སྐད་ཀྱི་དཀར་ཆག་སྒྲ་བྱེ་བྲག་ཏུ་རྟོག་པར་བྱེད་པ་ཆེན་མོའི་ཚིག་མཛོད་ཀྱི་རང་བཞིན་སྐོར་གླེང་བ།

བཙུན་པ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


[གནད་བཏུས] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བ་དང་། ཆོས་ལྡན་རྒྱལ་རབས་ཀྱི་དུས་དང་དེའི་རྗེས་ཀྱི་སཾ་བོད་ཡིག་སྒྱུར་གྱི་དུས་སྐབས་ངེས་ཅན་ཞིག་གི་ནང་དུ། སཾ་བོད་ཀྱི་ཐ་སྙད་གསོག་འཇོག་དང་ལོ་ཙཱའི་བརྡ་ཆད་གཅིག་གྱུར་གྱི་ཐད་དུ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད་པའི་ཚིག་མཛོད་འདིའི་མིང་གི་ཐོགས་ཚུལ་ལ་ངོས་འཛིན་གསལ་བོ་གནང་སྟེ། འདིའི་ཁྲོད་དུ་བྱུང་བའི་མིང་བརྡའི་ངོ་བོ་དང་། མིང་བརྡའི་ཁྱད་ཆོས། ཤུགས་རྐྱེན་བཅས་ལ་དཔྱད་པ་བཏང་ཡོད།

[གནད་ཚིག] བྱེ་བྲག་རྟོག་བྱེད་ཆེན་མོ། ཚིག་མཛོད། རང་བཞིན།

གཅིག སྐད་ཀྱི་དཀར་ཆག་སྒྲ་བྱེ་བྲག་ཏུ་རྟོག་པར་བྱེད་པའི་ངོས་འཛིན།

        སྤྱིར་དཀར་ཆག་ལ་སྒྲ་དོག་འཇུག་དང་ཡངས་འཇུག་གི་གོ་བ་ལེན་སྟངས་གཉིས་མཆིས་ཏེ། སྒྲ་དོག་འཇུག་ལྟར་གོ་བ་བླངས་ན། དཀར་ཆག་ཅེས་པ་ནི་གསུང་རབ་དང་དཔེ་དེབ་ཡིག་ཆ་སོགས་སྡེ་ཚན་དང་རྣམ་གྲངས་སོགས་མ་འདྲེས་པར་འཚོལ་བདེ་བའི་ཐོ་ཡིག་གསལ་པོར་བཀོད་པ་ལ་ཟེར་ཞིང་། དེ་ཡང་དཀར་ཞེས་པ་ནི། ཉིན་དཀར་གྱི་དུས་སུ་གཟུགས་བརྙན་རྣམས་གསལ་པོར་མཐོང་ཐུབ་པ་ལྟ་བུའི་ཁྱད་ཆོས་ལྡན་པ་དང་། སྡེ་ཚན་དང་རྣམ་གྲངས་ཁག་མ་འདྲེས་པར་སོ་སོར་ཕྱེ་ནས་རྩྭའི་ཆུན་པོ་བསྡམས་པ་ལྟར་ཆིངས་རིམ་པ་བདུན་གྱིས་བཅིངས་ཏེ་མིང་ཐོར་བཀོད་པས་ན། ཆག་ཅེས་དཔེ་ཡི་སྒོ་ནས་བཏགས་པ་ཡིན། ཞེས་སྒྲ་བཤད་དཔེ་དང་བཅས་པ་བཀོད་ཡོད་རུང་། དོན་དམ་དུ་དཀར་ཆག་གི་གོ་བ་ལེན་སྟངས་ཀྱི་ཁྱབ་ཁོངས་སྡེ་ཚན་གང་གི་ཁོངས་ཡིན་པ། རྩོམ་ཡིག་གི་ཁ་བྱང་དང་མིང་། རྩོམ་པ་པོའི་མིང་། ལེ་ཚན་གྱི་གྲངས། པོད་གྲངས། ཤོག་གྲངས། ཆ་ཚང་མིན་བཅས་དཀར་ཆག་གི་ཆིངས་བདུན་ཚང་བ་ཙམ་གྱིས་མི་ལོངས་ཤིང་ངོ་བོ་མི་མཚུངས་པའི་དཀར་ཆག་སོ་སོར་རང་རང་གི་གོ་དོན་དང་བྱེད་ནུས་ངེས་ཅན་ལྡན་པའི་ཆ་ནས། གསུང་རྟེན་དཀར་ཆག་དང་། གདན་རབས་དཀར་ཆག རིག་གཞུང་དཀར་ཆག སྨན་རྩིས་དཀར་ཆག ལོ་རྒྱུས་དཀར་ཆག ས་མིང་དང་མི་མིང་གི་དཀར་ཆག་སོགས་རིགས་དང་དབྱེ་བ་མང་པོ་ཡོད་པར་མ་ཟད། དེ་དག་བྱུང་བའི་དུས་ཡུན་རིང་ཞིང་སོ་སོས་ཁྱབ་ཁོངས་མི་འདྲ་བ་ནས་རིག་གནས་ཀྱི་སྣང་ཚུལ་ཀློག་པ་པོའི་སྤྱན་ལམ་དུ་གསལ་ལེར་འཆར་བར་བྱེད་ཐུབ་པ་སྟེ། དཔེར་ན། བོད་ཀྱི་ཡིག་སྒྱུར་ལོ་རྒྱུས་སུ་དངོས་སུ་བྱུང་མྱོང་བའི་གསུང་རྟེན་དཀར་ཆག་ལྟ་བུར་མཚོན་ན། བོད་མི་རང་གི་ཡི་གེ་བྱུང་བ་ནས་ཡོད་དེ། བོད་བཙན་པོའི་དུས་སྐབས་ཀྱི་བཀའ་བསྟན་དཀར་ཆག་ལ་དཔྱད་པ་ཞེས་པ་རུ། བོད་ཀྱི་གསུང་རྟེན་དཀར་ཆག་གི་ཐོག་མ་ནི། སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཀྱི་སྒྲ་སྦྱོར་ཡི་གེ་གསར་བཟོ་བྱས་ནས་ལོ་ངོ་བདུན་ཅུ་ཡས་མས་ཕྱིན་མཚམས་སུ་དངོས་སུ་སྒྲིག་མགོ་ཚུགས་ཡོད་པར་མ་ཟད། སྒྲིག་གཞི་ཚགས་དམ་ཞིང་བཀོད་པ་ཞིབ་ཆ་ལྡན་ཞེས་འཁོད་ཡོད་པ་དང་། དེ་ལའང་ལོ་ཙཱའི་འགྱུར་བྱང་དང་། ལྷ་ཁང་དང་གཙུག་ལག་ཁང་སོ་སོ་ན་བཞུགས་པའི་མཚན་བྱང་། བནྡེ་གཞོན་ནུ་སྙིང་པོས་བྲིས་པའི་འགྱུར་བྱང་སོགས་ཡོད་མོད། ཡིན་ཡང་གསུང་རྟེན་དཀར་ཆག་ལས། རྒྱལ་བའི་བཀའ་དང་དགོངས་འགྲེལ་བོད་ཡུལ་དུ་བསྒྱུར་བའི་བརྒྱུད་རིམ་ཁྲོད་བྱུང་བའི་བཀའ་བསྟན་དཀར་ཆག་དང་། བཀའ་བསྟན་སོགས་ནང་བསྟན་བསྒྱུར་བའི་ལག་ལེན་དངོས་ལས་མིང་བརྡ་སྒྱུར་ཐབས་དང་སྒྱུར་བྱེད་ཀྱི་ཚད་གཞིར་གྱུར་ནས་བསྒྲིགས་ཤིང་དོན་བྱེ་བྲག་ཏུ་གོ་བར་བྱེད་པའི་སྐད་ཀྱི་དཀར་ཆག་སྟེ། མིང་མཛོད་སོགས་ལ་དམིགས་གསལ་གྱི་ནང་དོན་དང་ཁྱད་ཆོས་མངའ་སྟེ། དེ་ནི་བཙན་པོའི་གཅིག་གྱུར་གྱིས་བཀས་མ་མནན་པ་ཞིག་དང་ལོ་ཙཱ་བ་མང་པོས་ཐུན་མོང་ནས་གཏན་ལ་མ་ཕབ་པ་ཞིག་ཡིན་ཕྱིན། ཚད་ལྡན་གྱི་ཡིག་ཆ་དང་དཀར་ཆག་ཏུ་བརྩི་མི་རུང་ཞིང་། རིག་གནས་གང་ཞིག་བརྒྱུད་སྒྲོག་བྱེད་པའི་ལག་ཆ་གཙོ་བོར་ཡང་འགྱུར་མི་ཐུབ་ལ། ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་ཤུགས་རྐྱེན་དེ་བས་ཀྱང་ཐེབས་དཀའོ། །དེའི་རྐྱེན་གྱིས་ཕྱི་ནང་གི་ཆ་རྐྱེན་འཛོམས་པའི་བོད་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ་བའི་གསུང་རྟེན་དཀར་ཆག་ལས། བཀའ་བསྟན་དཀར་ཆག་ལ་གཙོ་བོ་ལྡན་དཀར་མ་དང་། མཆིམས་ཕུ་མ། འཕང་ཐང་མ་བཅས་ཡོད་ལ། སྐད་ཀྱི་དཀར་ཆག་ལ་སྒྲ་བྱེ་བྲག་རྟོག་བྱེད་ཆེ་འབྲིང་ཆུང་གསུམ་སོགས་བྱུང་ཡོད་པས། འདིར་སྐད་ཀྱི་དཀར་ཆག་དང་བྱེ་བྲག་རྟོག་བྱེད་བཅས་པའི་སྒྲ་བཤད་སྤྲོ་བར་བྱ་བ་ལ།

༡. སྐད་ཀྱི་དཀར་ཆག

        སྤྱིར་སྐད་ཀྱི་དཀར་ཆག་ཅེས་པ་ནི། སྐད་གདངས་དང་ཐ་སྙད། བརྡ་སྦྱོར་སྟངས་སོགས་ཚད་དང་མཐུན་པའི་སྒོ་ནས་བསྒྲིགས་པའི་སྐད་བརྡའི་ཚིག་མཛོད་ལ་བྱ་སྟེ། མིང་བརྡར་སྒྲ་འདོན་སྟངས་དང་དབྱངས་སྦྱོར་སྟངས། གོ་དོན་འགྲེལ་བཤད་བྱེད་པའམ་བརྗོད་དོན་གོ་བདེར་འགྲོལ་བ། རིགས་ཅན་ཐ་དད་དུ་དབྱེ་བ་སོགས་ཀྱི་ནུས་པ་མཁོ་སྤྲོད་བྱེད་པའི་ཡོ་བྱད་རང་བཞིན་གྱི་དཔེ་ཆར་གོ་བ་དང་། བོད་བཙན་པོའི་དུས་སྐབས་སུ་བྱུང་བའི་སཾ་བོད་སོགས་སྐད་གཉིས་ཤན་སྦྱར་གྱི་སྐད་ཀྱི་དཀར་ཆག་ཅེས་པར་ཡང་གོང་གི་ཚིག་མཛོད་ཀྱི་ནུས་པ་དང་དགེ་མཚན་དེ་དག་ལྡན་པའི་ཁར། སྐད་གཉིས་ཀྱི་མིང་ཚིག་གི་དོན་དེ་དོན་སྒྱུར་སྒྲ་སྒྱུར་ཐད་སྒྱུར་བཅས་རྩ་བའི་སྒྱུར་ཐབས་རྣམ་པ་གསུམ་གྱི་ངོས་ནས་ཕན་ཚུན་གྱི་གོ་དོན་དོ་མཉམ་ཞིང་གོ་བདེ་བའི་ཐབས་སུ་བསྒྱུར་ཏེ་ལོ་ཙཱའི་བྱ་བཞག་སྐྱོང་བར་ནུས་པ་གཙོ་བོ་ཐོན་པས། སྐད་རིགས་གཉིས་ཕན་ཚུན་བསྒྱུར་བ་དང་ལྷག་པར་དུ་ལེགས་སྦྱར་སྐད་ཀྱི་ཆོས་གཞུང་བསྟན་བཅོས་སོགས་ཀྱི་ནང་དོན་གོ་བ་མ་ལོག་པ། གོ་རིམ་མ་འཆོལ་བའི་སྒོ་ནས་བོད་རང་གི་སྐད་བརྡ་དང་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་མིང་ཚིག་དང་། བརྡ་ཆད་ཀྱི་ནང་དོན་གསལ་བར་བསྟན་པ་ཕྱི་ནང་གི་ལོ་པཎ་མང་པོས་བསྡུ་སྒྲིག་བྱས་ཏེ། བཙན་པོས་བཀས་གཅིག་གྱུར་གྱི་བརྡས་ཐག་བཅད་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་མིང་འདོགས་སྟངས་ཤིག་ཡིན་ཏེ། དོན་དམ་དུ་དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་སཾ་བོད་སྐད་གཉིས་ཤན་སྦྱར་དང་བཅས་པའི་ཚིག་མཛོད་ཀྱི་སྐོར་ལ་ངོས་འཛིན་དགོས་པར་སེམས། རྒྱུ་མཚན་གང་ཡིན་ཞེ་ན། སྒྲ་སྦྱོར་བམ་པོ་གཉིས་པ་རུ། ཐེག་པ་ཆེ་ཆུང་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་དང་། བསྒྱུར་པ་དང་འཆད་པའི་གྲ་སོ་སོ་ན་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲ་གྲར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱོད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། ། ཞེས་སྐད་གཉིས་ལོ་ཙཱ་ལས་འཕྲོས་པའི་མིང་བརྡ་གསར་པ་རྣམས་གཏན་ལ་ཕབ་ཅིང་བསྡུས་རིས་སུ་ཕབ་པ་དེ་ལ། སྐད་ཀྱི་དཀར་ཆག་ཅེས་པའི་བརྡ་གསལ་པོར་ཆགས་ཡོད་པས། དེ་ནི་བོད་ཀྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ལས་བྱུང་བའི་མིང་བརྡ་ཐ་སྙད་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས། སཾ་བོད་ཤན་སྦྱར་གྱི་ཚུལ་དུ་སྦྱར་བའི་ཚིག་མཛོད་ལྟ་བུར་གོ་བ་ལེན་དགོས།

