སྔོན་སྦྱོང་གི་ཕན་ནུས།______ གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་སྦྱོང་བྱེད་ཐབས་ཤིག

རྒྱ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


[གནད་བཏུས] རྩོམ་ཡིག་འདིའི་ནང་དུ་སྔོན་སྦྱོང་གི་གལ་ཆེན་རང་བཞིན་ཏེ། དེས་སློབ་མའི་རང་སྦྱོང་གི་གོམས་སྲོལ་དང་། རང་སྦྱོང་གི་ཐབས་ལམ་གསར་སྐྲུན། ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཕྱོགས་བསྡུས་ནུས་པ་སྐྱེད་སྲིང་བྱ་བ། རང་ཚུགས་ཀྱིས་སྔོན་སྦྱོང་བྱེད་པའི་གོམས་གཤིས་སྐྱེད་སྲིང་བཅས་ལ་ཕན་ནུས་ཐོན་པ་གནད་བསྡུས་སུ་བརྗོད་ཡོད།

[གནད་ཚིག] སྔོན་སྦྱོང་། གོམས་གཤིས་སྐྱེད་སྲིང་། ཕྱོགས་བསྡུས་ནུས་པ།

སྔོན་སྦྱོང་གི་ཕན་ནུས།

        སྤྱིར་སློབ་མ་ཞིག་ལ་མཚོན་ན། སློབ་སྦྱོང་ནི་ཁོ་ཚོའི་ལུས་སྟེང་ལ་བབས་པའི་བྱ་གཞག་གལ་ཆེན་པོ་ཞིག་ཡིན་ལ། ལས་འགན་ལྗིད་མོ་ཞིག་ཀྱང་ཡིན། དེ་བས་ལས་འགན་འདི་ལེགས་འགྲུབ་ཡོང་དགོས་ན། སློབ་གྲྭ་དང་དགེ་རྒན། སློབ་མ་དང་ཕ་མ་བཅས་ལ་རག་ལས་ཡོད་མོད། ཡིན་ཡང་གཙོ་བོ་སློབ་མ་རང་ཉིད་ལ་ཐུག་ཡོད། གཤམ་དུ་བདག་གིས་རང་རེ་སློབ་གྲྭའི་ལག་ལེན་ལས་བྱུང་བའི་འདིའི་སྐོར་གྱི་ལྟ་ཚུལ་རེ་གཉིས་གླེང་བར་བྱ།

གཅིག སྔོན་སྦྱོང་གིས་སློབ་མས་རང་སྦྱོང་བྱེད་པའི་གོམས་སྲོལ་གསོ་སྐྱོང་ལ་རམ་འདེགས་ཀྱི་ནུས་པ་ཐོན་ཡོད།

