སློབ་ཆེན་དུ་བོད་ཀྱི་དེང་རྩོམ་དཔེ་ཁྲིད་སྐབས་བགྲོ་གླེང་ཇི་ལྟར་སྤེལ་ཚུལ་སྐོར་གླེང་བ།

བཙུན་པོ་དོན་འགྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


[གནད་བཏུས] དཔྱད་རྩོམ་འདིར་སློབ་གྲྭ་ཆེན་མོའི་བོད་ཀྱི་དེང་རབས་རྩོམ་རིག་གི་དཔེ་ཁྲིད་སྐབས་བགྲོ་གླེང་སྤེལ་བའི་དམིགས་ཡུལ་དང་དོན་སྙིང་། བགྲོ་གླེང་གི་བྱ་རིམ། བགྲོ་གླེང་སྤེལ་སྐབས་འཕྲད་སྲིད་པའི་འགལ་རྐྱེན་དང་། དེ་སེལ་ཐབས་བཅས་སྣ་ཆེན་པོ་གསུམ་གྱི་སྒོ་ནས་སློབ་ཆེན་དུ་བོད་ཀྱི་དེང་རྩོམ་དཔེ་ཁྲིད་སྐབས་བགྲོ་གླེང་ཇི་ལྟར་སྤེལ་དགོས་པའི་སྐོར་གླེང་ཡོད།

[གནད་ཚིག] བོད་ཀྱི་དེང་རྩོམ་དཔེ་ཁྲིད། བགྲོ་གླེང་བྱེད་ཐབས། སློབ་ཆེན་རྩོམ་རིག་སློབ་གསོ།

གླེང་གཞི།

        དེང་དུས་སློབ་ཆེན་དག་གི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་སྡེ་ཁག་ཅིག་ལ་མཚོན་ན། བོད་ཀྱི་རྩོམ་རིག་དཔེ་ཁྲིད་བགྱིད་པ་ནི་བསླབ་ཚན་གཙོ་གྲས་ཤིག་ཡིན་ཏེ། དེ་ནི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཐད་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་སའི་རྟེན་གཞི་གཙོ་བོའང་ཡིན། ཡང་བོད་ཀྱི་རྩོམ་རིག་དང་འབྲེལ་བའི་དཔེ་ཁྲིད་དག་ལས་བོད་ཀྱི་དེང་རབས་རྩོམ་རིག(འོག་ཏུ་དེང་རྩོམ་ཞེས་བསྡུས་ཏེ་འབྲི་རྒྱུ་ཡིན)གི་དཔེ་ཁྲིད་ནི་དེང་རབས་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་ད་ལྟའི་དུས་ཀྱི་བོད་ཀྱི་རྩོམ་རིག་གི་གནས་བབ་དང་ཁྱད་ཆོས་ལ་རྒྱུས་ལོན་བྱེད་པར་དམིགས་པའི་བསླབ་ཚན་བྱེ་བྲག་པ་ཞིག་ཡིན་ཞིང། དེ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་དང་། རྩོམ་རིག་གཞུང་ལུགས། བོད་ཡིག་གིས་རྩོམ་པར་འཇུག་པ་སོགས་བསླབ་ཚན་གཞན་དག་དང་ཡང་འབྲེལ་བ་དམ་པོ་མཆིས། ལྷག་པར་དེང་རྩོམ་ནི་ད་ལྟའི་སྤྱི་ཚོགས་དུས་བབ་དང་ཐག་ཉེ་ཞིང་འབྲི་ཐབས་སྣ་ཚོགས་ཀྱི་སྒོ་ནས་འཚོ་བའི་ཁྲོད་ཀྱི་དོན་དག་བརྗོད་བཞིན་པས། གོ་སླ་ཞིང་འཇུག་བདེ་ལ་སློབ་མ་ཚོར་བསླབ་འདོད་ཀྱི་འདུན་པའང་ཆེ་ཙམ་མཆིས། དེར་བརྟེན་དེང་རྩོམ་དཔེ་ཁྲིད་སྐབས་དཔེ་ཁྲིད་བྱེད་ཐབས་འཐུས་ཚང་སྣ་འཛོམས་ཤིག་གྲུབ་ཚེ། བསླབ་ཚན་གྱི་སྤུས་ཀ་དང་སློབ་མའི་སྦྱངས་འབྲས་མཐོར་འདེགས་གཏོང་བར་དགེ་མཚན་ཆེན་པོ་ཡོད། དེ་ཡང་བགྲོ་གླེང་སྤེལ་བ་ནི་དཔེ་ཁྲིད་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་ལ། བོད་ཀྱི་དེང་རྩོམ་དཔེ་ཁྲིད་སྐབས་བྱེད་ཐབས་འདི་འོས་འཚམ་ངང་བེད་སྤྱད་ཚེ་སློབ་མའི་བརྩམས་ཆོས་ཀློག་འགྲེལ་དང་། རྩོམ་པ་ལ་འཇུག་ཚུལ། རྩོམ་རིག་སྒྱུ་རྩལ་བློ་སྦྱོང་སོགས་ཕྱོགས་མང་པོ་ནས་ཕན་འདོགས་ཐུབ་པས། དཔེ་ཁྲིད་སྐབས་བགྲོ་གླེང་ཇི་ལྟར་སྤེལ་བའི་སྐོར་ལ་བསམ་གཞིག་དང་རྟོག་ཞིབ་བྱེད་པར་དགོས་པ་ཆེ་བར་མཐོང་།