༢. སྒྲ་བྱེ་བྲག་ཏུ་རྟོག་པར་བྱེད་པ།

        བྱེ་བྲག་ཏུ་རྟོག་པར་བྱེད་པ་ཞེས་པ་ནི། གསུང་རབ་དང་དཔེ་དེབ་ཡིག་ཆ་སོགས་སྡེ་ཚན་དང་རྣམ་གྲངས་སོགས་མ་འདྲེས་པར་འཚོལ་བདེ་བའི་ཐོ་ཡིག་གསལ་པོར་བཀོད་པའི་གསུང་རྟེན་དཀར་ཆག་ལ་ངོས་འཛིན་བྱ་དགོས་ཏེ། ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་དུ། དོན་འདུས་པའི་ཚིག་འཇེབས་འཇེབས་མདོ་ཙམ་བཏུས་སྟེ། ཆོས་མང་པོ་ཉན་མི་ནུས་པའི་གང་ཟག་རྣམས་ཀྱིས་ཚེགས་ཆུང་ངུས་གསུང་རབ་རྣམས་ཀྱི་དོན་རྟོགས་པར་བྱ་བ་དང་། རང་གི་ལུས་གཞིག་པའི་མཚན་ཉིད་ལ་མཁས་པར་བྱ་བའི་ཕྱིར་བསྟན་པའོ། ། ཞེས་པ་ལྟར། སྐད་ཀྱི་དཀར་ཆག་ཆེ་འབྲིང་ཆུང་གསུམ་གྱི་ནང་དོན་ཐ་སྙད་རྣམས་རིགས་ཚན་དགར་པ། རང་བཞིན་དུ་འགོད་པ་དང་འགྲེལ་བཤད་རྒྱག་པ། སྒྲ་བཤད་འགོད་པ། དབྱེ་བ་འབྱེད་པ། རྣམ་གྲངས་འདྲེན་པ་སོགས་སྐད་གཉིས་ཤན་སྦྱར་གྱི་གོ་དོན་དང་བྱེད་ནུས་རགས་པ་ནས་ཇེ་ཞིབ་དང། སྤྱི་ནས་བྱེ་བྲག་ཏུ་བཀྲོལ་ནས་གོ་སླ་བའམ་རྟོགས་སླ་བར་བྱེད་པ་ཞིག་ཡིན། ལོ་ཙཱའི་ལས་སྒོར་དམིགས་ཏེ་བྱུང་ཞིང་། ཕྱིར་ལོ་ཙཱར་མཛུབ་སྟོན་གྱི་ནུས་པ་ཐོན་པའི་སྒྲ་བྱེ་བྲག་ཏུ་རྟོག་པར་བྱེད་པའི་མིང་མཛོད་འདི་དག་ལ་ཁྱད་ཆོས་འདི་འདྲ་ལྡན་ཡོད་དེ། ཚིག་མཛོད་ཀྱི་བརྒྱུད་རིམ་དུ་བྱུང་བའི་འགྲེལ་རིང་གིས་མིང་གི་དོད་བྱེད་མི་རུང་བར་གཞི་སྐད་གང་ལ་འགྱུར་སྐད་དེའི་མིང་དོད་སྦྱར་ཡོད་པ་དང་གཅིག མིང་དོད་དེ་ལ་ཡང་གཞི་སྐད་ཀྱི་ལྷད་མ་ཞུགས་པར་འགྱུར་སྐད་རང་གི་གྲ་མ་ཆག་གྲུ་མ་ཉམས་པའི་མིང་བཀོད་ཡོད་པ་དང་གཉིས། མིང་དོད་སྦྱར་བ་ཙམ་གྱིས་ཀྱང་ལས་དེར་འཇུག་པའི་ལོ་ཙཱ་བའམ། ཡང་ན་དེར་སློབ་སྦྱོང་བྱེད་མཁན་གྱི་འདོད་པ་རྫོགས་པས། གཞི་སྐད་ཀྱི་མིང་རེ་རེ་སྐད་ཆའི་གནས་སྐབས་གང་དང་གང་དུ་ཚུལ་ཅི་ཙམ་དང་། ཇི་ལྟར་འཇུག་པའི་ཚུལ་གྱིས་དཔེ་དང་བཅས་ཏེ་ལེགས་པར་ཁྲོལ་བ་སོགས་དམིགས་ཡུལ་གང་གི་སྒོ་ནས་མིང་བརྡ་གང་ཞིག་བསྡུ་བ། མིང་དོན་ཅི་ཙམ་དུ་དབྱེ་བ། མིང་འགྲེལ་ཇི་ལྟར་བྱེད་པ་སོགས་སྒྲ་བྱེ་བྲག་ཏུ་བཀོད་ཡོད་པས། དེ་ནི་རྒྱ་གར་ནག་གི་རིག་གནས་ལས་འཕྲོས་ཤིང་། བོད་རང་གི་ལོ་ཙཱའི་གྲུབ་འབྲས་སུ་སྨིན་པས་ལོ་རྒྱུས་སྟེང་གྲགས་ཆེ་བ་དང་། དུས་ད་ལྟར་བསྟན་འགྱུར་དཔེ་བསྡུར་མ་སྣ་ཚོགས་ཅོ་པ་དང་ཇོ་པའི་ནང་གི་ཕྱོགས་གཉིས་སྔ་རྗེས་སུ་འཁོད་ཡོད། བྱེ་བྲག་རྟོག་བྱེད་ཆེན་མོ་ཞེས་ལེགས་སྦྱར་གྱི་སྐད་དང་། བོད་སྐད་ཤན་སྦྱར་གྱི་ཚིག་མཛོད་ཐོག་མ་འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་སྐྱོང་བའི་སྐབས་སུ་རྩོམ་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཚིག་མཛོད་འདིར་ཁྱོན་བསྡོམས་པས་ཤོག་ལྷེ༢༥༤ཡོད་པ་དང་། ད་ལྟ་བསྟན་འགྱུར་གྱི་སྣ་ཚོགས་ཁྲོད་དུ་བཞུགས་ཡོད་པ་འདི་ནི་བོད་དུ་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་སྔ་ཤོས་ཡིན། བྱེ་བྲག་རྟོག་བྱེད་ཆེན་མོར་མིང་ཚིག་གི་རིགས་ཚན༢༧༦དང་། ཆེད་སྤྱོད་ཐ་སྙད༩༥༦༥ཡོད། བཀའ་བསྟན་ཕྱོགས་བསྒྲིགས་མཛད་དུས་མིང་མཛོད་འདི་ཉིད་བོད་ཡིག་བསྟན་འགྱུར་གྱི་སྣ་ཚོགས་ཅོ་པའི་ནང་བསྡུས་ཡོད་། སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོའི་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་ཡོངས་ལ་བསྡོམས་པས་སྡེ་ཚན༢༧༦དང་དེར་འདུས་པའི་མིང་ཚིག༩༠༠༠ལྷག་ཡོད་པ་ལས། འདིར་ཆ་ཚང་བར་བཀོད་ན་མིང་ཚིག་མང་ཞིང་སྒྲིག་རིམ་ཚགས་དམ་པ། གཞི་ཁྱོན་ཆེ་བ་སོགས་སྟབས་མི་བདེ་བར་དམིགས་ནས། གཅིག་ཏུ་བྱེ་བྲག་རྟོག་བྱེད་ཆེན་མོའི་ནང་དོན་ལ་རྒྱུས་ལོན་བྱེད་བདེ་བ་དང་། གཉིས་ནས་གཞུང་འདིའི་རྣམ་པ་གསལ་འབྱེད་ཙམ་བྱེད་པ། གསུམ་ནས་ལོ་ཙཱའི་ལས་གཉེར་མཁན་ཞིག་ཡིན་ཚེ་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་ལྟ་བུར་གྱུར་པའི་གཞུང་འདིར་རྒྱུས་མངའ་ལོན་པ་གཞིར་བྱས། སྒོས་སུ་དུས་སྐབས་གསར་པའི་ནང་ཆོས་གཞུང་ལོ་ཙཱ་དང་ཞིབ་འཇུག་བྱེད་སྐབས་སུ་སཾ་བོད་དང་སཾ་བོད་རྒྱ་གསུམ་གྱི་ཤན་སྦྱར་ལ་ཟུར་ལྟ་དང་མིག་དཔེར་སྐྱོང་བར་དགེ་བ་ལྷག་ཏུ་ཆེ་བས། འདིར་ཆེད་དམིགས་བྱེ་བྲག་རྟོག་བྱེད་ཆེན་མོའི་དཀར་ཆག་ངོ་སྤྲོད་བྱས་པར་བརྟེན་ཏེ། དེར་འཁོད་པའི་མིང་བརྡའི་ཁྱབ་ཁོངས་ལ་དབྱེ་ཞིབ་དང་སྐབས་དེའི་ལོ་ཙཱའི་གནས་བབ་ལ་རྟོག་དཔྱད་གནང་བར་བྱའོ། །