        སློབ་མས་སྔོན་སྦྱོང་བྱེད་པ་ནི། སློབ་སྦྱོང་བྱེད་པའི་གོ་རིམ་དུ་ངེས་པར་དུ་ཡོད་དགོས་ལ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། སྔོན་སྦྱོང་ལ་ནུས་པ་དང་དགེ་མཚན་མང་པོ་འདུག་སྟེ། དཔེར་ན། སང་ཉིན་གྱི་འཁྲིད་བྱའི་ནང་དོན་ནི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ཡིན་ན། སློབ་མས་དེ་རིང་གི་དུས་ཚོད་ནང་དུ་ཁོམ་ལོང་བཙལ་ཏེ། སང་ཉིན་གྱི་འཁྲིད་བྱའི་ནང་དོན་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་འབྲེལ་ཡོད་ཀྱི་ཤེས་བྱར་བསམ་གཞིག་དང་དབྱེ་ཞིབ་བྱས་ཡོད་ན། མ་མཐའ་ཡང་རྣམ་དབྱེ་གཉིས་པའི་ཕྲད་ངོས་བཟུང་བ་དང་། ཕྲད་ཀྱི་སྦྱོར་ཚུལ་སོགས་ལ་གོ་བ་ཅུང་ཙམ་བླངས་ཡོད་པའི་རྨང་གཞིའི་སྟེང་འཁྲིད་བྱའི་ནང་དོན་དངོས་ལ་བབས་པའི་དུས་འདིར། སྔོན་སྦྱོང་བྱས་ཟིན་པའི་སློབ་གྲོགས་རྣམས་ལ་མཚོན་ན། འཁྲིད་བྱའི་ནང་དོན་རྟོགས་ཚད་ཇེ་མཐོར་འགྲོ་བ་ཐེ་ཚོམ་མེད་པ་དང་། སློབ་མའི་རྟོགས་ཚད་ཇི་ལྟར་ཇེ་མཐོར་སོང་ན་རང་ཉིད་ཀྱིས་ཀླད་འགུལ་དང་བསམ་གཞིག། དབྱེ་ཞིབ། ལག་ལེན་སོགས་ལ་རང་སྦྱོང་བྱེད་པའི་འདུན་པ་སྔར་ལས་ཇེ་བཟང་ལ་འགྲོ་ངེས་ཡིན། དེ་བས་སྔོན་སྦྱོང་གིས་སློབ་མའི་རང་སྦྱོང་ལ་རམ་འདེགས་ཀྱི་ནུས་པ་ཐོན་ངེས་ཡིན། སློབ་མས་སང་ཉིན་གྱི་འཁྲིད་བྱའི་ནང་དོན་ལ་དེ་རིང་སྔོན་སྦྱོང་མ་བྱས་ཚེ། གོང་འཁོད་ཀྱི་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་ལྟ་བུར་མཚོན་ན། འཁྲིད་བྱའི་ནང་དོན་དངོས་ཀྱི་སྐབས་སུ། རྣམ་དབྱེ་གཉིས་པའི་འབྲེལ་ཡོད་ཀྱི་ཤེས་བྱ་ཁོ་ཚོར་མཚོན་ན། ནང་དོན་གསར་པ་དང་ཆ་མེད་རྒྱུས་མེད་ཅིག་ཡིན་པས། འཁྲིད་བྱའི་ནང་དོན་ལ་དེ་འདྲ་ཤེས་རྟོགས་བྱེད་མི་ཐུབ་པ་དང་། སློབ་སྦྱོང་གི་གོ་རིམ་ཁྲོད་ཀྱི་རང་སྦྱོང་གི་བསམ་བློ་ཡང་དེ་འདྲ་འབུར་ཐོན་མིན་ལ། ཧུར་བརྩོན་གྱི་རང་བཞིན་ཡང་ལེགས་པོ་མི་འདུག་པས། སྦྱང་འབྲས་ཡར་རྒྱས་དང་གྲུབ་འབྲས་འབུར་ཐོན་ལ་རམ་འདེགས་ཀྱི་ནུས་པ་ཐོན་མི་སྲིད། སློབ་མས་སྔོན་སྦྱོང་ལ་ཤུགས་སྣོན་བྱས་ཏེ་དུས་རྒྱུན་རང་སྦྱོང་གི་གོམས་སྲོལ་ལེགས་པོ་གསོ་སྐྱོང་བྱས་ན། ཉིན་རེར་སྦྱངས་འབྲས་འཕེལ་རྒྱས་སུ་འགྲོ་བ་ནི་ཆོས་ཉིད་ལྡོག་མེད་ཅིག་ཡིན།