དང་པོ། སློབ་ཆེན་དུ་བོད་ཀྱི་དེང་རྩོམ་དཔེ་ཁྲིད་སྐབས་བགྲོ་གླེང་སྤེལ་བའི་དམིགས་ཡུལ་དང་དགེ་མཚན།

        དེ་ཡང་བགྲོ་གླེང་ནི་དཔེ་ཁྲིད་བྱེད་ཐབས་སྣ་ཚོགས་ཤིག་ཡོད་པ་ལས་ཐབས་བྱེ་བྲག་པ་ཞིག་སྟེ། དགེ་སློབ་ཕན་ཚུན་ཁ་བརྡ་དང་། གྲོས་མོལ། རྩོད་གླེང་བཅས་བྱས་པའི་སྒོ་ནས་བསམ་བློ་བརྗེ་རེས་བགྱིད་པ་གཙོར་བྱེད་པའི་འཁྲིད་ཐབས་ཤིག་ཡིན་ཞིང་། ཐབས་འདི་ནི་དཔེ་ཁྲིད་བྱེད་ཐབས་གཞན་ཏེ། དཔེར་ན། དགེ་རྒན་གྱི་འཆད་ཁྲིད་དང་། སློབ་མའི་བསྐྱར་སྦྱོང་། ལས་བྱ་བསྐྱར་ཞིབ་སོགས་དང་བསྡུར་ན་སློབ་མའི་རང་རྟོགས་ཀྱི་ནུས་པ་སྔོག་འདོན་ཐུབ་པར་མ་ཟད། མི་མང་པོའི་བསམ་འཆར་དྲན་ཚུལ་གླེང་ནས་ཉམས་མྱོང་དང་བསམ་བློ་བརྗེ་རེས་བྱེད་ནུས་སྟབས། དཔེ་ཁྲིད་སྐབས་ཐབས་འདི་འོས་འཚམ་ཞིག་སྤྱད་ཚེ་དགེ་མཚན་ཆེན་པོ་ཡོད་ཅིང་། ལྷག་པར་རྩོམ་རིག་དང་འབྲེལ་བའི་དཔེ་ཁྲིད་ལ་མཚོན་ན་དེའི་ཚུལ་ཡིན་པ་སྨོས་མི་དགོས་ཏེ། རྩོམ་རིག་དཔེ་ཁྲིད་ནི་རྩོམ་རིག་བརྩམས་ཆོས་མྱོང་རོལ་དང་འབྲེལ་དམ་ཞིང། བརྩམས་ཆོས་མྱོང་རོལ་ནི་མི་སྒེར་གྱི་བློ་གྲོས་ལ་རག་ལས་པས། བརྩམས་ཆོས་གང་ཞིག་བཀླགས་རྗེས། དེའི་ངོས་ཟིན་གཞན་ལ་བརྗོད་པ་དང་། གླེང་མོལ་གྱི་སྒོ་ནས་དཔེ་ཀློག་ལས་བྱུང་བའི་མྱོང་ཚོར་དང་རྩོམ་རིག་གཞུང་ལུགས་གཉིས་ཟུང་དུ་སྦྲེལ་ན། བརྩམས་ཆོས་གང་དེར་བཟུང་བའི་ངོས་ཟིན་གཏིང་ཇེ་ཟབ་ཏུ་གཏོང་བ་དང་བརྩམས་ཆོས་ཀྱི་བསྟན་དོན་དང་གྲུབ་ཚུལ་སོགས་ལ་གོ་བ་ལོན་པར་ཕན་པ་ཆེན་པོ་ཡོད། དེ་ལྟར་ན་བགྲོ་གླེང་སྤུས་དག་ཅིག་སྤེལ་ནས་ཕན་ཚུན་བར་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་ལེགས་པོ་ཞིག་སྤྲོད་ནུས་ཚེ་རྩོམ་རིག་དཔེ་ཁྲིད་ལ་ནུས་པ་ཆེ་ཙམ་ཐོན་ཐུབ་ཅིང་། དེ་བས་ཀྱང་འགངས་ཆེ་བ་ཞིག་ལ་དཔེ་ཁྲིད་སྐབས་སྤེལ་བའི་བགྲོ་གླེང་ནི་དགེ་རྒན་གྱི་འཆད་ཁྲིད་དང་། སློབ་མའི་རང་སྦྱོང་། བསླབས་ཕྱིའི་དཔེ་ཀློག སྦྱངས་འབྲས་བརྟག་དཔྱད་བཅས་དཔེ་ཁྲིད་ཀྱི་རིམ་པ་གཞན་དག་དང་འབྲེལ་ལེགས་པོ་ཆགས་པ་ཡིན་ན། དཔེ་ཁྲིད་སྤྱིའི་ནུས་པ་སྔར་བས་ཇེ་བཟང་དང་ཐོབ་འབྲས་སྔར་བས་ཇེ་ལེགས་སུ་འགྱུར་ཐུབ་པར་ཕན་ནུས་ཤུགས་ཆེན་ཐོན་ཐུབ།