གཉིས། སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོའི་དཀར་ཆག

        དཀར་ཆག་འདི་ཉིད་དུ་གཏོགས་པའི་ཐ་སྙད་རྣམས་ཐུན་མིན་དང་ཐུན་མོང་གི་རིག་གནས་ཕྱོགས་མང་པོར་འབྲེལ་ཡོད་ཞིང་། སྡེ་ཚན༢༧༦གི་ནང་དོན་རེ་རེ་བཞིན་འདིར་བཀོད་ན་ནང་དོན་རྒྱ་ཆེ་བའི་ཁར། མང་ཞིང་ཉོག་པར་གཞིགས་ནས་གོ་བདེ་བ་དང་ལྟ་བདེ་བའི་ཆེད་དུ་སྡེ་ཚན་འདི་དག་གི་དཀར་ཆག་ཚོགས་སྤྱི་ཅན་དུ་དགར་ནས། རིགས་བགྲེས་དབྱིབས་འགོད་བྱས་ན། ༡.སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས། ༢.དེ་བཞིན་གཤེགས་པ་སོ་སོའི་མཚན། ༣.མི་མཉམ་པ་དང་མཉམ་པའི་ཕུང་པོ་དང་ཡེ་ཤེས་དང་སྐུ་གསུམ། ༤.དེ་བཞིན་གཤེགས་པའི་སྟོབས་བཅུ། ༥.དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི། ༦.སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ༧.དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་ཀྱི་མིང་། ༨.མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་གྱི་མིང་། ༩.བསྲུང་བ་མེད་པ་བཞིའི་མིང་། ༡༠.སོ་སོར་ཡང་དག་པར་རིག་པ་བཞིའི་མིང་། ༡༡.མངོན་པར་ཤེས་པ་དྲུག་གི་མིང་། ༡༢.མངོན་པར་ཤེས་པ་དྲུག་གི་སྐབས་ནས་འབྱུང་བའི་མིང་། ༡༣.ཆོ་འཕྲུལ་གསུམ་གྱི་མིང་། ༡༤.སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མིང་། ༡༥.དཔེ་བྱད་བཟང་པོ་བརྒྱད་ཅུའི་མིང་། ༡༦.དེ་བཞིན་གཤེགས་པའི་ཆེ་བ་མདོ་སྡེ་ལས་བྱུང་བའི་མིང་། ༡༧.དབྱངས་ཀྱི་ཡན་ལག་དྲུག་ཅུའི་མིང་། ༡༨.ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་ནས་འབྱུང་བའི་ཏིང་ངེ་འཛིན་གྱི་མིང་། ༡༩.བྱང་ཆུབ་སེམས་པ་སྤྱིའི་མཚན། ༢༠.བྱང་ཆུབ་སེམས་པ་སོ་སོའི་མཚན། ༢༡.བྱང་ཆུབ་སེམས་པའི་ཏིང་ངེ་འཛིན་གྱི་མིང་། ༢༢.བྱང་ཆུབ་སེམས་པའི་གཟུངས་བཅུ་གཉིས་ཀྱི་མིང་། ༢༣.བྱང་ཆུབ་སེམས་པའི་སྟོབས་བཅུའི་མིང་། ༢༤.བྱང་ཆུབ་སེམས་པའི་དབང་བཅུའི་མིང་། ༢༥.བྱང་ཆུབ་སེམས་པའི་མི་འཇིགས་པ་བཞིའི་མིང་། ༢༦.བྱང་ཆུབ་སེམས་པའི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་མིང་། ༢༧.མདོ་སྡེ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་ཡོན་ཏན་ཐོག་ཐོག་སྨྲས་པའི་མིང་། ༢༨.བྱང་ཆུབ་སེམས་པའི་སའི་མིང་། ༢༩.མོས་པས་སྤྱོད་པའི་སའི་མིང་། ༣༠.མོས་པའི་སྤྱོད་པའི་ས་ལ་ཆོས་སྤྱོད་བཅུའི་མིང་། ༣༡.ཕ་རོལ་ཏུ་ཕྱིན་པ་བཅུའི་མིང་། ༣༢.བསྡུ་བའི་དངོས་པོ་བཞིའི་མིང་། ༣༣.བསླབ་པ་གསུམ་གྱི་མིང་། ༣༤.སྟོང་པ་ཉིད་བཅོ་བརྒྱད་ཀྱི་མིང་། ༣༥.དྲན་པ་ཉེ་བར་བཞག་པ་བཞིའི་མིང་། ༣༦.ཡང་དག་པར་སྤོང་བ་བཞིའི་མིང་། ༣༧.རྫུ་འཕྲུལ་གྱི་རྐང་བཞིའི་མིང་། ༣༨.དབང་པོ་ལྔའི་མིང་། ༣༩.སྟོབས་ལྔའི་མིང་། ༤༠.བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མིང་། ༤༡.འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་མིང་། ༤༢.རང་སངས་རྒྱས་ཀྱི་རིམ་པའི་མིང་། ༤༣.ཉན་ཐོས་ཀྱི་གང་ཟག་གི་རིམ་པའི་མིང་། ༤༤.ཉན་ཐོས་ཀྱི་ས་སོ་སོའི་མིང་། ༤༥.ཉན་ཐོས་ཀྱི་ཡོན་ཏན་གྱི་མིང་། ༤༦.སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་མིང་། ༤༧.ཉན་ཐོས་ཀྱི་སའི་མིང་། ༤༨.རྗེས་སུ་དྲན་པ་དྲུག་གི་མིང་། ༤༩.དབུགས་ཕྱི་ནང་དུ་རྒྱུ་བ་བགྲང་བའི་རིམ་པའི་མིང་། ༥༠.འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་དྲུག་ཏུ་ཕྱེ་བའི་མིང་། ༥༡.ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རིམ་པའི་མིང་། ༥༢.སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་མིང་། ༥༣.ཤེས་པ་བཅུའི་མིང་། ༥༤.ལམ་བཞིའི་མིང་། ༥༥.ཐེག་པའི་རྣམ་པའི་མིང་། ༥༦.དབང་པོའི་རིམ་པའི་མིང་། ༥༧.རིགས་ལྔའི་མིང་། ༥༨.དམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་མིང་། ༥༩.ཆོས་ཀྱི་འཁོར་ལོའི་མིང་། ༦༠.དམ་པའི་ཆོས་ཀྱི་མིང་། ༦༡.ཞལ་ནས་གསུངས་པ་དང་ཚིག་ལེའུར་བྱས་པ་ལ་སོགས་པའི་མིང་། ༦༢.བསམ་གཏན་བཞི་ལ་སོགས་པའི་མིང་། ༦༣.སྙོམས་པར་འཇུག་པའི་མིང་། ༦༤.ཚད་མེད་བཞིའི་རྒྱུད་ཀྱི་མིང་། ༦༥.རྣམ་པར་ཐར་པ་བརྒྱད་ཀྱི་མིང་། ༦༦.ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཀྱི་མིང་། ༦༧.ཟད་པར་གྱི་སྐྱེ་མཆེད་བཅུའི་མིང་། ༦༨.རྣམ་པར་ཐར་པའི་སྒོ་གསུམ་གྱི་མིང་། ༦༩.སྟོན་པ་བཞིའི་མིང་། ༧༠.ཤེས་རབ་རྣམ་པ་གསུམ་གྱི་མིང་། ༧༡.རིག་པའི་གནས་ལྔའི་མིང་། ༧༢.ཆོས་ཡང་དག་པར་ལེན་པ་བཞིའི་མིང་། ༧༣.ནོར་བདུན་གྱི་མིང་། ༧༤.བླ་ན་མེད་པ་དྲུག་གི་མིང་། ༧༥.བྱིན་གྱིས་བརླབས་པ་བཞིའི་མིང་། ༧༦.མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་དགུའི་མིང་། ༧༧.འབྱུང་བར་འོས་པའི་ཁམས་དྲུག་གི་མིང་། ༧༨.ལྷ་དང་མི་རྣམས་ཀྱི་འཁོར་ལོ་བཞིའི་མིང་། ༧༩.དཀའ་ཐུབ་ལ་གནས་པ་དང་སྡོམ་པ་འཛིན་ཅིང་སྤྱོད་པ་ལ་སོགས་པའི་མིང་། ༨༠.རྣལ་འབྱོར་སྤྱོད་པ་དང་རྣལ་འབྱོར་གྱི་ཡན་ལག་གི་མིང་། ༨༡.ལུང་བསྟན་པ་བཞིའི་མིང་། ༨༢.མཚན་ཉིད་གསུམ་གྱི་མིང་། ༨༣.དགོངས་པ་བཞིའི་མིང་། ༨༤.ལྡེམ་པོར་དགོངས་པ་བཞིའི་མིང་། ༨༥.ཞི་གནས་ལྷག་མཐོང་ལ་སོགས་པའི་མིང་། ༨༦.མི་དགེ་བ་བཅུའི་མིང་། ༨༧.དགེ་བ་བཅུའི་ལས་ཀྱི་མིང་། ༨༨.བསོད་ནམས་བྱ་བའི་དངོས་པོ་བཞིའི་མིང་། ༨༩.དོན་དམ་པའི་མིང་། ༩༠.མྱ་ངན་ལས་འདས་པ་ལ་སོགས་པའི་མིང་། ༩༡.སྐྱབས་རྣམས་ཀྱི་མིང་། ༩༢.རི་མོར་བྱ་བའི་རྣམ་པའི་མིང་། ༩༣.སྤྲོ་ཞིང་རྩོམ་པ་ལ་སོགས་པའི་མིང་། ༩༤.མི་འཛེམ་པའི་མིང་། ༩༥.ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་མིང་། ༩༦.གཟུགས་ཀྱི་ཕུང་པོ་སོ་སོར་ཕྱེ་བའི་མིང་། ༩༧.ཚོར་བའི་ཕུང་པོ་སོ་སོར་ཕྱེ་བའི་མིང་། ༩༨.འདུ་ཤེས་ཀྱི་ཕུང་པོ་སོ་སོར་ཕྱེ་བའི་མིང་། ༩༩.སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་དང་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་མིང་། ༡༠༠.རྣམ་པར་ཤེས་པའི་མིང་། ༡༠༡.སྐྱེ་མཆེད་བཅུ་གཉིས་ཀྱི་མིང་། ༡༠༢.ཁམས་བཅོ་བརྒྱད་ཀྱི་མིང་། ༡༠༣.དབང་པོ་ཉི་ཤུ་རྩ་གཉིས་ཀྱི་མིང་། ༡༠༤.ཕུང་པོ་ཁམས་དང་སྐྱེ་མཆེད་དང་དབང་པོ་བཤད་པའི་ནང་ནས་འབྱུང་བའི་མིང་སྣ་ཚོགས། ༡༠༥.ཆགས་པ་དང་ཞེན་པའི་རྣམ་པའི་མིང་། ༡༠༦.སྡུག་བསྔལ་གསུམ་གྱི་མིང་། ༡༠༧.སྡུག་བསྔལ་གྱི་མིང་། ༡༠༨.རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཀྱི་མིང་། ༡༠༩.རྒྱུ་དྲུག་གི་མིང་། ༡༡༠.རྐྱེན་བཞིའི་མིང་། ༡༡༡.འབྲས་བུ་ལྔའི་མིང་། ༡༡༢.སྐྱེ་གནས་བཞིའི་མིང་། ༡༡༣.ཟས་བཞིའི་མིང་། ༡༡༤.སེམས་ཅན་གྱི་གནས་དགུའི་མིང་། ༡༡༥.མི་ཁོམ་པ་བརྒྱད་ཀྱི་མིང་། ༡༡༦.ལས་ཀྱི་རྣམ་པར་སྨིན་པ་ལ་སོགས་པའི་མིང་། ༡༡༧.མཚམས་མེད་ལྔའི་མིང་། ༡༡༨.མཚམས་མེད་པ་དང་ཉེ་བ་ལྔའི་མིང་། ༡༡༩.སྙིགས་མ་ལྔའི་མིང་། ༡༢༠.འཇིག་རྟེན་ཆོས་བརྒྱད་ཀྱི་མིང་། ༡༢༡.ཡོན་ཏན་སྣ་ཚོགས་ཀྱི་མིང་། ༡༢༢.སྐྱོན་དུ་བརྩི་བའི་མིང་། ༡༢༣.བླ་ན་མེད་པ་དང་མཆོག་ཏུ་བརྩི་བའི་རྣམ་གྲངས་དང་དག་པ་དང་གྲོལ་བ་ལ་སོགས་པའི་མིང་ལས་བླ་ན་མེད་པ་དང་མཆོག་ཏུ་བརྩི་བའི་རྣམ་གྲངས་ཀྱི་མིང་། ༡༢༤.དག་པ་དང་གྲོལ་བ་ལ་སོགས་པའི་མིང་། ༡༢༥.སྤངས་པ་དང་དོར་བ་ལ་སོགས་པའི་མིང་། ༡༢༦.སྟོད་པ་དང་སྨད་པ་དང་གྲགས་པའི་རྣམ་གྲངས་ཀྱི་མིང་། ༡༢༧.མཐུན་པ་དང་མི་མཐུན་པ་ལ་སོགས་པའི་མིང་། ༡༡༨.ཆེ་ཆུང་དང་མཐོ་དམན་ལ་སོགས་པའི་མིང་། ༡༢༩.བཤེས་པའི་རིམ་པ་དང་ཕས་ཀྱི་རྒོལ་བ་ལ་སོགས་པའི་མིང་། ༡༣༠.དགེ་བ་དང་ཤིས་པའི་མིང་། ༡༣༡.ཆོས་སྨྲ་བ་དང་ཉན་པ་དང་སྒྲ་སྐད་ཀྱི་མིང་། ༡༣༢.སྒྱུ་མ་ལ་སོགས་པའི་དཔེའི་མིང་། ༡༣༣.གཏོང་བ་དང་མཆོད་སྦྱིན་བྱེད་པ་ལ་སོགས་པའི་མིང་། ༡༣༤.ཕན་པ་དང་ཕན་པའི་རྣམ་པའི་མིང་། ༡༣༥.བློ་དང་བྱེ་བྲག་ཕྱེད་པའི་རྣམ་པའི་མིང་། ༡༣༦.མཁས་པའི་རྣམ་པའི་མིང་། ༡༣༧.ཟབ་པའི་རྣམ་གྲངས་ཀྱི་མིང་། ༡༣༨.དགའ་བའི་རྣམ་གྲངས་ཀྱི་མིང་། ༡༣༩.ཁྲོ་ཞིང་གཏུམ་པའི་མིང་། ༡༤༠.གང་ཟག་བཞིའི་མིང་། ༡༤༡.ཚེ་འདི་དང་ཕྱི་མ་དང་འཆི་འཕོ་བའི་རྣམ་པའི་མིང་། ༡༤༢.དབེན་པའི་རྣམ་པའི་མིང་། ༡༤༣.གནས་བཞིའི་མིང་། ༡༤༤.ས་གཡོས་པའི་རྣམ་པའི་མིང་། ༡༤༥.འོད་ཀྱི་མིང་། ༡༤༦.སྟོང་ཆེ་ཆུང་ལ་སོགས་པའི་མིང་། ༡༤༧.གླིང་བཞིའི་མིང་། ༡༤༨.ཁམས་གསུམ་དང་རིམ་པའི་མིང་། ༡༤༩.འདོད་པའི་ཁམས་ཀྱི་ལྷའི་མིང་། ༡༥༠.བསམ་གཏན་དང་པོའི་སའི་མིང་། ༡༥༡.བསམ་གཏན་གཉིས་པའི་སའི་མིང་། ༡༥༢.བསམ་གཏན་གསུམ་པའི་སའི་མིང་། ༡༥༣.བསམ་གཏན་བཞི་པའི་སའི་མིང་། ༡༥༤.གནས་གཙང་མའི་སའི་མིང་། ༡༥༥.གཟུགས་མེད་པའི་སའི་མིང་། ༡༥༦.འཇིག་རྟེན་པའི་ལྷའི་མིང་། ༡༥༧.གཟའ་དགུའི་མིང་། ༡༥༨.རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་མིང་། ༡༥༩.ལྷ་དང་ཀླུ་ལ་སོགས་པའི་མིང་། ༡༦༠.ཀླུའི་རྒྱལ་པོའི་མིང་། ༡༦༡.ཀླུ་ཕལ་བའི་མིང་། ༡༦༢.གནོད་སྦྱིན་གྱི་དབང་པོའི་མིང་། ༡༦༣.དྲི་ཟའི་དབང་པོའི་མིང་། ༡༦༤.ལྷ་མ་ཡིན་གྱི་དབང་པོའི་མིང་། ༡༦༥.ནམ་མཁའ་ལྡིང་གི་དབང་པོའི་མིང་། ༡༦༦.མིའམ་ཅིའི་དབང་པོའི་མིང་། ༡༦༧.ལྟོ་འཕྱེ་ཆེན་པོའི་དབང་པོའི་མིང་། ༡༦༨.གྲུལ་བུམ་གྱི་དབང་པོའི་མིང་། ༡༦༩.དྲང་སྲོང་ཆེན་པོའི་མིང་། ༡༧༠.སྔོན་གྱི་མཁན་པོའི་མིང་། ༡༧༡.ཡ་མཚན་ཅན་གྱི་མིང་། ༡༧༢.མུ་སྟེགས་ཅན་གྱི་སྟོན་པ་དྲུག་གི་མིང་། ༡༧༣.འཁོར་ལོའི་སྒྱུར་པའི་རྒྱལ་པོའི་རྒྱུད་ཀྱི་མིང་། ༡༧༤.འཁོར་ལོའི་སྒྱུར་པའི་རྒྱལ་པོའི་ཡོན་ཏན་དང་རིན་པོ་ཆེ་སྣ་བདུན་ལ་སོགས་པའི་མིང་། ༡༧༥.བུ་སྟོང་དུ་ཚང་བར་འགྱུར་བའི་མིང་། ༡༧༦.དཔུང་ཚོགས་ཡན་ལག་བཞིའི་མིང་། ༡༧༧.རྒྱལ་པོ་ཕལ་བའི་མིང་། ༡༧༨.སྐྱ་སེང་གི་བུ་ལ་སོགས་པའི་མིང་གི་མཐུན། ༡༧༩.མིའི་རིམ་པ་དང་ལུས་ཀྱི་ཡན་ལག་དང་ཡུལ་འཁོར་ལ་སོགས་པའི་མིང་ལས་མིའི་རིམ་པའི་མིང་། ༡༨༠.མིའི་རིགས་སྣ་ཚོགས་ཀྱི་མིང་། ༡༨༡.ཕ་མ་ལ་སོགས་པའི་གཉེན་བཤེས་ཀྱི་མིང་། ༡༨༢.ལུས་དང་ལུས་ཀྱི་ཡན་ལག་ལ་སོགས་པའི་མིང་། ༡༨༣.ལུས་སུ་འགྱུར་བའི་རིམ་པ། ༡༨༤.ན་ཚོད་ཀྱི་རིམ་པའི་མིང་། ༡༨༥.རྒས་པ་དང་ན་བའི་རིམ་པའི་མིང་། ༡༨༦.ཡུལ་གྱི་མིང་། ༡༨༧.རིའི་མིང་། ༡༨༨.རྒྱ་མཚོའི་མིང་གི་རྣམ་གྲངས་དང་ཆུ་དང་གླིང་ལ་སོགས་པའི་མིང་། ༡༨༩.ཤིང་གི་མིང་། ༡༩༠.སྔགས་ཀྱི་རྒྱུད་དུ་འབྱུང་བའི་མིང་། ༡༩༡.ལྟས་དང་མཚན་མ་གཟུང་བའི་མིང་། ༡༩༢.ཚད་མ་དང་རྟོག་གེ་པའི་གཞུང་ལས་འབྱུང་བའི་མིང་། ༡༩༣.མུ་སྟེགས་རིགས་པ་ཅན་གྱི་གཞུང་ལས་འབྱུང་བ། ༡༩༤.གྲངས་ཅན་གྱི་གཞུང་ལས་འབྱུང་བ། ༡༩༥.དཔྱོད་པ་ཅན་གྱི་གཞུང་ལས་འབྱུང་བ། ༡༩༦.བྱེ་བྲག་པའི་ཚིག་དོན་དྲུག་ལ་སོགས་པའི་མིང་། ༡༩༧.ལྟ་བ་སྣ་ཚོགས་པའི་མིང་། ༡༩༨.ལུང་དུ་མ་བསྟན་པའི་ཆོས་བཅུ་བཞིའི་མིང་། ༡༩༩.མུ་སྟེགས་ཅན་གྱི་བདག་ཏུ་བརྗོད་པའི་མིང་། ༢༠༠.འཇིག་ཚོགས་ལ་ལྟ་བ་ཉི་ཤུའི་མིང་། ༢༠༡.བྱཱ་ཀ་ར་ཎའི་སྐད་ཀྱི་མིང་། ༢༠༢.རྣམ་པར་དབྱེ་བའི་ཚིག་བདུན་གྱི་མིང་། ༢༠༣.ངན་འགྲོའི་མིང་། ༢༠༤.ཡི་དྭགས་སུ་གཏོགས་པའི་མིང་། ༢༠༥.དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་མིང་། ༢༠༦.ཚ་བའི་སེམས་ཅན་དམྱལ་བའི་མིང་། ༢༠༧.གྲང་བའི་སེམས་ཅན་དམྱལ་བའི་མིང་། ༢༠༨.རིག་པའི་གནས་བཅོ་བརྒྱད་ཀྱི་མིང་། ༢༠༩.བཟོའི་གནས་དང་སྒྱུ་རྩལ་ལ་སོགས་པའི་མིང་། ༢༡༠.རོལ་མོའི་ཆ་བྱད་ཀྱི་མིང་། ༢༡༡.གླུ་དབྱངས་ཀྱི་མིང་། ༢༡༢.གར་ཐབས་ཀྱི་རྣམ་གྲངས་ཀྱི་མིང་། ༢༡༣.བྲམ་ཟེ་གཙུག་ལག་དང་ལས་ཀྱི་མིང་། ༢༡༤.བྲམ་ཟེའི་ལས་རྣམ་པ་དྲུག་གི་མིང་། ༢༡༥.སྐད་གོ་མཐུན་གྱི་མིང་། ༢༡༦.མཐོ་རིས་དང་འདོད་པ་ལ་སོགས་པའི་མིང་། ༢༡༧.སྐབས་སྐབས་ནས་ཚིག་གི་ཕྲད་དུ་འབྱུང་བའི་མིང་། ༢༡༨.མཁར་དང་གནས་ལ་སོགས་པའི་མིང་། ༢༡༩.ཤིང་རྟ་ལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་དུ་མའི་མིང་། ༢༢༠.འབྲུ་སྣ་ཚོགས་ཀྱི་མིང་། ༢༢༡.དུས་སྟོན་གྱི་མིང་། ༢༢༢.ཞོ་མར་དང་ཟས་སྐོམ་གྱི་མིང་། ༢༢༣.འཚོ་ཆས་དང་སྨན་གྱི་མིང་།༢༢༤.གོས་ཀྱི་མིང་། ༢༢༥.འཚོག་ཆས་དང་ཡོ་བྱད་ཀྱི་མིང་། ༢༢༦.ཚོན་གྱི་མིང་། ༢༢༧.རིན་པོ་ཆེ་དང་ནོར་བུ་དང་གསེར་དངུལ་ལ་སོགས་པའི་མིང་། ༢༢༨.དུང་ལ་སོགས་པའི་མིང་། ༢༢༩.རྒྱན་གྱི་རྣམ་པའི་མིང་། ༢༣༠.གོ་མཚོན་གྱི་མིང་། ༢༣༡.མཆོད་པའི་ཡོ་བྱད་ཀྱི་མིང་། ༢༣༢.མེ་ཏོག་སྣ་ཚོགས་ཀྱི་མིང་། ༢༣༣.མེ་ཏོག་གི་རྩ་བ་ལ་སོགས་པའི་མིང་། ༢༣༤མེ་ཏོག་གི་ཡོན་ཏན་གྱི་མིང་། ༢༣༥.སྤོས་ཀྱི་རྣམ་པའི་མིང་། ༢༣༦.སྐད་གོ་བདུན་གྱི་མིང་། ༢༣༧.སྐད་གོ་བདུན། ༢༣༨.གྲངས་དང་བསྒྲེ་བ་དང་དུས་དང་ཕྱོགས་ཀྱི་མིང་ལས་ཕལ་ཆེར་གྱི་གྲངས་ཀྱི་ལེའུ་ལས་འབྱུང་བའི་གྲངས་ཀྱི་མིང་། ༢༣༩.སྡོང་པོ་བཀོད་པ་ལས་བྱུང་བའི་གྲངས་ཀྱི་མིང་། ༢༤༠.རྒྱ་ཆེན་རོལ་པ་ལས་བྱུང་བའི་གྲངས་དང་རྩིས་ཀྱི་མིང་། ༢༤༡.ཆོས་མངོན་པ་ལས་བྱུང་བའི་གྲངས་ཀྱི་མིང་། ༢༤༢.འཇིག་རྟེན་གྱི་གྲངས་ཀྱི་མིང་། ༢༤༣.རྡུལ་ཕྲ་མོ་ལས་བསྡུར་ཏེ་དཔག་ཚད་ལ་སོགས་པ་བསྒྲེ་བའི་མིང་། ༢༤༤.སྟོབས་བཅུར་བསྒྱུར་ཏེ་བསྒྲེ་བའི་མིང་། ༢༤༥.དུས་ ཀྱི་མིང་། ༢༤༦.ཕྱོགས་དང་མཚམས་ཀྱི་མིང་། ༢༤༧.ཕན་ཡོན་བཅུའི་མིང་། ༢༤༨.ལྟུང་བྱེད་སྡེ་ལྔ་དང་མ་ངེས་པའི་མིང་། ༢༤༩.ཕས་ཕམ་པ་བཞིའི་མིང་། ༢༥༠.དགེ་འདུན་ལྷག་མ་བཅུ་གསུམ་དང་མ་ངེས་པ། ༢༥༡.སྤང་བའི་ལྟུང་བྱེད་སུམ་ཅུའི་མིང་། ༢༥༢.ལྟུང་བྱེད་དགུ་བཅུའི་མིང་། ༢༥༣.སོ་སོར་བཤགས་པའི་ཆོས་བཞིའི་མིང་། ༢༥༤.བསླབ་པའི་ཆོས་མང་པོའི་མིང་། ༢༥༥.རྩོད་པ་ཞི་བར་བྱེད་པའི་ཆོས་བདུན། ༢༥༦.ཆད་པས་བཅད་ཅིང་གསོ་བ་ལ་སོགས་པའི་མིང་། ༢༥༧.གསོལ་བ་དང་ལས་ལ་སོགས་པའི་མིང་། ༢༥༨.སྐྱབས་གསུམ་འགྲོ་བའི་མིང་། ༢༥༩.བསླབ་པའི་གཞི་བརྒྱད་ལ་སོགས་པའི་མིང་། ༢༦༠.དགེ་སྦྱོང་དུ་བྱེད་པའི་ཆོས་བཞིའི་མིང་། ༢༦༡.རབ་ཏུ་བྱུང་བ་ལ་སོགས་པའི་མིང་། ༢༦༢.རབ་ཏུ་བྱུང་བའི་གཞི་ལ། ༢༦༣.ཡོ་བྱད་བཅུ་གསུམ་གྱི་མིང་། ༢༦༤.དགེ་སློང་གི་ཡོ་བྱད་ཀྱི་མིང་། ༢༦༥.གང་ཟག་བཅུ་གཉིས་ཀྱི་མིང་། ༢༦༦.སྡེ་བཞིའི་རྣམ་པ་བཅོ་བརྒྱད་དུ་གྱེས་པའི་མིང་། ༢༦༧.གཞི་བཅུ་བདུན་གྱི་མིང་། ༢༦༨.ཆུ་རུང་བ་རྣམ་པ་ལྔའི་མིང་། ༢༦༩.དགེ་སྦྱོང་གི་སྐྱོན་དུ་བརྩི་བའི་མིང་། ༢༧༠.གཙུག་ལག་ཁང་ལ་སོགས་པའི་མིང་། ༢༧༡.གོས་ཀྱི་གཞིའི་མིང་། ༢༧༢.འདུལ་བ་ལས་བཏུས་པའི་སྐད་ཐོར་བུའི་མིང་། ༢༧༣.སྐད་གོ་བདུན་ལ། ༢༧༤.དྲུག་སྡེའི་མིང་། ༢༧༥.མ་མ་བཞིའི་མིང་། ༢༧༦.ནད་ཀྱི་མིང་སོགས་སྡེ་ཚན༢༧༦ཡོད།

