིང་། ད་ལྟ་ཏང་གི་རྩོམ་རིག་སྒྱུ་རྩལ་གྱི་བྱེད་ཕྱོགས་ཤིན་ཏུ་ལེགས་ཤིང་རྩ་བའི་སྟེང་ནས་བལྟས་ན་རྒྱལ་ནང་གི་རྩོམ་པ་པོ་རྣམས་དང་དུས་དེབ་གང་ཡིན་ཡང་ཚང་མས་ཀྲུང་གོའི་གཏམ་རྒྱུད་ལེགས་པར་འཆད་བཞིན་བདོག་པའི་གནས་ཚུལ་བཟང་བོའི་དུས་སྐབས་འདིར། གནས་འདིར་འཚོ་བའི་རྩོམ་པ་པོ་རྣམས་དང《གངས་རྒྱན་མེ་ཏོག》གིས་ཀྱང་རང་གི་དམིགས་འབེན་དང་འགན་འཁྲི་དུས་ཀུན་བརྗེད་པ་མེད་པར་སེམས་སུ་བཟུང་ནས་ང་ཚོའི་ཐུན་མོང་གི་གཞིས་ཁྱིམ་དྲོན་མོ་སྟེ་མཚོ་ནུབ་ཅེས་པའི་ཕ་ས་ཕ་ཡུལ་འདིའི་གཏམ་རྒྱུད་རྣམས་ཀྱང་ལེགས་པར་འཆད་ཤེས་པའི་བློ་གྲོས་དང་མིག་རྒྱང་ལྡན་པར་བྱས་ཐོག རྩོམ་རིག་གསར་རྩོམ་ལ་ཉེ་བར་མཁོ་བའི་ཕྱིའི་མཐུན་རྐྱེན་དང་ནང་གི་སྟོབས་ཤུགས་གཉིས་ཟུང་འབྲེལ་བྱེད་པར་མཁས་ཤིང་རྒྱུ་རྐྱེན་དེ་རྣམས་ལྷན་དུ་འཛོམ་ཐུབ་པ་བྱུང་ན། རྩ་བ་རླན་དང་མ་བྲལ་ན༎ རྩེ་མོར་ལོ་འབྲས་སྨིན་པར་འགྱུར་ཞེས་པའམ། ཡང་ན་མ་ཚང་མེད་རྒྱུ་དེ་ལ་ནི༎ འབྲས་བུ་གང་གིས་བཟློག་པར་ནུས་ཞེས་པ་ལྟར་གནས་འདི་ནས་ཀྱང་རྩོམ་རིག་གསར་རྩོམ་གྱི་མེ་ཏོག་བཞད་ཐུབ་པ་དང་། གནས་འདི་ནས་བཞད་པའི་རྩོམ་རིག་གསར་རྩོམ་གྱི་མེ་ཏོག་དེ་ཡང་རང་ཆོས་དང་ལྡན་པའི་རྩོམ་རིག་མེ་ཏོག་ཅིག་གི་བཞད་སྟངས་ཅིས་ཀྱང་ཡིན་ལ། ཁ་ཅིག་གིས་སྐབས་སྐབས་སུ་རྩོམ་རིག་གསར་རྩོམ་གྱི་ས་བོན་འདེབས་སའི་ཡུལ་གནས་ལ་ཁྱད་པར་འབྱེད་པ་དེ་ནི་མི་རང་ཉིད་ཀྱི་ལྟ་ཚུལ་ཙམ་ཡིན་པ་ལས་དོན་ངོ་མའི་ཐོག་མ་གཞི་ནས་རྩོམ་རིག་གི་མེ་ཏོག་སྣ་བརྒྱ་མཛེས་པར་བཞད་པ་ལ་ས་མཚམས་དང་ཆུ་མཚམས་ཡོད་པ་མིན་པའི་རྐྱེན་གྱིས། སྤུན་ཟླ་མི་རིགས་མང་པོའི་རྩོམ་རིག་གི་མེ་ཏོག་གནས་འདི་ནས་ཅི་དགར་བཞད་ཐུབ་ན་ང་ཚོའི་རྩོམ་རིག་གི་མེ་ཏོག་ནི་དེ་ལས་ཀྱང་མེས་པོ་རྣམས་ཀྱི་ཞབས་རྗེས་དང་གཏམ་རྒྱུད་སིམས་པའི་གནའ་བོའི་ས་གཞི་འདི་ནས་བཞད་མི་ཐུབ་པའི་རྒྱུ་མཚན་འདྲེན་དུ་མེད་པའི་ཕྱིར་ན། བདག་ལ་འདི་ལྟར་སྨྲ་བའི་སྤོབས་པ་ངང་གིས་སྐྱེས་པ་དང་། འདི་ནི་བདག་གི་སྙིང་ཁོང་ལས་བརྡོལ་བའི་རེ་བ་ཡིན་ལ། འདི་ནི་དེ་བས་ཀྱང་བདག་གིས་གནས་འདིའི་ན་གཞོན་རྩོམ་པ་པོ་རྣམས་དང《གངས་རྒྱན་མེ་ཏོག》ལ་བཅངས་པའི་ཡིད་ཆེས་མཐུ་བོ་ཆེ་དེས་བསྐྱེད་པའི་སྨོན་འདུན་ཡིན། ཁ་དྲོ་བཀྲ་ཤིས་ཞེས་སྤྱི་ལོ2017ལོའི་ཟླ7པར་དགེ་མིང་ཙམ་འཛིན་པ་བ་རེས་ཀྱིས་ཡི་གེའི་རིས་སུ་ཕབ་བོ༎

ཆེད་བསྒྲིགས། རྩོམ་སྒྲིག་འགན་འཁུར་པ། ཀླུ་འབུམ་རྒྱལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1