        ཀུན་གྱིས་མཁྱེན་གསལ་ལྟར། སློབ་ཆེན་སློབ་གསོའི་དམིགས་ཡུལ་དག་ལས་གཙོ་བོ་གཅིག་ནི་སློབ་མའི་ཆེད་ལས་ཀྱི་ནུས་པ་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་པས། སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་མར་མཚོན་ན། རང་སྟོབས་ཀྱིས་སྐད་དང་ཡི་གེ་ལེགས་པོར་བཀོལ་ནུས་པ་དང་། རྩོམ་རིག་བརྩམས་ཆོས་གང་ཞིག་བཀླགས་རྗེས། དེར་ཆེད་ལས་ཀྱི་ལམ་ནས་དཔྱོད་ཐུབ་པ་ཞིག་ཆགས་རྒྱུ་ནི་དམིགས་འབེན་གཙོ་བོ་ཡིན། ལྷག་པར་སློབ་ཆེན་རིམ་པའི་དཔེ་ཁྲིད་ཀྱིས་སློབ་མའི་གཤིས་སྤྱོད་དང་། སེམས་ཁམས། ཤེས་ཡོན། བསམ་བློ་སོགས་ལ་སྣེ་ཁྲིད་ཀྱི་ནུས་པ་གདོན་པའི་རྨང་གཞིའི་སྟེང་། དགེ་རྒན་གྱི་མཛུབ་སྟོན་འོག་སློབ་མར་རང་སྟོབས་ཀྱིས་ཤེས་བྱ་གསར་པར་འཇུག་པའི་ནུས་པ་དང་། རང་ངོས་ནས་སྒེར་ཚུགས་ཀྱིས་དུས་ཡུན་རིང་པོར་སློབ་སྦྱོང་བྱེད་ནུས་པའི་རྣམ་འགྱུར་སྐྱེད་སྲིང་བྱ་དགོས་ལ། སྒོས་སུ་སློབ་མས་དོན་དག་ཁག་ཅིག་ལས་གནད་དོན་རྙེད་ཐུབ་པ་དང། ཡང་གནད་དོན་གང་རུང་ལ་རྟོག་ཞིབ་བགྱིད་ནུས་པ། གླེང་བྱ་ངེས་ཅན་ཞིག་ལ་དཔྱད་གླེང་སྤེལ་ཐུབ་པ་བཅས་ཀྱི་ནུས་པ་སྐྱེད་སྲིང་བྱ་དགོས་ཏེ། རྨང་གཞིི་སློབ་གསོ་དང་སློབ་ཆེན་སློབ་གསོའི་ཁྱད་པར་ཡང་འདི་ལ་ཐུག་ཡོད་སྟབས། ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་ཤེས་བྱ་ཙམ་སྦྱངས་པ་ལ་ལྟོས་ནའང་འདི་གལ་ཆེ།