གསུམ། སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོའི་མིང་བརྡའི་ངོ་བོ།

བོད་བཙན་པོའི་དུས་སྐབས་ནས་དར་ཞིང་འཕེལ་བའི་ནང་པའི་ཆོས་གཞུང་གི་ནང་དོན་དག་མཚན་ཉིད་རིག་པ་དང་ལོ་རྒྱུས། སྐད་བརྡ། སྒྱུ་རྩལ། སྐར་རྩིས། གསོ་རིག གནམ་དཔྱད་སོགས་རིག་པའི་གནས་མང་པོའི་ཁྱབ་ཁོངས་ལ་གཏུགས་ཡོད་པར་མ་ཟད། གནའ་བོའི་རྒྱ་གར་མི་རིགས་ཀྱི་རིག་གནས་སོ་སོའི་ཉིང་བཅུད་བསྡུ་ལེན་བྱས་ཡོད་པ་ལས། བོད་ཡུལ་དུ་ནང་ཆོས་བརྒྱུད་སྒྲོག་བྱེད་པའི་ལག་ཆ་དེ་བྱེ་བྲག་རྟོག་བྱེད་ཆེན་མོའི་ཚིག་མཛོད་འདི་ལས་འཕྲོས་པའི་བརྡ་ཆད་དག་ཀྱང་སྐད་གཉིས་ཤན་སྦྱར་བཟོ་དུས་ན་བོད་མི་རིགས་རང་གི་ཁྱད་ཆོས་དམིགས་སུ་བཟུང་ནས་རྩོམ་སྒྲིག་བྱས་ཡོད་མོད། མིང་ཚིག་ཀུན་གྱི་གཞི་འཛིན་ས་དང་ཁུངས་གཏུགས་ཡུལ་ནི་སྔར་བཞིན་དུ་ལེགས་སྦྱར་སྐད་ཡིན་ཞིང་། ནང་ཆོས་སུ་འདུས་པའི་ནང་དོན་ཡོད་དོ་ཅོག་གི་བརྡ་ཆད་རྣམས་ཚིག་མཛོད་འདིར་འདུས་ཡོད་པས། ནང་པའི་བསྟན་པ་ཇི་ལྟར་རྒྱས་ན། ཚིག་མཛོད་དུ་བྱུང་བའི་བརྡ་ཆད་དག་གི་ནང་དོན་ཡང་དེ་བཞིན་དུ་གྲ་རྒྱས་ཕུན་སུམ་ཚོགས་པར་སྣང་། ཚིག་མཛོད་ཡོངས་ཀྱི་ནང་དོན་ལ་གཞིགས་ན། ནང་དོན་རིག་པའི་ཐ་སྙད་ཀྱིས་གསུམ་ཆའི་གཉིས་ཙམ་ཟིན་ཡོད་པ་དང་། དུས་སྐབས་དེར་ནང་ཆོས་བོད་ཡུལ་དུ་ཆེས་ཆེར་དར་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པར་མ་ཟད། ལོ་ཙཱ་དང་ཉེ་བར་འབྲེལ་ཞིང་སྲེག་བཅད་བརྡར་བའི་ཞུན་མའི་རང་མདངས་མ་ཡལ་བའི་ཐ་སྙད་རིག་པའི་སྔོན་མེད་ཀྱི་སྤྱི་སྡོམ་ཞིག་ཏུ་ངོས་བཟུང་ཆོག་ལ། ནང་ཆོས་དར་རྒྱས་དང་ནང་རིག་པའི་ལོ་ཙཱའི་ཁོར་ཡུག་འོག་རིག་པའི་གནས་སྤྱིའི་འཕེལ་རྒྱས་ལ་མདུན་ལྗོངས་ཡངས་པོ་བསྩལ་ཡོད་པ་དང་། བོད་ཡུལ་དུ་བཅུ་ཕྲག་རིག་གནས་མངོན་པར་དར་བར་རྨང་བརྟན་པོ་བཏིང་ཡོད། ངོ་བོའི་ཐད་ནས་བལྟས་ན། ཚིག་མཛོད་འདི་ཉིད་བྱུང་བའི་དུས་སྐབས་དེ་དང་། དེའི་ཕྱིས་ཀྱི་ལོ་ཙཱ་བ་མང་པོས་དེ་ནི་ལོ་ཙཱའི་ལག་ལེན་ལ་ཉེ་བར་མཁོ་བའི་ལག་ཆ་གལ་ཆེན་དུ་བཟུང་ནས། རིག་གནས་ལོ་རྒྱུས་འཕེལ་བའི་དུས་རིམ་སོ་སོའི་ནང་རྩ་དོན་མ་བོར་མ་དོར་བར་རྒྱུན་བསྐྱངས་ཡོད་མོད། གཞན་ཚིག་མཛོད་ཀྱི་སྒྲིག་རིམ་ལ་བལྟས་ན། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དང་སྐུའི་ཆེ་བ་ཉིད་དང་། ཡོན་ཏན་སོགས་མཚོན་པའི་ཐ་སྙད་ཚིག་མཛོད་ཀྱི་དབུར་བཞག་སྟེ། སངས་རྒྱས་ཆོས་ལུགས་དར་སྤེལ་གྱི་དགོས་མཁོར་དམིགས་ཤིང་། དེའི་ལོ་ཙཱའང་མ་གཞི་ནས་ཆོས་ལུགས་དྲིལ་སྒྲོག་དང་དར་སྤེལ་ལ་ཞབས་འདེགས་སྒྲུབ་བྱེད་ཀྱི་སྤྱི་ཚོགས་ལས་སྒོ་གཙོ་བོ་ཞིག་ཡིན་པས། ཚིག་མཛོད་འདི་ཉིད་ནི་ཆོས་ལུགས་དར་སྤེལ་དུ་གཏོང་བའི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་ཐོན་དངོས་ཤིག་ཡིན་ཞིང་། ལས་དང་པོ་འཇུག་དུས་སངས་རྒྱས་ཀྱི་མཚན་དང་ཡོན་ཏན་བརྗོད་པའི་ཐ་སྙད་མང་པོ་སྔ་ཕྱིར་འབྱུང་དོན་ཡང་། ཚིག་མཛོད་འདི་ཉིད་བསྒྲིགས་པའི་སྤྱི་ཚོགས་རིག་གནས་སྤྱིའི་ཁོར་ཡུག་ལ་འབྲེལ་བ་གལ་ཆེན་ཡོད་པས་རེད།

བཞི། སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོའི་མིང་བརྡའི་ཁྱད་ཆོས།