གཉིས། སྔོན་སྦྱོང་གིས་སློབ་མའི་རང་སྦྱོང་ཐབས་ལམ་ལ་གསར་སྐྲུན་གྱི་ནུས་པ་ཐོན་པ།

        སློབ་མས་རང་སྦྱོང་བྱེད་པར་ཐབས་ལམ་སྣ་ཚོགས་ཡོད། སློབ་གྲོགས་ལ་ལས་སློབ་ཁྲིད་ཀྱི་སྔོན་ལ་རང་སྦྱོང་བྱེད་པའི་གོམས་སྲོལ་ལེགས་པོ་དང་། ལ་ལས་སློབ་ཁྲིད་ཀྱི་རྗེས་ནས་རང་སྦྱོང་བྱེད་པ། ལ་ལས་ཉིན་འགའ་རེའི་རྗེས་ནས་རང་སྦྱོང་བྱེད་པའི་གོམས་སྲོལ་ངན་པ་ལོབས་འདུག གང་ལྟར་སློབ་ཁྲིད་སྐབས་སུ་དགེ་རྒན་གྱིས་སློབ་མ་ཡོངས་ལ་དྲི་བ་བཏོན་ན། སྔོན་སྦྱོང་བྱས་ཡོད་པའི་སློབ་མས་དེ་མ་ཐག་ལན་འདེབས་ཐུབ་པར་མ་ཟད། ལྷག་པར་དུ་དགའ་སྣང་དང་སྤྲོ་སྣང་གིས་ཁེངས་འདུག སྔོན་སྦྱོང་ལས་སློབ་མ་རང་ཉིད་ལ་མཚོན་ན། སློབ་སྦྱོང་གི་ཕྱོགས་སུ་ཇི་ལྟར་རང་སྦྱོང་བྱེད་དགོས་པར་ཐབས་ལམ་སྣ་ཚོགས་བསྟན་ཡོད་པ་དང་། སང་ཉིན་གྱི་འཁྲིད་བྱའི་ནང་དོན་ལས་གཙོ་གནད་གང་ཡིན་པ་དང་། དཀའ་གནད་གང་ཡིན་པ་ངོས་འཛིན་བྱེད་ཐུབ་པ་དང་། ངེས་པར་ཤེས་དགོས་པ་བློ་ལ་ངེས་པར་འཇུག་པ་དང་། ཐོག་མར་རང་ཉིད་ཀྱིས་བསམ་བློ་གཏོང་བ། དབྱེ་ཞིབ། ལག་ལེན་སོགས་ཀྱི་ཐབས་ལ་བརྟེན་ནས་འཁྲིད་བྱའི་ནང་དོན་ལ་གོ་བ་བླངས་པ་ནི་བརྟན་ཆགས་ཅན་གྱི་རྨང་གཞིའི་ཤེས་བྱར་གྲུབ་འདུག འདི་ལྟར་རང་སྦྱོང་ བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་ན། སློབ་མ་རང་གིས་རང་ལ་ཡིད་ཆེས་དང་ཕུགས་བསམ་ཡོད་པ་མངོན་དུ་གྱུར་ལ། དུས་རྒྱུན་རང་ཉིད་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱང་རང་བློ་རང་གིས་གཅུན་པའི་རང་སྦྱོང་གི་གོ་སྐབས་ཁྲོད་ཇེ་ལེགས་སུ་འགྲོ་ངེས་ཡིན། སྤྲོ་སྣང་ནི་དགེ་རྒན་ལེགས་ཤོས་ཡིན། དགེ་རྒན་གྱིས་སློབ་མའི་བསམ་བློའི་འཆིང་རྒྱ་བཀྲོལ་བ་ནས་མགོ་བརྩམས་ཏེ། སློབ་མར་བློ་ཁོག་ཆེ་ཞིང་རང་འདོད་ཀྱིས་ཧུར་བརྩོན་བྱེད་པའི་བསམ་པ་མཚོན་རྒྱུར་སྐུལ་མ་གཏོང་དགོས་པ་དང་། རང་སྦྱོང་བྱེད་པར་འཚམ་པའི་ཁོར་ཡུག་བསྐྲུན་ནས། སློབ་མ་ཚོ་རང་སྦྱོང་གི་ཞིང་ཁམས་སུ་ཁྲིད་དེ་ཁོ་ཚོའི་མིག་དབང་དང་། རྣ་དབང་། སྣ་དབང་། ལྕེ་དབང། ཡིད་དབང་བཅས་ལེགས་པར་བཀོལ་ནས་རང་སྦྱོང་གི་ཐབས་ལམ་ཕུན་སུམ་ཚོགས་པ་འཚོལ་ཞིང་། བརྗོད་དོན་གྱི་སྙིང་བཅུད་སྡུད་ལེན་བྱེད་པར་བསྐུལ་ནས། རང་སྦྱོང་གི་རིག་པ་སྐྱེ་བ་དང་སྤྲོ་སྣང་འཕེལ་བར་བྱེད་པ་སོགས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་སློབ་མའི་རང་སྦྱོང་གི་རེ་འདོད་སྐུལ་སྤེལ་བཏང་སྟེ། རང་ཉིད་ལ་རང་སྦྱོང་བྱེད་པའི་སྤྲོ་སྣང་ཉམས་སུ་མྱོང་དུ་བཅུག་ན། སྔོན་སྦྱོང་གི་ནུས་པ་ཇེ་མཐོར་འགྲོ་ལ་ཐབས་ཤེས་ཀྱང་སྣ་ཚོགས་ཤིག་རྙེད་ངེས་ཡིན། དེ་བས་སློབ་མ་རང་ཉིད་ལ་སྦྱང་འདོད་ཀྱི་བསམ་བློ་ཡག་པོ་ཡོད་ཚེ། སྔོན་སྦྱོང་ལ་རང་སྦྱོང་བྱེད་པའི་གོམས་སྲོལ་ལེགས་པོ་ཞིག་འཐོབ་ཏུ་འཇུག་ལ། སྤྱིར་སློབ་མ་རྣམས་རང་སྦྱོང་བྱེད་པར་ལོབས་སོང་ན། ཤེས་བྱ་གང་ལ་སྦྱང་ན་དཀའ་བ་མེད་པ་དང་། ཉིན་རེར་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དང་དགའ་སྣང་ཇེ་མཐོར་འགྲོ་བས། སློབ་མས་སྔོན་སྦྱོང་བྱེད་པ་ནི་སློབ་སྦྱོང་གི་གོ་རིམ་ཁྲོད་ཀྱི་གནད་དམ་པ་ཞིག་རེད་འདོད།

