[གནད་བཏུས] དཔྱད་རྩོམ་འདིར་དམའ་རིམ་སློབ་དེབ་ཁྲོད་བཀོད་པའི་སྙན་ངག་གི་རྒྱན་ལས། རྨོངས་པའི་དཔེ་དང་ཆ་ཤས་གཟུགས་ཅན། མི་མཉམ་པའི་གཟུགས་ཅན། རྒྱུའི་གཟུགས་ཅན་བཅས་ཀྱི་དོགས་གནས་ལ་གསལ་བཤད་བྱས་ཡོད།
[གནད་ཚིག] རྨོངས་པ། ཆ་ཤས། མི་མཉམ་པ། རྒྱུ། གཟུགས་ཅན།
དམའ་རིམ་སློབ་དེབ་ཏུ་བཀོད་པའི་སྙན་ངག་སློབ་ཁྲིད་ཀྱི་གོ་རིམ་དུ། དངོས་ཡོད་གནས་ཚུལ་དང་སློབ་ཁྲིད་དཔྱད་གཞི་གཉིས་ཕན་ཚུན་མི་མཐུན་པ་ལྟ་བུ་སྣང་བས། སློབ་གསོའི་ལས་དོན་གྱི་ཁྲོད་ན་ཕྱག་ལས་གནང་བཞིན་པའི་སློབ་ཁྲིད་སློབ་གསོའི་འཐབ་གྲོགས་རྣམས་ལ་གྲོས་ཀྱི་ཚུལ་ལམ་དཔྱད་བསྡུར་གྱི་ཚུལ་དུ་ཕུལ་ན།
དང་པོ། སློབ་རིམ་བརྒྱད་པའི་སྨད་ཆ།
དཔེ་རྒྱན་ལས།
རྨོངས་པའི་དཔེ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཔེར་བརྗོད། ཆུ་གཏེར་ངོས་སུ་རྒྱུ་སྐར་གཟུགས་བརྙན་ཀུན། ། གསལ་ཚེ་ནམ་མཁའི་གྲུ་ཡང་མཚོ་ཐོག་བསྐྱོད། ། སླར་ཡང་བར་སྣང་དབྱིངས་སུ་ཆུ་བྱའི་ཁྱུ། ། ལྡིང་བ་མཐོང་ནས་ཆུ་རྐྱལ་བྱ་བར་རྩོམ། ། ཞེས་པར། དགེ་རྒན་གྱི་སྐད་ཡིག་སློབ་ཁྲིད་དཔྱད་གཞི་རུ། དཔེ་ཅན་ནམ་མཁའི་དབྱིངས་སུ་རྒྱུ་སྐར་འཆར་བ་དེ། དཔེ་ཆུ་གཏེར་གྱི་ངོས་སུ་ནམ་མཁའི་རྒྱུའི་གཟུགས་བརྙན་འཆར་བ་དེ་དང་འཁྲུལ་ནས། གནམ་གྲུ་ཡང་མཚོ་ཐོག་ཏུ་བསྐྱོད་པར་བརྩམས་པ་དང་། སླར་ཡང་བར་སྣང་དབྱིངས་སུ་ཆུ་བྱའི་ཁྱུ་ལྡིང་བ་དེ་མཐོང་ནས། ཆུ་ངོས་སུ་ཆུ་བྱ་རྐྱལ་བ་དང་འཁྲུལ་ཏེ་ཆུ་ལ་རྐྱལ་བར་རྩོམ་མོ། །ཞེས་དཔེ་དཔེ་ཅན་གཉིས་ཕན་ཚུན་མཚུངས་ཆེས་པས་དབྱེ་བ་འབྱེད་མ་ནུས་པར་འཁྲུལ་བར་བརྗོད་པའོ། ། ཞེས་བཀོད་ཡོད། ཡིན་ཡང་དོན་དུ། ཆུ་གཏེར་ངོས་སུ་རྒྱུ་སྐར་གྱི་གཟུགས་བརྙན་འཆར་བ་དེ་གནམ་གྲུ་མཚོ་ཐོག་ཏུ་བསྐྱོད་པར་རྩོམ་པའི་འཁྲུལ་རྐྱེན་ཡིན་པ་ལས་འཁྲུལ་གཞི་མིན་པས། ནམ་མཁའི་དབྱིངས་སུ་རྒྱུ་སྐར་འཆར་བ་གཅིག་པུ་དེ་དཔེ་ཅན་དུ་བཞག་ན་མི་འོས། གལ་ཏེ་ནམ་མཁའི་དབྱིངས་སུ་རྒྱུ་སྐར་འཆར་བ་དེ་དཔེ་ཅན་དུ་འཇོག་དགོས་ན། བར་སྣང་དབྱིངས་སུ་ཆུ་བྱའི་ཁྱུ་ལྡིང་བ་དེ་ཡང་དཔེ་ཅན་དུ་ཅི་ལ་མི་འཇོག