བཙན་པོའི་སྲིད་དབང་ཚུགས་རྗེས། རང་སྟེང་ནས་ཐོན་སྐྱེད་འབྲེལ་བ་དེ་ཐོན་སྐྱེད་ནུས་ཤུགས་ཀྱི་དགོས་མཁོ་དང་འཚམ་ཕྱིར། ཁྲོམ་ར་རྒྱ་བསྐྱེད་པ་དང་། མངའ་ཁོངས་རྒྱ་བསྐྱེད་པ། རིག་གནས་རྒྱ་བསྐྱེད་པ། བསམ་བློ་རྒྱ་བསྐྱེད་པ། མདོར་ན་ཕྱི་ནང་གི་དཔལ་ཡོན་གང་ཞིག་གི་ཁྱབ་ཁོངས་དེ་ཕན་ཚུན་དོ་མཉམ་པའི་ལས་སུ་གཞོལ་ཅི་ཐུབ་བྱས་ཡོད་པ་དང་། གཞན་ཡུལ་ནས་དུས་སྐབས་དེར་མཚོན་ན་ཤར་རྒྱ་ནག་དང་ལྷོ་རྒྱ་གར། ནུབ་ཁ་ཆེ། བྱང་ལི་ཡུལ་སོགས་མཐའ་བཞིའི་རྒྱལ་ཁམས་ཡོད་ཚད་མིའི་རིགས་ལོ་རྒྱུས་ཀྱི་འཕེལ་རིམ་གསུམ་པ་སྟེ། བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་བརྒལ་ཡོད་པར་མ་ཟད། འགའ་ཤས་དེ་ལས་ཀྱང་དར་རྒྱས་ཀྱི་ཡང་རྩེར་སོན་པའི་དབང་གིས་གུ་ཡངས་པའི་ཆབ་སྲིད་ཀྱི་སྲིད་ཇུས་ལས་མངོན་པའི་རིག་གནས་ཀྱི་བརྗེ་རེས་དང་། ཕན་ཚུན་འགྲོ་འོང་གི་ལས་ཡོངས་སུ་དར་བ་སོགས་ཕྱིའི་ཁོར་ཡུག་དང་ནང་གི་དགོས་མཁོ་གཉིས་འཛོམས་ཀྱི་ཆ་རྐྱེན་འོག ཕྱི་ནས་འོང་བའི་གྲ་རྒྱས་ཕུན་སུམ་ཚོགས་པའི་རིག་གནས་དེ་དག་ཆུ་བོའི་རྒྱུན་བཞིན་མ་ཆད་པར་བོད་ཡུལ་བསྙེགས་ནས་ཐོན་པ་རེད། ཁྱད་པར་དུ་རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྤྱོད་དང་ཐང་རྒྱལ་རབས་ཀྱི་གསོ་བ་རིག་པ། གནམ་དཔྱད་སྐར་རྩིས་རིག་པ་སོགས་ནི་གཅིག་གྱུར་བྱས་མ་ཐག་པའི་བཙན་པོའི་རྒྱལ་ཁབ་ཀྱིས་ཆབ་སྲིད་འཛིན་པ་དང་། ཆབ་འབངས་སྐྱོང་བའི་ཐད་ནས་དགོས་པ་ཆེས་ཆེར་ཡོད་པས། དབང་སྒྱུར་གྲལ་རིམ་ནས་མཐོང་ཆེན་བླ་ལྷག་ཏུ་བྱས་པ་དང་། བློ་ཁོག་ཡངས་མོས་འབྲེལ་ཡོད་མི་སྣ་མངགས་གཏོང་བྱས་ཏེ་རིག་གནས་དེ་དག་ནང་འདྲེན་བྱེད་ཅི་ཐུབ་ཀྱི་ལས་སུ་བགྱིས། ཡིན་ཡང་ལས་དེ་བགྱི་བར་ཡིག་སྒྱུར་དང་ལོ་ཙཱ་ནི་ལས་དང་པོ་ཡིན་པས། ཆུ་ཆེན་གྱི་གཞུང་བརྒལ་བར་འབྲེལ་ཟམ་དགོས་པ་ལྟ་བུའི་ནུས་པ་ཐོན་ཡོད། དེ་ལྟ་ན་བྱེ་བྲག་རྟོག་བྱེད་ཆེན་མོ་ལས་བྱུང་བའི་མིང་བརྡ་དག་ནི། སྐབས་དེའི་རིག་གནས་བརྗེ་རེས་དང་རིག་གནས་མཉམ་འདྲེས་ལས་ཐོན་པའི་འབྲས་བུ་ཡིན་ཞིང་། མིང་བརྡ་དེ་ནི་བོད་མི་རང་གི་སྐད་ཀྱི་ཁྱད་ཆོས་གཞིར་བཟུང་ནས་བསྒྲིགས་པས་བོད་མི་རང་གི་རིག་གནས་ཀྱི་ཉིང་བཅུད་དང་། དུས་རབས་ཤིག་གི་ལོ་ཙཱ་འབྲེལ་ཐག་བྱས་ཏེ་རིག་གནས་བསྒྱུར་སྤེལ་གྱི་གྲུབ་འབྲས་སུ་གྱུར་ཡོད་པ་ཞིག་ཡིན་རུང། མིང་བརྡ་དེ་དག་ཡོངས་སུ་གྲུབ་པར་གཙོ་བོར་བཙན་པོ་གཉིས་ཀྱི་ཡིག་སྒྱུར་ལག་ལེན་དང་བཅས་པའི་སྤྱི་ཚོགས་ཀྱི་བྱ་འགུལ་ལ་རག་ལས་ཡོད་དེ། གཅིག་ནི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་སློབ་དཔོན་ཐོན་མིར་བཀའ་བསྩལ་ཏེ་བོད་ཡིག་གཅིག་གྱུར་བཟོ་རུ་བཅུག་པ་དང་། དེ་ནས་ཆོས་གཞུང་བསྟན་བཅོས་བསྒྱུར་བའི་ལས་འགུལ་གྱི་ཡོ་ལང་ཐོག་མར་བསླངས་ཏེ། བཙན་པོ་སྐུ་དངོས་ཀྱི་མཛུབ་སྟོན་འོག་སྤྱི་ལོ་དུས་རབས་ལྔ་པའི་ནང་བཙན་པོ་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་སྐབས་སུ། ལོ་ཙཱ་བ་ལི་ཐུ་སུ་དང་བློ་སེམས་འཚོ་གཉིས་ནས་བོད་དུ་ཁྱེར་ཡོང་བའི་བསྟན་བཅོས་དག་ལོ་ཙཱ་དང་ཀློག་འདོན་མཛད་པ་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ལོ་ཙཱ་བ་ཐོན་མི་སམྦྷོ་ཊ་དང་། དེའི་མཆན་བུ་དྷརྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོན་མ། དཀོན་མཆོག་སྤྲིན་སོགས་མདོ་རྒྱུད་ཀྱི་བསྟན་བཅོས་ཉི་ཤུ་རྩ་གཅིག་བསྒྱུར་ཅིང་ཤེར་ཕྱིན་སྟོང་བརྒྱ་པ་ཡང་བསྒྱུར་པར་གྲགས། ཞེས་པ་ལས་མཚོན་པ་དང་། རྒྱ་ནག་ལ་སློབ་སྦྱོང་དུ་མངགས་པའི་སློབ་བུ་རྣམས་ཀྱིས་ཀྱང་རྒྱའི་རིག་གནས་ལ་སློབ་སྦྱོང་བྱས་པའི་ཞོར་ནས། འོད་གསལ་སྒྲོན་མེ་དང་སྤར་ཁ་སོགས་རྩིས་གཞུང་དང་གཟའ་སྐར་བརྟག་ཆས་ཀྱི་བསྟན་བཅོས་མང་དུ་བསྒྱུར། འབྲེལ་ཡོད་ལོ་རྒྱུས་སུ་འཁོད་པ་ལྟར་ན། ཏ་ཟིག བལ་པོ། ལི་ཡུལ་སོགས་ནས་བཟོ་དང་སྨན་རྩིས་སོགས་རིག་གནས་ཀྱི་ཤེས་བྱ་བཟང་པོ་རྣམས་རིམ་བཞིན་བརྗེ་ལེན་དང་དར་སྤེལ་བཏང་ཡོད་དེ། ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ཤར་ཕྱོགས་རྒྱ་དང་མི་ཉག་ནས། ། བཟོ་དང་རྩིས་ཀྱི་དཔེ་རྣམས་བླངས། ། ལྷོ་ཕྱོགས་དཀར་པོའི་རྒྱ་གར་ནས། ། དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར། ། ནུབ་ཕྱོགས་སོག་པོ་བལ་པོ་ནས། ། ཟས་ནོར་ལོངས་སྤྱོད་གཏེར་ཁ་ཕྱེ། ། བྱང་ཕྱོགས་ཧོར་དང་ཡུ་གུར་ནས། ། ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས། ། དེ་ལྟར་ཕྱོགས་བཞིར་དབང་བསྒྱུར་ནས། ། མཐའ་ཡི་ལོངས་སྤྱོད་དབང་དུ་སྡུད། ། ཅེས་འཁོད་པ་དེའི་ཐོག་ནས། བཙན་པོ་སྲོང་བཙན་སྒམ་པོས་སྐབས་དེ་དུས་ཀྱི་ཡུལ་གང་ཞིག་དང་། མི་རིགས་གཞན་གང་ཞིག་ལ་མ་ལྟོས་པར། ཆབ་སྲིད་ཀྱི་གཙུག་ལག་དང་། དཔལ་འབྱོར་གྱི་ཐབས་ལམ། རིག་གནས་ཀྱི་གཞུང་ལུགས། བཟོ་རིག་གི་ལག་རྩལ། དམངས་སྲོལ་དང་ཀུན་སྤྱོད། ཐོན་སྐྱེད་ཀྱི་ལས་རིགས་ལ་སོགས་པ་འཇིག་རྟེན་གྱི་བྱ་བཞག་གང་དང་གང་གི་ཐད་ནས་སྔོན་ཐོན་དང་། བོད་ལ་ཕན་པའི་དགེ་མཚན་རིགས་ཤིག་ཡིན་ཕྱིན། ཕྱོགས་རིས་མེད་པར་ལེགས་ཆ་མཐའ་དག་སྡུད་ལེན་དང་། སློབ་སྦྱོང་བྱས་ཏེ་བོད་མི་རིགས་རང་ཉིད་སྟོབས་འབྱོར་དང་། དཔལ་ཡོན་ཕུན་སུམ་ཚོགས་པའི་སྔོན་ཐོན་གྱི་མི་རིགས་ཤིག་ཏུ་ཆགས་པར་འབད་བརྩོན་བྱས་ཡོད། གཉིས་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལའང་། སྔ་སྲོལ་ལས་འགོངས་པའི་ཕྱོགས་བཞིའི་རྒྱལ་ཁམས་སྟག་གཟིག་དང་ཞང་ཞུང་། རྒྱ་གར་དང་རྒྱ་ནག ལི་ཡུལ་དང་ཁ་ཆེ་སོགས་རྒྱལ་ཁབ་མང་པོར་ཆོས་དང་རིག་གནས་ཀྱི་འབྲེལ་བ་བཙུགས་ཏེ། རྒྱ་གར་སཾསྐྲྀ་ཏའི་སྐད་གཙོར་བྱས་པའི་མི་རིགས་འདྲ་མིན་གྱི་སྐད་སྣ་ཚོགས་ལས་སངས་རྒྱས་ཀྱི་གསུང་དང་། དེའི་དགོངས་འགྲེལ་དང་བཅས་པའི་མདོ་རྒྱུད་བསྟན་བཅོས་དཔག་ཏུ་མེད་པ་བསྒྱུར་པ་དང་བཤད་པ། གཏན་ལ་ཕབ་ནས་ཐུགས་དམ་དུ་བཞེངས་པ་དང་དཀར་ཆག་ཏུ་བཀོད་པ་སོགས་བྱས་ནས། རིག་པའི་གནས་སྤྱིའི་བྱ་བཞག་གོང་དུ་འཕེལ་བར་མཐོང་ཆེན་དང་ཞལ་གྱིས་བཞེས་ཡོད་དེ། བཀའ་ཐང་སྡེ་ལྔ་ལས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ། །ལོ་ཙཱ་པ་གོར་བཻ་རོ་ཙ་ན་བྱོན། ། རྒྱ་གར་ཐེག་ཆེན་དམ་ཆོས་བོད་དུ་བསྒྱུར། ། ཟ་ཧོར་ཡུལ་ན་མཁས་པར་གྲགས་པ་ཡི། ། བོ་དྷི་སཏྭ་བོད་དུ་གདན་དྲངས་ནས། ། ལོ་ཙཱ་མཁས་པ་སྐ་བ་དཔལ་བརྩེགས་ཀྱིས། ། མཁན་པོ་བོ་དྷིི་ས་ཏྭའི་གསུང་བགྲོས་བསྒྱུར། ། རྒྱ་ནག་ཡུལ་ན་མཁས་པར་གྲགས་པ་ཡི། ། ཧྭ་ཤང་མ་ཧཱ་ཡ་ན་གདན་དྲངས་ནས། ། རྒྱ་ནག་སྨན་དང་འབྱུང་བའི་རྩིས་ལ་སོགས། ། ལོ་ཙཱ་སྣ་ནམ་ས་ལ་བཙུན་གྱིས་བསྒྱུར། ། ཨུ་རྒྱན་ཡུལ་དུ་མཁས་པར་གྲགས་པ་ཡི། ། པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས། ། གསང་སྔགས་ཟབ་མོ་བདེ་གཤེགས་འདུས་པའི་ཆོས། ། མན་ངག་ཟབ་མོ་དཔག་མེད་གསུངས་པ་རྣམས། ། ལོ་ཙཱ་ཆེན་པོ་བཻ་རོ་ཙ་ན་དང་། ། ལོ་ཙཱ་ཆེན་པོ་ལྡན་མ་རྩེ་མང་གིས། ། སྒྲ་སྒྱུར་རྒྱ་གར་གླིང་དུ་བསྒྱུར་ཅིང་བཀོད། ། རྒྱ་གར་ཡུལ་ན་ཆེ་ཞིང་མཁས་པ་ཡི། ། པཎ་ཆེན་བི་མཱ་མི་ཏྲ་གདན་དྲངས་ནས། ། ལོ་ཙཱ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དང་། ། སྐད་སྣ་བདུན་ལ་མཁས་པར་སྦྱངས་པ་ནི། །གནུབས་ཀྱི་ལོ་ཙཱ་སངས་རྒྱས་ཡེ་ཤེས་ཀྱིས། ། རྒྱ་གར་མཁས་པའི་དམ་ཆོས་བོད་དུ་བསྒྱུར། ། ཞེས་པ་དང་། ཆོས་འབྱུང་མཁས་པའི་དགོངས་རྒྱན་དུ། བཙན་པོས་སློབ་དཔོན་དང་ལོ་པཎ་མང་པོ་གདན་དྲངས་ཏེ་ཞུ་རྒྱུར། བདག་ནི་ཆོས་སྐྱོང་བའི་རྒྱལ་པོ་ལགས། ། རྒྱ་གར་ཡུལ་ན་བཞུགས་པའི་དམ་པའི་ཆོས། ། བཀའ་དང་བསྟན་བཅོས་རྒྱུད་ལུང་མན་ངག་རྣམས། ། གཅིག་ཀྱང་མ་འདུས་པ་བོད་དུ་བསྒྱུར། ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། ། དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། ། དམ་པའི་ཆོས་ཀྱི་དུང་ཆེན་འབུད་དུ་གསོལ། ། དམ་པའི་ཆོས་ཀྱི་ཆར་ཆེན་དབབ་ཏུ་གསོལ། ། དམ་པའི་ཆོས་ཀྱི་གཎྜི་བརྡུང་དུ་གསོལ། ། ཞེས་ཡང་ཡང་གསོལ་བ་དང་། བཙན་པོའི་བཀའ་བཞིན་དུ་ལོ་པཎ་རྣམས་ཨརྱ་པ་ལོའི་གླིང་དུ་སྤྱན་དྲངས། ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ། ཁྲུས་ཁང་གླིང་དུ་ཁྲུས་བྱས་ནས། ། བྱང་ཆུབ་གླིང་དུ་སེམས་བསྐྱེད་དེ། ། བྱམས་པའི་གླིང་དུ་ལུང་ཡང་བསྟན། ། བསམ་གཏན་གླིང་དུ་སྒོམ་གྲྭ་བཙུགས། ། སྒྲ་བསྒྱུར་གླིང་དུ་སྒྲ་བསྒྱུར་ནས། ། རྣམ་དག་གླིང་དུ་ཆོས་ཀྱང་བཤད། ། ལོ་ནི་བཅུ་གསུམ་ཆོས་གྲྭ་བཙུགས། ། ཨུ་རྒྱན་སྐད་དང་ཟ་ཧོར་སྐད། ། ཁ་ཆེའི་སྐད་དང་སིང་ཧའི་སྐད། ། རྒྱ་ནག་སྐད་དུ་བསྒྱུར་ནས་བཤད། ། ཅེེས་པ་དག་ལས་ཁ་ཚོན་གཅོད་ཐུབ་པ་ནི། སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོའི་མིང་མཛོད་ལས་བྱུང་བའི་བྱེ་བྲག་གི་མིང་བརྡ་དག་གི་འབྱུང་ཁུངས་དེ། མི་རིགས་མང་པོའི་རིག་གནས་ལ་འབྲེལ་ཡོད་པས་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་པ་དང་། བོད་རང་གི་རིག་གནས་དང་སྒོས་སུ་མིང་མཛོད་གྲུབ་པའི་བརྒྱུད་རིམ་རྙོག་དྲ་ཆེ་ཞིང་བསྐྱར་ཟློས་ཀྱི་ཆ་མང་བ། བཞེད་ཚུལ་མི་མཐུན་པ་མང་བ། བསྒྱུར་སྟངས་མི་འདྲ་བ་མང་བ་སོགས་གནད་དོན་གྱིིས་གཅིག་གྱུར་གྱི་ལོ་ཙཱའི་བྱེད་སྒོ་སྤེལ་བར་བཀག་རྒྱ་ཐེབས་པས། བཙན་པོས་བཀས་བཅད་པའི་དགོས་པ་དེའང་རང་ཤུགས་ནས་ཐོན་པ་རེད། འདིར་གཞིགས་ན་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ཡར་སྔོན་དུ་བླངས་པའི་ལྗིད་ཏིག་ཏིག་གི་ལོ་ཙཱ་ལས་ཐོན་པའི་གྲུབ་འབྲས་དེ་དག་དང་། གྲུབ་འབྲས་དེ་དག་གི་མིང་འདོགས་རིགས་དང་། བརྡ་ཆད་མིང་རྐྱང་སོགས་གཅིག་ཏུ་བསྡུས་པའི་བདག་ཉིད་ཅན་བྱེ་བྲག་རྟོག་བྱེད་ཆེན་མོའི་མིང་མཛོད་དུ་བྱུང་བའི་ཐ་སྙད་རྣམས་ཀྱི་ཁྱབ་ཁོངས་དང་ནང་དོན་དེའང་ནང་བསྟན་ཆོས་གཞུང་ཙམ་མ་ཡིན་པར། འཇིག་རྟེན་གྱི་བྱ་དངོས་མང་པོའི་ཁྱབ་ཁོངས་ལ་འབྲེལ་ཡོད་དེ། སྒྲ་ཚད་གསོ་བཟོ་སོགས་ཐུན་མོང་རིག་གནས་ཐ་སྙད་ཀྱི་གཙོས་པའི་ཁམས་གསུམ་གྱི་དབྱེ་བར་གཏོགས་པའི་འགྲོ་བ་རིགས་དྲུག་དང་། དེ་ཡི་ཕུང་ཁམས་སྐྱེ་མཆེད་སོགས་གནས་དང་གནས་གཞི་བཅས་པའི་ཐ་སྙད་རྣམས་དང་། མདོར་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་འདུས་པའི་འཁོར་འདས་བརྟན་གཡོའི་མིང་ལ་སོགས་པའི་ཐ་སྙད་རྣམས་ཕྱོགས་གཅིག་ཏུ་སྡུད་བསྒྲིགས་བྱས་ཡོད་པ་དང་། རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་མང་པོར་འབྲེལ་ཡོད་པས། བྱེ་བྲག་རྟོག་བྱེད་ཆེན་མོའི་མིང་བརྡ་ཆགས་པར་རྒྱུ་ཆ་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ཡོད་པ་དང་། མིང་བརྡ་དེ་དག་ལས་བོད་ཀྱི་ཐུན་མོང་རིག་གནས་དང་ཐུན་མིན་རིག་གནས་དཀྱུས་གཅིག་ཏུ་འདྲེས་པའི་རིག་གནས་ཀྱི་སེམས་ཁམས་ལ་རྒྱུས་ལོན་བྱེད་བདེ་ལ། རིག་གནས་གཅིག་གྱུར་ཅན་གྱི་ཕྱོགས་སུ་བགྲོད་པར་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཞིང་། བོད་གནའ་རབས་ཀྱི་སྐད་གཉིས་ཤན་སྦྱར་དང་བཅས་པའི་ཚིག་མཛོད་རིག་པ་རང་སྐྱ་འཕེར་བའི་སྒོ་ནས་འཕེལ་བའི་ལམ་ཚད་སྟོན་པའི་རྡོ་རིང་གི་དགེ་མཚན་ཐོན་ཡོད་པར་མ་ཟད། མིང་མཛོད་འདི་ཉིད་ནི་བོད་གནའ་རབས་ཀྱི་ཤེས་བྱ་ཀུན་ཁྱབ་ཀྱི་དཔེ་ཚོམས་ཤིག་གི་ཚུལ་དུ་བཞག་ནའང་སྐྱོན་ཆེན་པོ་མེད་པར་སེམས། སྤྱི་ལོ་དུས་རབས་བརྒྱད་པའི་དུས་མཇུག་ཏུ། ནང་བསྟན་ལོ་ཙཱ་དང་སྐད་བརྡ་གཅིག་གྱུར་ཡོང་བའི་དགོས་མཁོའི་ཆེད་དུ། བོད་ཀྱི་ལོ་པཎ་རྣམས་ཀྱིས་ཆ་ཚང་ཞིང་ལོ་ཙཱའི་ཚད་གཞིར་འོས་པའི་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེན་མོ་སྟེ། བྱེ་བྲག་རྟོག་བྱེད་ཆེན་མོ་འཚོལ་སྡུད་དང་ཕྱོགས་བསྒྲིགས་མཛད། དེ་ནི་སཾ་བོད་ཤན་སྦྱར་གྱི་རྣམ་པར་བརྟེན་ནས་སཾསྐྲྀ་ཏའི་སྐད་ཀྱི་ཁྲོད་ན་ཡོད་པའི་ནང་བསྟན་བརྡ་ཆད་དང་། ཆེད་སྤྱོད་ཀྱི་མིང་ཚིག་སོགས་ལ་རིགས་དབྱེ་དཔེར་འགོད་བྱས་པར་མ་ཟད། འགྲེལ་པ་བརྒྱབ་སྟེ་ལོ་ཙཱ་བ་རྣམས་ཀྱིས་མིང་བརྡ་འཚོལ་ཞིབ་བྱེད་པའི་མིང་མཛོད་ཅིག་ཏུ་གྲུབ་ཅིང་སཾ་བོད་ཀྱི་ལོ་ཙཱ་བར་དགོས་མཁོ་ཆེ་བའི་ལག་ཆ་གཙོ་བོ་ཞིག་ཀྱང་རེད། ནང་བསྟན་ལོ་ཙཱའི་ཆེད་གཉེར་ལས་ཁུངས་ཏེ། བསམ་ཡས་སྒྲ་སྒྱུར་གླིང་བཙུགས་ནས་སྒྲ་སྒྱུར་གླིང་དུ་ཆེད་མངགས་མི་སྣ་བསྐོ་བཞག་བྱས་ཏེ། བོད་ཡིག་གི་ཚད་ལྡན་གཅིག་གྱུར་ཡོང་བའི་བྱ་བར་འགན་འཁུར་དུ་བཅུག་ནས། སྐད་གསར་བཅད་བྱས་ཏེ་བོད་ཡིག་གི་མིང་ཚིག་དང་ཆོས་གཞུང་ཐ་སྙད་ལོ་ཙཱ་བྱེད་པར་ཚད་གཞི་ནན་མོ་གཏན་ཁེལ་བྱས་ཡོད། དུས་རབས་བཅུ་པའི་ནང་། བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་པ་དང་བསྟུན་ནས། བོད་ཀྱི་ལོ་རྒྱུས་སྟེང་ཆོས་གཞུང་ནང་བསྟན་ལོ་ཙཱ་བྱེད་པའི་མཐོ་རླབས་ཡང་བསྐྱར་འཕྱུར་བ་དང་། ལོ་ཙཱ་བྱེད་པའི་མཐོ་རླབས་ཡང་བསྐྱར་འཕྱུར་བ་དང་ལོ་རྒྱུས་སུ་དེ་ལ་བསྟན་པ་ཕྱི་དར་ཟེར། བསྟན་པ་ཕྱི་དར་གྱི་ཆོས་གཞུང་ལོ་ཙཱ་བྱེད་པའི་བརྒྱུད་རིམ་ཁྲོད། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས། སྔར་བཞིན་བསྟན་པ་སྔ་དར་གྱི་སྐབས་སུ་བསྒྲིགས་པའི་བྱེ་བྲག་རྟོག་བྱེད་ཆེན་མོ་དེ་བླང་བྱ་དང་ཚད་གཞིར་བཟུང་ཡོད་ཅིང་། དུས་རབས་བཅུ་བཞི་པའི་ནང་བཅོམ་ལྡན་རིག་པའི་རལ་གྲི་དང་། བུ་སྟོན་རིན་ཆེན་གྲུབ་པ་ལ་སོགས་པའི་བཀའ་བསྟན་བསྡུ་བསྒྲིགས་མཛད་མཁན་རྣམས་ཀྱིས། བཀའ་བསྟན་ཕྱོགས་བསྒྲིགས་བྱེད་དུས། བྱེ་བྲག་རྟོག་བྱེད་ཆེན་མོ་དེ་ཉིད་བསྟན་འགྱུར་གྱི་སྣ་ཚོགས་སུ་བསྒྲིགས་པ་དང་། མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་བཞེངས་པའི་གསེར་བྲིས་བསྟན་འགྱུར་ལས་ཐུན་མོང་ལུགས་ཀྱི་བསྟན་བཅོས་སྐོར་གྱི་པོད་གོ་པ་རུ་བསྡུས་ཡོད་པ་དང་། ཕྱིས་སུ་བསྟན་པའི་སྤྱིན་བདག་ཆེན་མོ་དག་གིས་ཤིང་དཔར་དུ་བཏབ་སྟེ། པེ་ཅིན་བསྟན་འགྱུར་དང་སྣར་ཐང་བསྟན་འགྱུར་ལས་ངོ་མཚར་བསྟན་བཅོས་སྐོར་གྱི་པོད་ཅོ་པ། ལྗར་པན་བརྙན་པར་མའི་གླེགས་བམ་ཨང༡༤༤པ་བཅས་སུ་བཞུགས་ལ། བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་སཾ་བོད་ལོ་ཙཱ་བྱེད་དུས། ཉེ་བར་མཁོ་བའི་ལྟ་དཔྱད་ཀྱི་ཚིག་མཛོད་གལ་ཆེན་ཞིག་ཏུ་གྱུར་ཡོད་དེ། བསྟན་འགྱུར་ལས་སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ་བོད་རྒྱ་ཤན་སྦྱར་མ་ཞེས་པར། སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ་ཞེས་པ་དེ་པར་དུ་བཏབ་རྗེས། འགྱུར་ཡིག་གི་གཞི་རྩའི་ཐ་སྙད་རྣམས་ཕྱིས་གཞུང་དེ་ལས་འགལ་མི་ཆོག་པར་རྒྱལ་རབས་རིམ་བྱོན་གྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་དེར་བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ལྟ་བུར་བརྩིས་ཡོད་པ་དང་། བཀའ་བསྟན་འགྱུར་སྡེབ་སྒྲིག་བྱེད་མཁན་རྣམས་ཀྱིས་ཀྱང་དེར་མཐོང་ཆེན་གནང་སྟེ། སྔ་འགྱུར་བཀའ་བསྟན་གྱི་འགྱུར་ཡིག་མང་པོ་ཚིག་མཛོད་འདི་ལ་གཞི་བཅོལ་ཏེ། ཞུ་དག་དང་བསྐྱར་སྒྲིག་གནང་ཡོད་ངེས་རེད། སྐད་ཀྱི་དཀར་ཆག་འདིར་བསྡོམས་པས་ལེ་ཚན༢༨༥དང་། ཐ་སྙད༩༠༠༠ལྷག་ཙམ་བསྡུས་ཡོད་དེ། སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ་ནི་བོད་བཙན་པོའི་དུས་སྐབས་སུ་བསྒྲིགས་པའི་སཾ་བོད་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཆེ་ཤོས་དེ་ཡིན་ཞིང་། དེར་མདོ་སྔགས་གཉིས་དང་ཐ་སྙད་རིག་གནས་དང་བཅས་པའི་བརྗོད་བྱ་ཕུན་སུམ་ཚོགས་པས། བྱེ་བྲག་རྟོག་བྱེད་ཆེན་མོ་ཕྱོགས་བསྒྲིགས་བྱས་པའི་ལོ་ངོ༡༠༠༠ལྷག་གི་རིང་ལ། བོད་ཡིག་གི་བརྡ་ཆད་གཅིག་གྱུར་དང་ཚད་ལྡན་དུ་བསྒྱུར་བར་ནུས་པ་གལ་ཆེན་ཐོན་ཡོད། དེ་ནི་བོད་རིགས་མི་དམངས་ཀྱིས་ལོ་ཙཱ་དང་ལྟ་དཔྱད་ཀྱི་ལག་ཆར་གྱུར་ཡོད་པར་མ་ཟད། མི་རིགས་གཞན་པས་སཾ་བོད་སྐད་ཡིག་དང་། ནང་བསྟན་ཤེས་བྱར་སློབ་སྦྱོང་། ཞིབ་འཇུག་བྱེད་པའི་དཔེ་ཚགས་གལ་ཆེན་ཞིག་ཏུ་གྱུར་ཡོད། བྱེ་བྲག་རྟོག་བྱེད་ཆེན་མོ་ནི་བོད་ཀྱི་ལོ་རྒྱུས་སྟེང་མིག་མཐོང་ལག་ཟིན་དུ་གྱུར་པའི་ཚིག་མཛོད་དང་པོ་དང་། སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཁག་དང་པོ་དེ་ཙམ་དུ་མ་ཟད། ཀྲུང་གོའི་ལོ་རྒྱུས་སྟེང་གི་གྲངས་ཉུང་མི་རིགས་ཀྱི་ཡི་གེར་བརྟེན་ནས་རྩོམ་སྒྲིག་བྱས་པའི་ཚིག་མཛོད་ཁག་དང་པོ་དེའང་ཡིན། དེའི་དབང་གིས་ཚིག་མཛོད་འདི་རྩོམ་སྒྲིག་དང་འགྲེམ་སྤེལ་བྱས་པ་དེ་བོད་ཀྱི་ཚིག་མཛོད་འཕེལ་རྒྱས་ལོ་རྒྱུས་སྟེང་དུས་རབས་ཀྱི་སོ་མཚམས་འབྱེད་པ་ལྟ་བུའི་དོན་སྙིང་ལྡན་ཡོད། བོད་ཀྱི་ལོ་རྒྱུས་སྟེང་གི་ཚིག་མཛོད་ཁག་དང་པོའི་ཐད་དུ། ཉེ་དེང་རབས་ནས་བཟུང་། བྱེ་བྲག་རྟོག་བྱེད་ཆེན་མོ་དེ་དེང་རབས་བོད་ཡིག་གི་ཚིག་མཛོད་སྒྲིག་སྦྱོར་བྱེད་པའི་སྐད་བརྡ་དང་ཐ་སྙད་ཀྱི་རྒྱུ་ཆའི་འབྱུང་ཁུངས་གཙོ་བོར་གྱུར་ཡོད། དང་ཐོག་བྱེ་བྲག་རྟོག་བྱེད་ཆེན་མོ་ནི་སཾ་བོད་ཀྱི་བརྡ་ཆད་ལོ་ཙཱའི་གནས་བབ་ལ་གཞིགས་ནས་བསྒྲིགས་པའི་ཤན་སྦྱར་ཚིག་མཛོད་ཅིག་ཡིན་པ་དང་། ནང་བསྟན་བོད་ཡུལ་ནས་དར་རྒྱས་སུ་ཕྱིན་པ་དང་། ནང་སྒོས་སུ་ཐེག་པ་ཆེན་པོའི་ལྟ་སྤྱོད་ཀྱི་ཤུགས་རྐྱེན་འོག་དུས་རབས་བཅུ་དྲུག་པའི་དུས་ཕྱེད་ཕྱི་མ་ནས་བོད་བརྒྱུད་ནང་བསྟན་ཡང་བསྐྱར་སོག་ཡུལ་དུ་དར་བ་དང་བསྟུན་ནས། སོག་པའི་གྲྭ་བཙུན་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་པ་དང་། ནང་བསྟན་ཆོས་གཞུང་མང་པོ་སོག་ཡིག་ཏུ་བསྒྱུར། ཧ་ལམ་དུས་རབས་བཅོ་བརྒྱད་པའི་ནང་དུ་སཾསྐྲྀ་ཏའི་སྐད་དང་བོད་སྐད་ཀྱི་རྨང་གཞིའི་སྟེང་། སྔ་རྗེས་སུ་སོག་སྐད་དང་རྒྱ་ནག་གི་སྐད་དང་གཉིས་ཀྱང་ཁར་སྣོན་བྱུང་། ཤན་སྦྱར་རྒྱ་འགྱུར་མའི་སྐོར་ལས། ཐང་རྒྱལ་རབས་དང་སུང་རྒྱལ་རབས་ཀྱི་སྐབས་ཀྱི་སྒྲ་སྒྱུར་དང་། དོན་སྒྱུར་གྱི་འགྱུར་ཡིག་ཁྲོད་དུ་མཐོང་རྒྱུ་མ་བྱུང་བར་གཞིགས་ན། རྒྱ་འགྱུར་དེ་ཕལ་ཆེར་ཡོན་རྒྱལ་རབས་ནས་ཆིང་རྒྱལ་རབས་ཀྱི་བར་དུ་བྱུང་བར་འདོད། ལྗར་པན་གྱི་མཁས་པ་ཧྲིན་ལིའང་སན་ལིང་གིས། བྱེ་བྲག་རྟོག་བྱེད་ཆེན་མོ་ནི་ཆིང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ནག་དང་སོག་སྐད་དུ་བསྒྱུར་བ་ཡིན་པར་འདོད་ལ། རྒྱ་ཡིག་ནི་བོད་ཡིག་གཞིར་བཟུང་སྟེ་བསྒྱུར་བ་ཡིན་པས། རྒྱ་ཡིག་ཏུ་བསྒྱུར་བའི་དུས་ཚོད་ནི་གོང་མ་གཡུང་ཊིང་དང་ཆན་ལུང་གི་སྔ་རྗེས་སུ་ཁེལ་ཡོད་པ་དང་། དུས་སྐབས་དེར་མི་མང་པོས་བསྒྱུར་ཡོད་པར་འདོད། ༡༨༢༢ལོར། ཧང་ག་རིའི་མྱུལ་དཔྱད་པ་ཅོའུ་མཱ(Csoma)ཞེས་པ་དེ་བོད་ལྗོངས་སུ་སླེབས་ནས། རྩོམ་རིག་དང་ཆོས་ལུགས་ལ་ཞིབ་འཇུག་བྱས་པ་དང་། ༡༨༣༡ལོར་ཚིག་མཛོད་འདིའི་སཾ་བོད་ཤན་སྦྱར་གྱི་པར་གཞི་གསར་རྙེད་བྱུང་བ་དང་། ཆེས་ཐོག་མར་ཚིག་མཛོད་འདི་ལ་རྒྱུས་ལོན་བྱས་པ་དང་དུས་མཉམ་དུ། ༡༨༣༤ལོར་པར་དུ་བསྐྲུན་པའི་བོད་དབྱིན་ཚིག་མཛོད(TIBTAN ENGLISHI DICTIONNA)སྒྲིག་དུས་བོད་ཡིག་གི་ཐ་སྙད་ཀྱི་རྒྱུ་ཆ་གཙོ་བོར་བཟུང་ཡོད། ༡༨༥༣ལོར། ཨུ་རུ་སུའི་རྒྱ་མཚོ་ཤར་མའི་མྱུལ་དཔྱད་རུ་ཁག་གིས་ཀྲུང་གོའི་པེ་ཅིན་ནས་སཾ་བོད་རྒྱ་ཧོར་གྱི་སྐད་རིགས་བཞིའི་ཤན་སྦྱར་པར་གཞི་ལག་སོན་བྱུང་ནས། ཕེ་ཐྲོ་གར་རྡའི་གོང་མའི་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས། ༡༨༥༦ནས༡༨༥༧ལོའི་བར་དུ། ཧྥ་རན་སེའི་ཤར་ཕྱོགས་རིག་པའི་ཁྱུ་མཆོག་ཧྥུ་ཁུ་ཧྲི(E.Foucaux)དང་ཀྲུའུ་ལའེ་ཨན(S.Julien)གཉིས་ཀྱིས་ནུབ་ཕྱོགས་ལ་མཚམས་སྦྱོར་བྱས་པ་དང་། སྔ་མས་སཾ་བོད་ཀྱི་སྐོར་ལ་འགན་ཁུར་པ་དང་། རྗེས་མས་རྒྱ་དང་སོག་ཡིག་གི་ཤན་སྦྱར་ལ་འགན་ཁུར་ཡོད། དེ་ནས༡༨༨༧ལོར། སུའུ་ཨུ་ཤར་ཕྱོགས་རིག་པ་བ་མེན་ན་ཡེ་ཧྥུ་ནས(I.P. Minayeff)སཾ་བོད་ཤན་སྦྱར་གྱི་སྐོར་ལ་ཞུ་དག་གནང་ནས་ཀུན་གྱི་སྣང་ངོར་བཀྲམ། དེའི་རྗེས་ནས་ལྗར་པན་པ་ནན་ཐའོ་ཝུན་ཞུང་དང་ལེ་ཡོན་ཡན་ཧྲིས་ཧྥ་རན་སེ་ནས་སཾ་བོད་ཤན་སྦྱར་མ་དེ་ལག་བྲིས་བྱས། དེའི་རྗེས་ནས་ཏེ་ཡོན་ཡན་ལའེ་དང་པ་ལིའང་སན་ལང་གིས་ཞིབ་འཇུག་བྱས་ཏེ། དེ་ཏ་ཀྲིན་ཁྲི་ལོ་བཞི་པ(སྤྱི་ལོ༡༩༡༥)དང་ལྔ་པ(སྤྱི་ལོ༡༩༡༦)གཉིས་ལ་སྔ་རྗེས་སུ་སཾ་རྒྱ་ཤན་སྦྱར་གྱི་བྱེ་བྲག་རྟོག་བྱེད་ཆེན་མོ་དང་། སཾ་བོད་རྒྱ་གསུམ་དང་སཾ་བོད་རྒྱ་ཧོར་བཞི་ཡི་ཤན་སྦྱར་ཞུ་དག་དང་བཅས་པར་སྐྲུན་བྱས། བྱེ་བྲག་རྟོག་བྱེད་ཆེན་མོ་ནི་ལོ་ཙཱའི་ཚད་གཞི་དང་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་ཅིག་ཡིན་པའི་ཐད་ནས། དུས་རབས་བཅུ་དགུ་པ་ནས་བཟུང་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱི་མཁས་པས་མཐོང་ཆེན་བླ་ལྷག་ཏུ་བྱས་ཐོག དེ་ཚོའི་ཞིབ་འཇུག་གིས་རྒྱལ་ནང་ལ་ཤུགས་རྐྱེན་ཐེབས་པ་དང་། མིག་སྔར་རང་རེའི་བོད་འགྱུར་བསྟན་འགྱུར་གྱི་ཁྲོད་དུ་བསྡུ་ལེན་མཛད་པའི་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་པར་གཞི་མི་འདྲ་བ་བཞི་ཡོད་དེ། ༡.པེ་ཅིན་བསྟན་འགྱུར། (༡༧༢༤)༢.སྣར་ཐང་བསྟན་འགྱུར། (༡༧༢༤)༣.སྡེ་དགེ་བསྟན་འགྱུར། (༡༧༤༤)༤.ཅོ་ནེ་བསྟན་འགྱུར། (༡༧༧༣)བཅས་པར་གཞི་མི་འདྲ་བཞི་པོ་ལས་གཞན། ཕྱི་གླིང་སོགས་ས་ཁུལ་གཞན་དག་ན་ཡོད་པའི་པར་གཞི་རེའུ་མིག་གིས་མཚོན་པར་བྱས་ན།