གསུམ། སྔོན་སྦྱོང་གིས་སློབ་མའི་བསླབ་ཕྱིའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཕྱོགས་བསྡུས་ནུས་པ་སྐྱེད་སྲིང་བྱ་ཐུབ་པ།

        སློབ་མས་བསླབ་བྱ་སོ་སོར་སློབ་སྦྱོང་བྱེད་པ་ནི་ཕྱོགས་ཡོངས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་ལེགས་ཤོས་ཤིག་ཡིན་ཏེ། དུས་རྒྱུན་སློབ་མས་སྔོན་སྦྱོང་བྱེད་པར་རང་གི་དགའ་སྣང་ལྟར་བསླབ་བྱ་རེ་གཉིས་ལ་མ་གཏོགས་བསླབ་བྱ་གཞན་ལ་སྔོན་སྦྱོང་མི་བྱེད་པ་ནི་ནོར་འཁྲུལ་དུ་བསམ་བཞིན་འདུག སྤྱིར་སློབ་མས་བསླབ་ཕྱིའི་དུས་ཚོད་བེད་སྤྱོད་ལེགས་པོ་གཏོང་བར་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སྒོ་ནས་བསླབ་བྱ་ཡོངས་ལ་སྔོན་སྦྱོང་བྱས་ཏེ་དགའ་སྣང་ཡོད་པའི་བསླབ་བྱ་དཔེར་ན། སྙན་རྩོམ་འབྲི་བ་དང་གཏམ་བཤད། རྫས་འགྱུར་རིག་པའི་ལག་ལེན་ཤེས་བྱ་ལྟ་བུ་གནད་དུ་བཟུང་ནས་སྦྱངས་ན། བསླབ་ཕྱིའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། གསར་གཏོད་ཀྱི་བསམ་བློ་དང་དབྱེ་ཞིབ་ཀྱི་ནུས་པའང་མཐོར་འདེགས་སུ་བཏང་བས། སློབ་སྦྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད། དེ་བས་སློབ་མའི་སྦྱང་བྱའི་རྨང་གཞི་མཐོར་འདེགས་དང་། བསླབ་བྱའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནི་སྔོན་སྦྱོང་གི་ཐབས་ལམ་བཀོལ་སྤྱོད་བྱས་ན་དགེ་མཚན་མང་ལ། བསླབ་བྱའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་སོང་ན། སློབ་མའི་སློབ་སྦྱོང་གི་འདུན་པ་སྔར་ལས་ཇེ་ཆེར་འགྲོ་བ་དང་སྦྱང་འདོད་ཀྱི་བསམ་བློའང་སྔོན་ལས་ལྡབ་འགྱུར་འཕེལ་བས། སྦྱང་བྱའི་ལས་འགན་ལེགས་འགྲུབ་ཡོང་བར་ཕན་ཐོགས་དང་རང་ནུས་ཅི་ལྕོགས་ཀྱིས་ཤེས་བྱ་ཉེར་ལེན་དང་སྦྱང་སྟོབས་རིག་པའང་འཕེལ་བར་སྤྲོ་སྣང་ལྡན་པ་དང་། སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་རྩ་བའི་སྔོན་འགྲོའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་པ་ནི་གདོན་མི་ཟ་ལ། སློབ་མ་རྣམས་ཀྱིས་བསླབ་བྱའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་སྔོན་སྦྱོང་བྱེད་དགོས་པ་ནི་དུས་རབས་འདིའི་ཆོས་ཉིད་དང་མཐུན་པ་ཡིན།