དངོས་ཤུགས་ཀྱི་ཁྱད་ཙམ་ལས་དོན་ལ་དཔེ་ཅན་དུ་འཇོག་དགོས་པ་མཚུངས་པའི་ཕྱིར། དོན་དུ། ཆུ་གཏེར་ངོས་སུ་རྒྱུ་སྐར་གྱི་གཟུགས་བརྙན་འཆར་བ་དང་། ཆུ་བྱའི་ཁྱུ་བར་སྣང་དུ་ལྡིང་བ་གཉིས་ཀ་འཁྲུལ་རྐྱེན་ཡིན་པ་ལས་གཞན་དུ་གོ་རྒྱུ་མེད། ཐོག་མར་མཚོ་ཐོག་ཏུ་རྒྱུ་སྐར་གྱི་གཟུགས་བརྙན་འཆར་བ་ལས་གནམ་གྲུ་མཚོ་ཐོག་ཏུ་བསྐྱོད་པར་རྩོམ་པའི་བྱ་བ་ནི་འཁྲུལ་གཞི་རྒྱ་མཚོ་དེ་ནམ་མཁའ་ལ་འཁྲུལ་ནས་བྱུང་བ་ཡིན་ལ། བར་སྣང་དབྱིངས་སུ་ཆུ་བྱའི་ཁྱུ་ལྡིང་བ་དེས་ནམ་མཁའ་མཚོ་ལ་འཁྲུལ་ནས་ཆུ་ལ་རྐྱལ་བའི་བྱ་བ་བྱུང་བ་ཡིན་པས། དཔེ་ཅན་རྒྱ་མཚོ་དེ་དཔེ་ནམ་མཁའ་ལ་འཁྲུལ་བ་དང་། སླར་ཡང་དཔེ་ནམ་མཁའ་དེ་དཔེ་ཅན་མཚོ་ལ་འཁྲུལ་བ་རེད།
གཉིས་པ། སློབ་རིམ་དགུ་པའི་སྟོད་ཆ།
1.གཟུགས་རྒྱན་ལས། ཆ་ཤས་གཟུགས་ཅན། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཔེར་བརྗོད། ཕུལ་བྱུང་མི་རིགས་རིག་གཞུང་ནམ་མཁའི་ནོར། ། སྙིང་སྟོབས་རླུང་གི་ཤིང་རྟས་ལེགས་དྲངས་ཏེ། ། བོད་ལྗོངས་གཙུག་ལག་འདབ་བརྒྱ་ཡངས་པའི་ཚལ། ། འབྱེད་མཁས་སྔོན་བྱོན་ལོ་པཎ་བསྔགས་པའི་ཡུལ། ། ཞེས་པ་ལ། དགེ་རྒན་གྱི་སྐད་ཡིག་སློབ་ཁྲིད་དཔྱད་གཞི་རུ། ཆ་ཤས་ཅན་མི་རིགས་ནི་གང་གི་གཟུགས་སུའང་མ་བཀོད་པར། དེའི་ཆ་ཤས་ཅན་རིག་གཞུང་ནི་ནམ་མཁའི་ནོར་བུ་དང་། སྙིང་སྟོབས་ནི་རླུང་གི་ཤིང་རྟ་དང་།(རླུང་གི་ཤིང་རྟ་ནི་སྤྲིན་གྱི་མངོན་བརྗོད)གཙུག་ལག་ནི་འདབ་བརྒྱའི་གཟུགས་སུ་བཀོད་དེ། བོད་ཀྱི་རིག་གཞུང་གི་སྲོལ་འབྱེད་མཁན་གྱི་སྔོན་བྱོན་ལོ་ཙཱ་བ་རྣམས་ནི། ང་ཚོས་བསྔགས་པའི་ཡུལ་ཡིན་ནོ་ཞེས་པའོ། ། ཞེས་བཀོད་ཡོད། དེ་ལ་བདག་གི་བསམ་པར། བོད་ཀྱི་རིག་གཞུང་གི་སྲོལ་འབྱེད་མཁན་སྔོན་བྱོན་ལོ་པཎ་རྣམས་ཀྱིས་དཀའ་བ་ཁྱད་བསད་ཀྱི་སྙིང་སྟོབས་ལ་བརྟེན་ནས། རྒྱ་གར་གྱི་རིག་གཞུང་དེ་བོད་གངས་ཅན་དུ་གདན་དྲངས་པས་ན། བྱེད་པོ་ལོ་པཎ་དེ་དག་གིས་རྒྱ་གར་གྱི་རིག་གཞུང་དེ་དག་གདན་དྲངས་པའི་བྱ་བ་བྱས་ཡོད་པས། ཆ་ཤས་ཅན་ནི་སྔོན་བྱོན་ལོ་པཎ་དང་། ཆ་ཤས་ནི་རྒྱ་གར་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྙིང་སྟོབས། གཙུག་ལག་བཅས་བཞག་ན་ལེགས་པར་སེམས། རླུང་གི་ཤིང་རྟ་ནི་སྤྲིན་དང་རྟ་གཉིས་ཀྱི་མངོན་བརྗོད་ལ་འཇུག་ཅིང་། རྟ་བདུན་དབང་པོ་ནི་ཉི་མའི་ཤིང་རྟ་འདྲུད་མཁན་གྱི་རྟ་བདུན་ཏེ། ཤིང་རྟ་འཁོར་ལོ་འདྲུད་མཁན་གྱི་རྟ་བདུན་གྱི་བདག་པོ་ཡིན་པས་ན། རྟ་བདུན་དབང་པོ་ཞེས་མངོན་བརྗོད་ཀྱི་འགྲེལ་པ་དག་ལས་གསལ་བ་ལྟར། རླུང་གི་ཤིང་རྟ་ནི་རྟ་ལ་གོ་བ་བླངས་ན། ཉི་མའི་ཤིང་རྟ་འཁོར་ལོ་འདྲུད་མཁན་གྱི་རྟ་བདུན་པོས་ཉི་མ་ཤིང་རྟ་འཁོར་ལོ་ལ་བཞག་ནས་དྲུད་དེ་ནམ་མཁའ་ལ་འཕགས་པ་དེ་བཞིན། སྔོན་བྱོན་ལོ་པཎ་རྣམས་ཀྱིས་རང་རང་གི་སྙིང་སྟོབས་དང་རྩོལ་བ་ལ་བརྟེན་ནས། རྒྱ་གར་གྱི་རིག་གཞུང་ཚུར་བོད་གངས་ཅན་ལ་གདན་དྲངས་པ་ཡིན་ཞེས་གོ་བ་བླངས་ན་ལེགས་པར་སེམས།
2.གཟུགས་རྒྱན་ལས། མི་མཉམ་པའི་གཟུགས་ཅན། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཔེར་བརྗོད། རབ་མཛེས་ཆུ་གཏེར་རྣམ་བཞིའི་སྐ་རགས་ཀྱིས། ། ཟླུམ་གཟུགས་ནོར་འཛིན་ལྟ་བ་ཡངས་པོའི་སྣོད། ། འཆིང་བྱེད་མཐོན་མཐིང་གངས་ཀྱི་ཅོད་པན་ཅན། ། འདི་ནི་རིན་ཆེན་གཏེར་གྱི་བང་མཛོད་ཉིད། ། ཅེས་པ་ལ། དགེ་རྒན་གྱི་སྐད་ཡིག་སློབ་ཁྲིད་དཔྱད་གཞི་རུ། ཆུ་གཏེར་རྣམ་བཞི(རྒྱ་མཚོ་ཆེན་པོ་བཞི)སྐ་རགས་ཀྱི་གཟུགས་སུ་བཀོད་པ་དང་། དཔེ་ཅན་ནོར་འཛིན་ཏེ་ས་གཞིའམ་སའི་གོ་ལ་དེ་དཔེ་ལྟོ་བ་ཡངས་པའི་སྣོད་ཀྱི་གཟུགས་སུ་བཀོད། དེ་འཆིང་བྱེད་ཀྱི་གཟུགས་སུ་བཀོད་པས་གཟུགས་ཅན་འཕར་མ་དང་། གངས་ཅོད་པན་གྱི་གཟུགས་སུ་བཀོད་པ་དང་། རིན་ཆེན་གཏེར་མཛོད་ཡིན་པ་གང་གི་གཟུགས་སུ་མ་བཀོད་པས་ཆ་མི་མཉམ་པ་ལྟ་བུའོ། ། ཞེས་བཀོད་ཡོད། དོན་དུ་དེ་འདྲ་མིན་པར་བསམ་སྟེ། ཆུ་གཏེར་རྣམ་བཞི་ནི་གངས་ཏེ་སེའི་ཕྱོགས་བཞི་ནས་འབབ་པའི་ཁ་འབབ་རྣམ་བཞི་ཡིན་ལ། དེ་སྐ་རགས་ཀྱི་གཟུགས་སུ་བཀོད་པ་དང་། ཆུ་བོ་ཁ་འབབ་རྣམ་བཞི་དེ་གངས་ཏེ་སེའི་ཕྱོགས་བཞི་ནས་བབས་ཏེ་མཐར་རྒྱ་མཚོ་ཆེན་པོར་འབབ་པས། ཟླུམ་གཟུགས་སའི་གོ་ལ་འཆིང་བར་བྱེད་པ་དང་། སྐ་རགས་ཀྱིས་ལྟོ་བ་ཡངས་པའི་སྣོད་འཆིང་བར་བྱེད་པའི་དོན་ཡིན་པས། འཆིང་བྱེད་ནི་འཆིང་བར་བྱེད་པའི་ཚིག་སྡུད་ཙམ་ལས། ལྟོ་བ་ཡངས་པའི་སྣོད་དེ་འཆིང་བྱེད་ཀྱི་གཟུགས་སུ་བཀོད་དེ་གཟུགས་ཅན་འཕར་མ་བྱས་པ་ལྟ་བུ་མིན། དེའི་རྒྱུ་མཚན་ནི་དཔེར་བརྗོད་ཀྱི་ཁྲོད་དུ་སྐ་རགས་ཀྱིས། ཞེས་པའི་རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་ཀྱིས་དེས་འཆིང་བྱེད་ནི་འཆིང་ཐག་གི་དོན་མིན་པར། འཆིང་བར་བྱེད་པའི་ཚིག་སྡུད་ཡིན་པ་གོ་ཐུབ་ཅིང་། གལ་ཏེ་འཆིང་བྱེད་དེ་འཆིང་ཐག་གི་དོན་ལྟར་གོ་བ་བླངས་ནས་གཟུགས་ཅན་འཕར་མ་བྱེད་དགོས་ན། དཔེ་ཅན་ཆུ་གཏེར་རྣམ་བཞི་དེ་སྐ་རགས་ཀྱི་གཟུགས་སུ་བཀོད། དེ་སླར་ཡང་འཆིང་བྱེད་ཀྱི་གཟུགས་སུ་བཀོད་ཅེས་པ་ལྟར་གོ་བ་བླངས་ན་འགྲིག ཡིན་ཡང་སྙན་ངག་གི་རྒྱན་འདི་ལ་གཟུགས་ཅན་འཕར་མ་མེད་ཀྱང་སྐྱོན་མི་འདུག་སྟེ། དུང་དཀར་རིན་པོ་ཆེའི་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ལྡེ་མིག་ཏུ། མི་མཉམ་པའི་གཟུགས་ཅན་གྱི་གོ་དོན་ལ། ཁྱད་གཞིའམ་ཡན་ལག་ཅན་དེ་དཔེའི་གཟུགས་སུ་བྱས་ལ། ཡན་ལག་རྣམས་གཟུགས་སུ་བྱས་པ་དང་མ་བྱས་པ་སྣ་ཚོགས་པའི་སྒོ་ནས་འཐེང་པོའི་འགྲོས་ལྟར་སྤེལ་མར་ཡོད་པ་ཞིག་ཡིན་ཞེས་བཀོད་པ་ལྟར་ན། རྒྱན་འདི་ལ་གཟུགས་ཅན་འཕར་མ་ཞིག་ངེས་པར་ཚང་དགོས་པའི་དོན་དེ་མི་འདུག་སྙམ། ལོ་རྒྱུས་དང་ཚིག་མཛོད་སོགས་སུ་བཀོད་པ་ལྟར་ན། ཆུ་བོ་རྣམ་བཞིའི་འབྱུང་ཁུངས་དེ་གངས་ཏེ་སེ་ལས་གངས་རིན་པོ་ཆེ་མིན་པས་འདིའི་སྐབས་ཀྱི་མཐོན་མཐིང་གངས་དེ་གངས་ཏེ་སེ་ལ་གོ་དགོས།