གོང་གསལ་རེའུ་མིག་ལས་བསྟན་པ་ནི་ཉེ་རབས་ནས་བཟུང་། ཕྱི་གླིང་གི་མཁས་པས་བོད་རིག་པར་ཞིབ་འཇུག་བྱས་པའི་ཁྱབ་ཁོངས་ནས་བླངས་པའི་ཚིག་མཛོད་འདིའི་ཐད་ཀྱི་གཡུར་ཟའི་འབྲས་བུ་ཡིན་ལ། རང་རེའི་བོད་ཡུལ་དུའང་ཞིབ་འཇུག་འདིའི་རླབས་རྒྱུན་དང་འགྲོགས་ཏེ། གནའ་དེང་ཟུང་འབྲེལ་གྱིས་གྲུབ་འབྲས་ཉུང་ཤས་བླངས་ཡོད་དེ། དེ་དག་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ལོ་སྟེ། སྤྱི་ལོ༡༩༣༢ལོར་མཚོ་སྔོན་ཞིང་ཆེན་བོད་ཡིག་ཞིབ་འཇུག་ཁང་གིས་བོད་རྒྱ་མཁས་པ་མང་པོ་གདན་དྲངས་ནས། མ་དེབ་ནང་གི་སྐད་དོད་དོར་བ་དང་རྒྱ་ཡིག་འགྱུར་ཡིག་ཁ་སྣོན་བྱས་ཏེ། ཞལ་བྱང་སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོའི་རྒྱ་གར་གྱི་སྐད་དོར་ནས་བོད་ཡིག་དང་རྒྱ་ནག་གི་ཡི་གེ་གཉིས་གསར་དུ་བསྐྲུན་པ་བཞུགས་སོ། །(汉藏合璧分解名义大集)ཞེས་པའི་རྡོ་པར་བམ་པོ་བཞི་བསྐྲུན་ཡོད། ༡༩༩༢ལོའི་ཟླ༡༢པར། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་བོད་ཀྱི་རིག་གནས་དར་སྤེལ་དང་། སྔ་རབས་མི་རྣམས་ཀྱི་ཞིབ་འཇུག་རྒྱུན་འཛིན། ཀློག་པ་པོ་རྣམས་ཀྱི་དགོས་མཁོ་སྐོང་ཐབས་ཀྱི་ཆེད་དུ། མཚོ་སྔོན་གྱི་རྡོ་པར་དང་བསྟན་འགྱུར་ནང་གི་གཞུང་དངོས་གཉིས་ཞིབ་བསྡུར་ནོར་བཅོས་ཐོག་སྒྲིག་སྟངས་ཀྱང་ལེགས་བཅོས་བྱས་ཏེ་ལྕགས་པར་དུ་བསྐྲུན་ནས། བསྟན་འགྱུར་ལས་སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ་བོད་རྒྱ་ཤན་སྦྱར་མ་ཞེས་པ་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་ཡོད། ཆེས་ཐོག་མར་བྱེ་བྲག་རྟོག་བྱེད་ཆེན་མོར་ཞིབ་འཇུག་བྱེད་མཁན་ནི། ནུབ་གླིང་གི་མཁས་པ་ཆའོ་མཱ་ཞེས་པ་དེ་ཡིན་ཞིང་། གོང་ནས་ཁོང་གིས་བསྒྲིགས་པའི་སཾ་བོད་ཤན་སྦྱར་གྱི་སྐོར་ངོ་སྤྲོད་བྱས་ཟིན་ལ། དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཁོ་བོ་བོད་ལྗོངས་སུ་ཕྱིན་ནས་དཔེ་ཆ་འདི་གསར་རྙེད་བྱུང་བ་ཁ་ཅིག་གིས་འདོད་རྒྱུར། ཁོས་རྙེད་པ་ནི་སྣར་ཐང་པར་གཞིའི་བསྟན་འགྱུར་ཡིན་པ་དང་མཉམ་དུ་དབྱིན་ཡིག་ཏུ་བསྒྱུར། ཡིན་ཡང་ཆའོ་མཱ་འདས་པའི་བར་དུ་འགྲེམ་སྤེལ་བྱས་མེད་པ་དང་། འདས་རྗེས་ཀྱི་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་བྲིས་ཟིན་མ་ཕྱི་ལག་ཏུ་ཆུད་པ་དང་། ༡༩༡༠ལོ་ནས་བཟུང་དཔར་མགོ་ཚུགས། དུས་ད་ལྟར་རང་རེའི་བོད་ཡུལ་དུ་སཾ་བོད་ཤན་སྦྱར་གྱི་ཚིག་མཛོད་འདི་ཉིད་སྡེ་དགེ་བསྟན་འགྱུར་དང་། སྣར་ཐང་བསྟན་འགྱུར། ཅོ་ནེའི་བསྟན་འགྱུར། ཕོ་ལྷའི་གསེར་བྲིས་སོགས་མིང་དུ་གྲགས་པའི་བསྟན་འགྱུར་གྱི་པར་གཞི་ཁག་ཏུ་མཇལ་རྒྱུ་ཡོད་དེ། སྡེ་དགེ་བསྟན་འགྱུར་གྱི་སྣ་ཚོགས་ཅོ་པའི་ནང་བཞུགས་པའི་བྱེ་བྲག་རྟོག་བྱེད་ཆེན་མོའི་སཾ་བོད་ཤན་སྦྱར་ཁ་ཚང་བ་དེ་ཡི་གེ་མང་པར་དོགས་ནས་འདིར་ཡོངས་སུ་བཀོད་མེད་པ་དང་། ཞིབ་ཏུ་སྡེ་དགེ་པར་མའི་བསྟན་འགྱུར་དུ་བཞུགས་པས་འདིར་མང་དུ་སྤྲོ་བར་མི་བྱའོ། །ཚུལ་འདིར་གཞིགས་ན། བྱེ་བྲག་རྟོག་བྱེད་ཆེན་མོའི་ཞིབ་འཇུག་དེ་བོད་ཡུལ་ཙམ་དུ་མ་ཟད། འཛམ་གླིང་གི་ས་ཁུལ་སོ་སོས་མཐོང་ཆེན་བྱེད་ཀྱིན་ཡོད་ལ། བྱེ་བྲག་རྟོག་བྱེད་ཆེན་མོའི་ཆུ་མགོ་བོད་ཡུལ་ནས་བརྡོལ་རུང་། དེའི་འཕེལ་རྒྱས་ཀྱི་བཞུར་རྒྱུན་མ་ཉམས་པར་ཕྱིའི་རྒྱ་མཚོར་འདྲེས་ཡོད་པས། མི་རིགས་ཀྱི་རིག་གནས་ཤིག་ཡིན་པའི་ཆ་ནས་འཛམ་གླིང་གི་མི་རིགས་སོ་སོའི་སྐད་དང་ཡི་གེ རིག་གནས་བཅས་ལ་དངོས་བརྒྱུད་གང་རུང་ནས་ཤུགས་རྐྱེན་ཐེབས་ཡོད། །