བཞི། སློབ་ཁྲིད་དངོས་ནང་རང་ཚུགས་ཀྱིས་སྔོན་སྦྱོང་བྱེད་པའི་གོམས་གཤིས་ལེགས་པོ་ལས་ཐོནཔའི་ཕན་ཡོན།

        སློབ་ཁྲིད་དགེ་རྒན་གྱིས་སློབ་ཚན་གསར་ཁྲིད་ཀྱི་མགོ་བརྩམས་པ་ན། སློབ་མས་དེ་མ་ཐག་རང་གིས་སྔོན་ སྦྱོང་བྱས་པའི་ནང་དོན་གྱིས་དགེ་རྒན་གྱི་སློབ་ཁྲིད་ལ་གཞོགས་འདེགས་བྱེད་པའི་གོམས་གཤིས་ལས། དེ་རིང་གི་འཁྲིད་བྱའི་ནང་དོན་གསལ་པོར་རྟོགས་པ་དང་། སློབ་མ་རང་ངོས་ནས་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས། སྔོན་སྦྱོང་བྱས་པའི་དམིགས་ཚད་དེ་ལེགས་འགྲུབ་བྱུང་ཡོད་མེད་རང་གིས་རང་ལ་ཚད་འཇལ་ཞིབ་བསྡུར་བྱེད་པ་དང་། སྔོན་སྦྱོང་བྱས་ཏེ་གོ་བ་ལེན་པ་དང་། ངོས་འཛིན་པ། བསམ་གཞིག་བྱས་པའང་གནད་ལ་ཁེལ་ཡོད་མེད་གསལ་པོར་ཤེས་པས། སློབ་ཁྲིད་ཀྱི་ནང་དོན་རྟོགས་པར་ཇེ་བརྟན་ལ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད།

        སློབ་མས་སློབ་ཁྲིད་དངོས་ཀྱི་བརྒྱུད་རིམ་ནང་།ཕལ་ཆེར་རང་གིས་གོ་བ་ལོན་མི་ཐུབ་པའི་གནད་དོན་ དང་། གནད་དོན་གསར་པར་ཕྲད་པ། རང་ཉིད་ལ་ཚོར་སྣང་གསར་པ་བྱུང་བ་སོགས་དེ་དག་ཚང་མ་ཡིག་ཐོག་ ཏུ་འབྲི་བའམ་ཡང་ན་རྟགས་རྒྱག་པ། ཡང་ན་སློབ་ཚན་ནང་དུས་ཐོག་དགེ་རྒན་ལ་བཀའ་འདྲི་ཞུ་བ་སོགས་བྱས་ ནས། སློབ་ཁྲིད་ནང་དཀའ་གནད་དང་གནད་དོན་མང་པོ་ཐག་གཅོད་བྱེད་ཐུབ་པའི་དགེ་མཚན་ལྡན་པ་ཡིན། སྔོན་སྦྱོང་ལེགས་པོ་བྱས་ཡོད་ན། སློབ་མ་ཕན་ཚུན་བར་གྱི་འབྲེལ་འདྲིས་ནུས་པ་གོང་མཐོར་གཏོང་ཐུབ་ལ། སློབ་མའི་བསམ་གཞིག་ནུས་པའང་འཕེལ་རྒྱས་གཏོང་ཐུབ་པ་སོགས་ཀྱི་ཕན་འབྲས་ལེགས་པོ་ཐོན་པ་དང་། བསླབ་བྱ་སོ་སོའི་རྨང་གཞི་ཤེས་བྱ་མཐོར་འདེགས་གཏོང་བར་རམ་འདེགས་ཀྱི་ནུས་པ་དང་། ཤེས་བྱའི་ཆུ་ཚད་འཕེལ་རྒྱས་སུ་འགྲོ་བར་བྱེད་ནུས་གལ་ཆེན་ཡོད་པ་ཡིན་ནོ། །

* རྒྱ་མཚོ། གཅན་ཚ་རྗོང་མི་རིགས་སློབ་འབྲིང་གཉིས་པར་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1