གསུམ་པ། སློབ་རིམ་དགུ་པའི་སྨད་ཆ།
གསུམ། གཤམ་གྱི་དཔེར་བརྗོད་བཀླག་ཏེ་དྲི་བར་ལན་འདེབས་དགོས།
གྲོགས་ཁྱེད་རབ་ཏུ་བརྩེ་བས་ཟླ་ཤེལ་མདངས། །འགྱུར་མེད་མཛའ་བ་བརྟན་པས་རི་རབ་ལྷུན། ། ལྷག་བསམ་རབ་ཏུ་དཀར་བས་པད་མའི་འདབ། ། དགོས་འདོད་སྐོང་བས་ཡིད་བཞིན་དབང་གི་རྒྱལ། ། 1.དཔེར་བརྗོད་འདི་ནི་རྒྱན་གང་གི་དཔེ་བརྗོད་ཡིན་པ་དང་། དཔེ་གང་དང་གང་ཞིག་དཔེ་གང་གི་གཟུགས་སུ་བཀོད་ཡོད་ཅེས་པར། དགེ་རྒན་གྱི་སྐད་ཡིག་སློབ་ཁྲིད་དཔྱད་གཞི་རུ། དེའི་ལན་དུ། རྒྱུའི་གཟུགས་ཅན་གྱི་དཔེར་བརྗོད་ཡིན། དཔེ་ཅན་ནི་གྲོགས་ཁྱེད་རབ་ཏུ་བརྩེ་བ་དང་། འགྱུར་མེད་མཛའ་བ་བརྟན་པ། ལྷག་བསམ་རབ་ཏུ་དཀར་བ། དགོས་འདོད་སྐོང་བ་བཅས་དང་། དཔེ་ནི་ཟླ་ཤེལ་མདངས་དང་། རི་རབ་ལྷུན་པོ། པད་མའི་འདབ། ཡིད་བཞིན་དབང་རྒྱལ་བཅས་ཡིན། ཞེས་བཀོད་ཡོད་ཀྱང་། དཔེ་ཅན་གྲོགས་ཁྱེད་ལས་རབ་ཏུ་བརྩེ་བ་དང་། འགྱུར་མེད་མཛའ་བ་བརྟན་པ། ལྷག་བསམ་རབ་ཏུ་དཀར་བ། དགོས་འདོད་སྐོང་བ་བཅས་དཔེ་ཅན་གྱི་ཁྱད་ཆོས་དེ་དག་རྒྱུ་མཚན་དུ་བཟུང་ནས། དཔེ་ཅན་གྲོགས་ཁྱེད་གཅིག་པུ་དེ་དཔེ་ཟླ་ཤེལ་མདངས་དང་རི་རབ་ལྷུན་པོ། པད་མའི་འདབ། ཡིད་བཞིན་དབང་རྒྱལ་བཅས་ཀྱི་གཟུགས་སུ་བཀོད་པ་ཙམ་ཡིན། ཚངས་སྲས་བཞད་པའི་སྒྲ་དབྱངས་སུ། རྒྱུའི་གཟུགས་ཅན་གྱི་གོ་དོན་འཇོག་སྐབས། དཔེ་ཅན་གྱི་དངོས་པོ་ལ་ཡོད་པའི་རང་གི་ཁྱད་ཆོས་རྣམས་ཀྱི་རྒྱུ་མཚན་དེ་རང་དང་ཆོས་མཚུངས་པའི་དཔེ་གང་ཡང་རུང་བ་དག་གི་གཟུགས་སུ་བཀོད་པ་ལ་ཟེར། འདི་ལ་དཔེ་ཅན་གྱི་དངོས་པོའི་ཁྱད་ཆོས་རྣམས་དཔེ་ཅན་རང་གི་ཁྱད་གཞི་གཙོ་བོ་གཅིག་པོ་དེ་ལ་འབྲེལ་དགོས་ཤིང་། དཔེ་ལ་དངོས་པོ་གཅིག་གི་སྟེང་དུ་འབྲེལ་དགོས་པའི་ངེས་པ་མེད་པར་གསུངས། ཞེས་པས་ཀྱང་དཔེ་ཅན་གཅིག་མ་གཏོགས་མེད་པ་རྟོགས་ནུས་སོ། །
* དཀོན་མཆོག་སྐྱབས། རེབ་གོང་རྫོང་དགེ་འདུན་ཆོས་འཕེལ་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།