        དེ་ཡང་སློབ་ཆེན་གྱི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཆེད་གཉེར་སློབ་མར་མཚོན་ན། སྔ་མ་རྨང་གཞིི་སློབ་གསོ་སྟེ། དམའ་འབྲིང་དང་མཐོ་འབྲིང་གི་སྐབས་ནས་བཟུང་དེང་རྩོམ་ལ་རྒྱུས་ཅུང་ཟད་ཅིག་ཡོད་ཅིང། སློབ་ཆེན་དུ་ལྷགས་རྗེས་རྩོམ་རིག་ཆེད་ལས་དང་འབྲེལ་བའི་སློབ་ཁྲིད་ཁག་ཅིག་ལའང་སྦྱངས་དང་སྦྱོང་བཞིན་ཡོད། དེས་ན་རྩོམ་རིག་མྱོང་རོལ་དང་འབྲེལ་བའི་ཡོན་ཏན་ངེས་ཅན་ཞིག་ཁོང་དུ་ཆུད་ཡོད་པས། ཡོན་ཏན་དེ་དག་བེད་སྤྱད་ནས་དེང་རབས་བོད་ཀྱི་རྩོམ་རིག་བརྩམས་ཆོས་ལ་རྟོག་ཞིབ་བྱ་རྒྱུ་ནི། དེང་རྩོམ་དཔེ་ཁྲིད་ཀྱི་འགན་བབ་གཙོ་བོ་ཡིན། དེ་ལས་ཀྱང་སློབ་མའི་བསམ་གཞིག་གི་དཔྱད་སྟོབས་འཕེལ་ཅིང་། རང་ནུས་སྒོས་སྦྱངས་ཟིན་པའི་དཔེ་དེབ་ཐོག་གི་ཤེས་བྱ་དག་ལག་ལེན་དུ་བསྟར་ནུས་པའི་འཇོན་ཐང་སྐྱེད་སྲིང་བྱ་རྒྱུར་དམིགས་ནས། སློབ་མའི་ཡོན་ཏན་སྤེལ་ཅི་ཐུབ་བྱེད་རྒྱུ་ནི་དེང་རྩོམ་དཔེ་ཁྲིད་ཀྱི་གནད་འགག་གཙོ་བོ་ཞིག་རེད་བསམ། དེ་ཕྱིར་དམིགས་དོན་འདི་འདྲ་ཞིག་འགྲུབ་པར་བགྲོ་གླེང་སྤེལ་བ་ནི་ཐབས་ལེགས་ཤོས་ཤིག་ཡིན་ཏེ། འདིས་གཅིག་ཏུ་དེང་རྩོམ་དཔེ་ཁྲིད་ཀྱི་རྣམ་པ་ཕུན་སུམ་ཚོགས་པོར་གཏོང་ནུས་པ་དང། གཉིས་སུ་སློབ་མའི་རྩོམ་རིག་གི་བློ་སྦྱོང་དང་རང་རྟོགས་སྒོས་སློབ་སྦྱོང་བྱེད་པའི་འདུ་ཤེས་སྤེལ་ཐུབ་ལ། དེ་བཞིན་དཔེ་ཀློག་གི་འདུན་པ་དང་མཛེས་དཔྱོད་ལྟ་བ་བཅས་ཀྱང་ལེགས་ལམ་དུ་འཁྲིད་ཐུབ། གསུམ་དུ་སློབ་མའི་སྔར་ཡོད་ཀྱི་རྩོམ་རིག་ཤེས་བྱའི་རྨང་གཞིའི་ཐོག་ཁོང་ཅག་གི་སྦྱངས་འབྲས་གཏིང་ཇེ་ཟབ་ཏུ་གཏོང་ཐུབ་ཅིང་། དེ་མཚུངས་སུ་དེང་རྩོམ་སྐོར་ལ་ལྟ་ཚུལ་གསར་པ་བྱུང་སྟེ་རིགས་པའི་སྒོ་མོའང་ཡངས་པོར་འབྱེད་ནུས། བཞི་ནས་དེང་རྩོམ་སྐོར་གྱི་བགྲོ་གླེང་ཁྲོད་ཞུགས་ཚེ་སློབ་མའི་གཏམ་བཤད་དང་འབྲི་ཀློག་གི་འཇོན་ནུས་མཐོ་རུ་འདེགས་ཐུབ་པ་དང་། བགྲོ་གླེང་ནི་སློབ་མ་རང་ཉིད་ཀྱི་རྟོག་ཞིབ་འབྲས་བུ་སྒྲོག་སྤེལ་བྱེད་པའི་བྱེད་སྒོ་ཞིག་ཡིན་སྟབས། དེས་སློབ་མའི་རང་རྟོན་རང་ཚུགས་ལ་སོགས་པའི་འདུ་ཤེས་ཀྱང་བསྐྱེད་ཐུབ། ལྔ་ནས་དཔེ་ཁྲིད་དགེ་རྒན་གྱིས་བགྲོ་གླེང་གི་གནས་བབ་བརྒྱུད་ནས་སློབ་མའི་དེང་རྩོམ་ལ་འཆང་བའི་བསམ་ཚུལ་སོགས་རྒྱུས་ལོན་ཐུབ་ཅིང་། ཡང་བགྲོ་གླེང་སྐབས་ཀྱི་གནས་ཚུལ་ལ་གཞིགས་ཏེ་སློབ་མའི་སྦྱངས་འབྲས་དང་སློབ་སྦྱོང་བྱེད་ཐབས། སློབ་སྦྱོང་སྐབས་ཀྱི་དཀའ་ངལ་བཅས་ཀྱང་རྟོགས་ཐུབ་པས། དེ་ལས་དགེ་རྒན་གྱིས་རྗེས་ཕྱོགས་དཔེ་ཁྲིད་བགྱིད་སྐབས་དོ་སྣང་དང་ལེགས་བཅོས་བྱ་དགོས་པའི་ཆ་རྣམས་ཀྱང་གསལ་པོར་ཤེས་ཐུབ། དེར་བརྟེན་དེང་རྩོམ་དཔེ་ཁྲིད་སྐབས་བགྲོ་གླེང་ཡག་པོ་ཞིག་སྤེལ་ཐུབ་ཚེ། སྤྱིའི་ཆ་ནས་དཔེ་ཁྲིད་ཀྱི་སྤུས་ཚད་ལེགས་པོ་ཡོང་བ་དང་། སྒོས་སུ་སློབ་མའི་སྦྱངས་འབྲས་བཟང་པོ་ཡོང་བར་ཕན་ཡོན་ཆེའོ། །

གཉིས་པ། སློབ་ཆེན་དུ་བོད་ཀྱི་དེང་རྩོམ་དཔེ་ཁྲིད་སྐབས་བགྲོ་གླེང་སྤེལ་བའི་བྱ་རིམ།

        དེ་ཡང་དེང་རྩོམ་གཙོས་རྩོམ་རིག་དང་འབྲེལ་བའི་བགྲོ་གླེང་ལ། སྤྱིར་བཏང་ཚོགས་ཆུང་གི་བགྲོ་གླེང་དང་མི་སྒེར་གྱི་བགྲོ་གླེང་བཅས་རིགས་ཆེན་པོ་གཉིས་འདུ་ལ། འདི་གཉིས་ཀ་དཔེ་ཁྲིད་སྐབས་སྐབས་བབ་ཀྱི་དགོས་མཁོ་དང་བསྟུན་ནས་བཀོད་སྒྲིག་འོས་འཚམ་བྱས་ཆོག་ཀྱང་། འདི་གཉིས་ལས་གང་ཡིན་ཡང་ཐོག་མའི་གྲ་སྒྲིག་གི་རིམ་པ་དང་། བགྲོ་གླེང་དངོས་ཀྱི་རིམ་པ། མཇུག་བསྡུ་བའི་རིམ་པ་བཅས་མ་མཐའ་ཡང་བྱ་རིམ་གསུམ་ནི་ངེས་པར་ཚང་དགོས་པར་མ་ཟད། བྱ་རིམ་དེ་དག་ཀྱང་ཕན་ཚུན་འབྲེལ་ཆགས་ནས་གྱེས་ཐོར་དུ་མ་སོང་བ་ཞིག་ཡིན་དགོས་ཏེ། འདི་ནི་སློབ་ཁང་ནང་གི་དཔེ་ཁྲིད་ཀྱི་སྐབས་ཁོ་ན་ཙམ་མ་ཡིན་པར། སློབ་གསེང་གི་དཔེ་ཀློག་དང་སློབ་མའི་སྦྱངས་འབྲས་བརྟག་དཔྱད་བཅས་དང་ཡང་འབྲེལ་བ་ཟབ་མོ་ཡོད་པས། བགྲོ་གླེང་འཐུས་ཚང་གོ་རིམ་ལྡན་པ་ཞིག་ཡོང་བའི་རྨང་གཞིའང་ཡིན།

གཅིག ཐོག་མའི་གྲ་སྒྲིག་གི་རིམ་པ།

        བགྲོ་གླེང་ནི་དགེ་སློབ་བར་དང་། སློབ་གྲོགས་བར། ཡང་ན་སློབ་མ་དང་འཁྲིད་བྱའི་བསླབ་ཚན་བར་བཅས་ཕྱོགས་མང་པོ་ཞིག་དང་འབྲེལ་ནས་ཡོད་པ་ཞིག་ཡིན་གཤིས། དགེ་རྒན་དང་། སློབ་མ། འཁྲིད་བྱ་བཅས་ཕྱོགས་གསུམ་ནས་གྲ་སྒྲིག་ལེགས་པོ་བགྱི་དགོས་པ་ནི་སྨོས་མེད་ཡིན། དེ་ལས་ཐོག་མར་དགེ་རྒན་གྱིས་གྲ་སྒྲིག་ལེགས་པོ་ཞིག་བྱེད་དགོས་ཏེ། འཁྲིད་བྱའི་དེང་རྩོམ་བརྩམས་ཆོས་གང་ཡིན་པ་དེ་བློར་བྱང་དགོས་པར་མ་ཟད། འཁྲིད་བྱ་གང་དེའི་གཙོ་གནད་དང་དཀའ་གནད། རྩོམ་པ་པོའི་ལོ་རྒྱུས་དང་བརྩམས་ཆོས་གྲུབ་པའི་སྤྱི་ཚོགས་ཁོར་ཡུག དེ་བཞིན་འཁྲིད་བྱའི་བརྩམས་ཆོས་གང་དེའི་ཞིབ་འཇུག་གི་གནས་བབ་དང་དཔྱད་འབྲས་གཙོ་བོ་སོགས་འབྲེལ་ཡོད་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ཞིབ་མོ་ཞིག་མངའ་དགོས་པ་ནི་ཐོག་མའི་ཆ་རྐྱེན་ཡིན། དེ་ནས་བགྲོ་གླེང་མ་ཚུགས་པའི་སྔོན་ལ་དགེ་རྒན་གྱིས་སློབ་མ་ཚོར་གླེང་གཞི་དང་འབྲེལ་ཆེ་ཞིང་། རིན་ཐང་ཡོད་པའི་ངེས་བཀླག་དཔེ་དེབ་དང་རྩོམ་ཡིག་ངོ་སྤྲོད་དགོས་ཏེ། དཔེར་ན། དེང་རབས་སྙན་ངག་ཅིག་ལ་མཚོན་ན། དེ་འབྲེལ་གྱི་འགྲེལ་པ་དང་དཔྱད་པ་གང་དག་ཡོད་པ་དང་། བརྩམས་ཆོས་འབྱུང་སྐབས་ཀྱི་སྤྱི་ཚོགས་གནས་བབ་དང་འབྲེལ་བའི་ཡིག་ཆ་གང་ལ་བལྟ་དགོས་ཚུལ་བཅས་ངོ་ལེགས་པར་སྤྲད་ནས་འཕྲོད་ཚེ་སློབ་མར་གྲ་སྒྲིག་གི་དུས་ཚོད་ཡོད་ལ། གླེང་བྱ་གཞི་གཅིག་ཏུ་འབབ་པར་ཡང་ཕན།

        གཞན་གྲ་སྒྲིག་གི་བྱ་རིམ་ཁྲོད་བགྲོ་གླེང་གི་དུས་ཡུན་དང་། བགྲོ་གླེང་སྤེལ་སྐབས་ཀྱི་གཟབ་བྱ། གླེང་བགྱིའི་བརྗོད་གཞི་དང་ཁ་ཕྱོགས་བཅས་ཀྱང་སྔོན་ནས་སློབ་མར་ངོ་སྤྲད་ནས་འཕྲོད་དགོས་ཤིང་། སྐབས་འགར་བསླབ་ཚན་གྱི་དགོས་མཁོར་གཞིགས་ཏེ་བསམ་གཞིག་གི་དྲི་བ་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཀྱང་ཆོག་སྟེ། དྲི་བ་མེད་ན་བསམ་གཞིག་མེད་ལ། བསམ་གཞིག་མེད་ཚེ་གནད་དོན་ཐག་གཅོད་བྱེད་རྒྱུའི་འདུན་པའང་ཡོད་མི་སྲིད་སྟབས། གླེང་བྱ་འོས་འཚམ་ཞིག་སྔོན་དུ་བཀོད་སྒྲིག་བྱས་ཆོག ཡང་གཅིག་ཏུ་ན། འདི་དག་ནི་སློབ་མའི་མོས་པ་བསྐྱེད་ནས་དེང་རྩོམ་བརྩམས་ཆོས་ལ་མྱོང་རོལ་བྱེད་པར་བསྐུལ་བའི་ཐབས་ཤིག་ཀྱང་ཡིན་ཏེ། དེ་ལྟར་བྱུང་ཚེ་གཅིག་ནས་སློབ་མས་དྲི་བ་ནང་བཞིན་གཏམ་གླེང་གི་འཆར་གཞི་གྲ་སྒྲིག་བྱས་ཆོག་ལ། གཉིས་ནས་རང་ཉིད་ཀྱི་མྱོང་ཚོར་དང་ལྟ་བ་སོགས་བརྗོད་ཐོག་རང་གིས་བློས་མ་དཔོག་པའམ། དཔགས་ཀྱང་གནད་ལ་མ་ཕོག་པ་དག་ནི་བགྲོ་གླེང་བརྒྱུད་ནས་རིམ་བཞིན་རྟོགས་ནུས་པ་ཡིན།

        དེ་ཡང་ཐོག་མའི་གྲ་སྒྲིག་གི་བྱ་རིམ་སྐབས་གླེང་བགྱིའི་བརྗོད་གཞི་ཡག་པོ་ཞིག་གདམ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། བརྗོད་གཞི་ནི་ངེས་པར་སློབ་མའི་མོས་པ་བསྐྱེད་ནུས་ཤིང་བསམ་གཞིག་བྱས་ཏེ། གྲོས་དོན་ལ་ལྟ་ཚུལ་འདྲ་མིན་གདོན་ཆོག་པ་ཞིག་ཡིན་དགོས་སྙམ། གལ་སྲིད་གླེང་བྱ་བརྗོད་དུ་རི་བ་ཞིག་མིན་ཞིང་གྲོས་དོན་སྔར་ནས་ཐག་བཅད་དེ་ཆོད་ཟིན་པ་ཞིག་ཡིན་ཚེ། བགྲོ་གླེང་བགྱི་བའི་དགོས་པ་ཆུང་ཞིང་རིན་ཐང་ཡང་དམན། གཞན་བགྲོ་གླེང་སྐབས་ངེས་པར་དོ་སྣང་བྱ་དགོས་པ་ཞིག་ནི། བགྲོ་གླེང་སྤེལ་མཁན་གཙོ་བོ་ནི་སློབ་མ་ཡིན་པ་དང་དགེ་རྒན་ནི་སྣེ་ཁྲིད་ཙམ་ཡིན་པས། བགྲོ་གླེང་མ་སྤེལ་བའི་སྔ་རོལ་ནས་སློབ་མར་རང་དབང་གིས་གཏམ་གླེང་བྱས་ཆོག་པའི་དུས་ཚོད་ངེས་ཅན་ཞིག་སྟེར་དགོས་ཤིང། སློབ་མ་ཚོར་བགྲོ་གླེང་གི་དམིགས་ཡུལ་དང་དོན་སྙིང། དགོས་མཁོ། སྤང་བླང་གི་ཆ་སོགས་ཞིབ་ཏུ་བརྗོད་པའི་རྨང་གཞིའི་སྟེང་། ཅི་ནུས་ཀྱིས་སློབ་མའི་འགན་འཁྲིའི་འདུ་ཤེས་སྐྱེད་སྲིང་བྱ་དགོས་ཏེ། སློབ་མས་གྲ་སྒྲིག་བྱས་པ་ཡག་མིན་དེས་བགྲོ་གླེང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་འགྲོ་བས། བགྲོ་གླེང་མ་ཚུགས་པའི་སྔ་རོལ་ཏུ་བསླབས་ཕྱིའི་ཆུ་ཚོད་བེད་སྤྱད་ནས་སློབ་མའི་དཔེ་ཀློག་གི་ཆུ་ཚད་དང་། ཟིན་བྲིས་ཀྱི་སྤུས་ཚད་བཅས་ལ་བརྟག་དཔྱད་ཀྱི་ཚད་གཞི་གཏན་ཁེལ་བྱས་ཏེ་ཉམས་ཚོད་བླངས་ཆོག་པར་འདོད། ཡང་གོང་སྨྲས་ལྟར། བགྲོ་གླེང་ནི་ཚད་ངེས་ཅན་ཞིག་ཏུ་སྔར་སྦྱངས་ཟིན་པའི་ཡོན་ཏན་གང་ཞིག་ལག་ལེན་དུ་བསྟར་བའི་གོ་རིམ་ཞིག་ཏུ་ངེས་སྟབས། དགེ་སློབ་གཉིས་ཆ་ནས་གྲ་སྒྲིག་གི་སྐབས་སུ་སྔར་སྦྱངས་ཟིན་པའི་རྩོམ་རིག་དང་འབྲེལ་བའི་བསླབ་ཚན་གཞན་དག་གི་ནང་དོན་ལ་བསྐྱར་དུ་བལྟ་དགོས་ཤིང་། ལྷག་པར་དུ་རྩོམ་རིག་གི་རྨང་གཞིའི་ཤེས་བྱ་དང་འབྲེལ་བའི་བསླབ་དེབ་སོགས་ལ་བསྐྱར་སྦྱོང་ལེགས་པོ་བྱ་དགོས།

གཉིས། བགྲོ་གླེང་དངོས་ཀྱི་རིམ་པ།

        གོང་བཀོད་ལྟར་གྱི་གྲ་སྒྲིག་གང་འཚམ་ཞིག་གྲུབ་རྗེས། བགྲོ་གླེང་དངོས་ཀྱི་བྱ་རིམ་ལ་ཞུགས་དགོས་ཏེ། འདི་ནི་བགྲོ་གླེང་སྤེལ་སྐབས་ཀྱི་བྱ་རིམ་ཆེས་གཙོ་ཤོས་དེའང་ཡིན། དེ་ཡང་བགྲོ་གླེང་དངོས་ཀྱི་བྱ་རིམ་ལས་ཐོག་མར་དེང་རྩོམ་དང་འབྲེལ་བའི་སྐབས་བབ་ཀྱི་གླེང་བགྱིའི་བརྗོད་གཞི་གསལ་པོར་གཏན་ལ་ཕབ་རྗེས། བརྗོད་གཞི་གང་དེར་གྲ་སྒྲིག་གང་ལེགས་བྱུང་ཡོད་པའི་སློབ་མ་རེ་ཟུང་དམིགས་སུ་བདམས་ནས་བགྲོ་གླེང་མགོ་ཚུགས་ཆོག་སྟེ། གཏམ་གྱི་མགོ་འདྲེན་མཁན་བྱུང་ན་འཛིན་གྲྭའི་སློབ་མ་ཡོངས་བགྲོ་གླེང་ཁྲོད་རིམ་བཞིན་ཞུགས་ཐུབ་ངེས། ཡང་སྐབས་འགར་དཔེ་ཁྲིད་སྔོན་ལ་སོང་ཟིན་པའི་རྨང་གཞིའི་སྟེང་བགྲོ་གླེང་སྤེལ་ཚེ། སྔར་སྦྱངས་ཟིན་པའི་ཤེས་བྱ་དག་ལ་བསྐྱར་སྦྱོང་གི་ཚུལ་དུ་དྲི་བ་བཏོན་ནས་བགྲོ་གླེང་གི་མགོ་ཚུགས་ཀྱང་ཆོག