དཔྱད་གཞིའི་ཡིག་ཆ།

[1] ཁྲི་བསམ་གཏན་གྱིས་རྩོམ་སྒྲིག་མཛད། སྐད་གཉིས་སྨྲ་བའི་བང་མཛོད། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2004

[2] འཕྲིན་ལས་ཆོས་གྲགས་ཀྱིས་བརྩམས། བོད་ཀྱི་ལོ་ཙཱའི་རིགས་ལམ་རྣམ་བཤད་བློ་གསལ་འཇུག་ངོགས། [M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010

[3] སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་བརྩམས། གསར་རྙིང་གི་བརྡ་ལི་ཤིའི་གུར་ཁང་།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།1998

[4] བསྟན་འགྱུར་དཔེ་བསྡུར་མའི་སྣ་ཚོགས་ཅོ་པ།[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

[5] བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནས་བསྒྲིགས། དཀར་ཆག་འཕང་ཐང་མ་དང་སྒྲ་སྦྱོར་བམ་པོ་གཉིས་པ། [M] མི་རིགས་དཔེ་སྐྲུན་ཁང་། 2003

[6] རིན་ཆེན་བསམ་འགྲུབ་ཀྱིས་བརྩམས། ལོ་ཙཱའི་རིགས་ལམ་འཇིག་རྟེན་མིག་གི་དགའ་སྟོན།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། 2011

[7] དབང་འདུས་ཚེ་རིང་དང་འཕྲིན་ལས་རྒྱ་མཚོས་བརྩམས། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་།[M]མི་རིགས་དཔེ་སྐྲུན་ཁང་། 2001

[8] བསྟན་འགྱུར་ལས་སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ་བོད་རྒྱ་ཤན་སྦྱར་མ།[M]པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། 1992

[9] ཚེ་དབང་ཐར་དང་ཁྲི་བསམ་གཏན་གྱིས་བསྒྲིགས། སྐད་གཉིས་སྨྲ་བའི་སྒྲོན་མེ་རུ།[M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2002

[10] རྣམ་རྒྱལ་རྡོ་རྗེས་བརྩམས། བོད་བཙན་པོའི་སྐབས་ཀྱི་བཀའ་བསྟན་དཀར་ཆག་ལ་དཔྱད་པ། [J]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011

[11] 张运珍著《翻译名义大集》—藏文双语辞书的发端[J]中国藏学 2013:(1)

[12] 陈福康著 章士钊《论翻译名义》[J]中国翻译 1992:(3)

[13] 晓克著 新订翻译名义大集简介[J] 内蒙古资料与情报 1990:(3)

[14] 石滨裕美子 福田洋一著《翻译名义大集》及其版本[J]哈剌古钠著 内蒙古资料与情报 1990:(3)

[15] 尹伟光著 藏语文词书编纂简史[J]中国藏学 1995:(1)

[16] 吴均著 青海藏文研究社记[J]中国藏学 1996:(2)

[17]【日】神亮三郎著 梵藏和汉四译校对〈翻译名义大集〉序言[J]台湾华宇1983

[18]【日】山口瑞风著 西藏下[M]东京大学出版社 1988

[19] 诺吾才让著 藏文早期翻译史探微[J]青海民族学院学报(社会科学版)1999:(4)


* བཙུན་པ་ཚེ་རིང་། སི་ཁྲོན་ཞིང་ཆེན་རྔ་བ་དགེ་འོས་སློབ་ཆེན་སྐད་གཉིས་སློབ་གསོའི་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1