        དེ་ཡང་བགྲོ་གླེང་དངོས་ཀྱི་བྱ་རིམ་ནང་དོ་སྣང་བླ་ལྷག་བྱེད་དགོས་པ་ཞིག་ནི་བགྲོ་གླེང་གི་ཡུན་ཚད་ཡིན་ཏེ། དུས་ཚོད་བཀོད་སྒྲིག་ལེགས་པོ་ཞིག་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། ནམ་རྒྱུན་ཆུ་ཚོད་གཉིས་ཀྱི་སློབ་ཡུན་ལ་ནི་སྐར་མ་ཉི་ཤུ་ནས་ཉེར་ལྔའི་ནང་བགྲོ་གླེང་སྤེལ་ན་འཚམ་ཞིང་། དེ་ལྟར་བྱུང་ན་གཏམ་གླེང་ནི་ཚིག་ཉུང་དོན་བསྡུས་གནད་ལ་ཁེལ་བ་ཞིག་འགྲུབ་ཐུབ་ལ། དགེ་སློབ་གཉིས་ཆ་ནས་དེའི་ཕྱོགས་སུ་འབད་ཀྱང་དགོས། བགྲོ་གླེང་དངོས་ཀྱི་བྱ་རིམ་ཁྲོད་ཡིད་གཟབ་བྱེད་དགོས་པའི་གནད་དོན་གཞན་ཞིག་ནི་འཕྲོས་དོན་མང་པོ་འཕེལ་ངེས་པ་དེ་ཡིན་ལ། འཕྲོས་དོན་གྱིས་སྐབས་འགར་སྟབས་ཉེས་ཏེ་བརྗོད་གཞི་གཙོ་བོ་བསྒྲིབས་འགྲོ་བའི་ཉེན་ཁ་མཆིས་ཤིང་། ཡང་སྐབས་འགར་གཏམ་གླེང་ནི་གཏན་འབེབས་ཀྱི་དེང་རྩོམ་དང་འབྲེལ་བའི་བརྗོད་གཞི་ལས་ཁ་ཐག་རིང་དུ་གྱེས་འགྲོ་བའི་སྐབས་ཀྱང་མཆིས་སྟབས། དུས་འདིར་དགེ་རྒན་གྱིས་བབ་བསྟུན་སྒོས་བཀོད་འདོམས་བྱས་ཏེ། སློབ་མའི་གཏམ་བཤད་དང་རྩོད་གླེང་ནི་སྐབས་བབ་ཀྱི་གླེང་གཞིའི་ཁྱབ་ཁོངས་སུ་སྡུད་གང་ཐུབ་བྱ་དགོས། དེ་ཡང་དེང་རྩོམ་སྐབས་ཀྱི་བགྲོ་གླེང་ལས་འཕྲོས་དོན་ནི། གཙོ་བོ་བརྩམས་ཆོས་ལ་བཟུང་བའི་ལྟ་ཚུལ་མ་འདྲ་བ་ལས་འབྱུང་ཞིང་། སྐབས་མང་པོར་གཏམ་གྱི་མགོ་འདྲེན་མཁན་ནམ་གཏམ་བཤད་སྤེལ་མཁན་གྱི་སློབ་མར་ཉན་མཁན་ཚོས་བཏོན་པའི་དྲི་བ་དང་འབྲེལ་བ་དམ་པོ་མཆིས། དེ་ནི་བགྲོ་གླེང་སྐབས་ཀྱི་བླང་བྱའང་ཡིན་ཏེ། དོགས་འདྲི་དང་རྩོད་པ་བྱུང་ན་བགྲོ་གླེང་གི་ནུས་པ་སྔར་ལས་འཕེལ་སྲིད་པ་གདོན་མི་ཟ་ཞིང་། དེས་སློབ་མའི་དོགས་སློང་གི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཐུབ། ཡིན་ཡང་རྩོད་གླེང་སྐབས་ལྟ་ཚུལ་བསམ་ཚུལ་མི་མཐུན་པ་འབྱུང་སྲིད་ལ། འབྱུང་ངེས་པ་ཞིག་ཀྱང་ཡིན་པས། དེ་ལ་དགེ་སློབ་ཀུན་གྱིས་ཡང་དག་པའི་ལྟ་སྟངས་ཤིག་འཛིན་དགོས། དེ་ནི་ལྟ་བ་གང་ཞིག་ཡང་དག་པར་འཛིན་དགོས་ཞེས་པ་མིན་པར། ཕ་རོལ་པོའི་ལྟ་བ་ལ་བརྩི་བཀུར་བྱས་ཐོག་རྩོད་གླེང་དང་གྲོས་མོལ་གྱིས་ཐག་གཅོད་གཏན་འབེབས་བྱ་དགོས་ཞེས་པ་ལ་གོ་བ་ཡིན་ཏེ། ཐ་ན་ཐལ་དྲགས་པའི་ལྟ་ཚུལ་བྱུང་ཡང་། ཕ་རོལ་པོར་རྡོག་བརྫིས་མི་གཏོང་བར་དྲི་བའི་ཚུལ་དུ་དེ་འདྲ་ཞིག་ཡིན་དགོས་པའི་རྒྱུ་མཚན་ཅི་ཡིན་དང་། དེ་ལྟར་ན་གནད་དོན་གང་ཞིག་འབྱུང་སྲིད་པ་སོགས་ལ་ཞིབ་ཏུ་གྲོས་བྱས་ཏེ་མཇུག་སྡུམ་རུང་། དེར་དགེ་རྒན་གྱིས་སྔ་མོ་ནས་དེང་རྩོམ་བརྩམས་ཆོས་གང་ཞིག་བགྲོ་གླེང་དངོས་སུ་བགྱིད་སྐབས། འཕྲད་ངེས་པའི་གནད་དོན་དང་དྲི་བ་དག་ལ་རང་ནུས་སྒོས་ཚོད་དཔག་བྱེད་དགོས་པའང་འགལ་རྐྱེན་འདི་རིགས་སེལ་བའི་ཐབས་ཤིག་ཏུ་ངེས། གང་ལྟར་སློབ་ཆེན་དངོས་གཞི་རིམ་པའི་དེང་རྩོམ་དཔེ་ཁྲིད་སྐབས་ཀྱི་བགྲོ་གླེང་ལ་མཚོན་ན། དཔྱད་འབྲས་ཡང་དག་ཅིག་ཡོང་རྒྱུ་དེ་གཙོ་བོ་མིན་པར། བསམ་གཞིག་གི་བརྒྱུད་རིམ་དང་བསམ་གཞིག་གཏོང་སྟངས་ཐད་ཀྱི་སྦྱོང་བ་ནི་གཙོ་བོ་ཡིན་སྙམ།

        བགྲོ་གླེང་སྤེལ་བར་ཕྱིའི་ཆ་རྐྱེན་མང་པོ་ཞིག་གི་ཚོད་འཛིན་ཐེབས་ཀྱིན་པ་ནི་སྨོས་མེད་ཡིན་ཏེ། དེ་ལས་གཅིག་ནི་མི་གྲངས་ཡིན། དེས་ན་མི་གྲངས་ཅུང་ཉུང་བའི་འཛིན་གྲྭར་མི་སྒེར་གྱི་བགྲོ་གླེང་སྤེལ་ཆོག་ཅིང། དེ་ལ་ཐོག་མར་སློབ་མ་རེ་རེའི་བཀླག་བྱའི་བརྩམས་ཆོས་གཏན་ཁེལ་བྱས། བཀླགས་པའི་རྗེས་སུ་སློབ་གྲོགས་རེ་འགས་གཏམ་བཤད་སྤེལ། དེ་ནས་གཏམ་བཤད་དང་འབྲེལ་བའི་གནད་དོན་གང་རུང་ཞིག་ལ་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་ཐུན་མོང་དུ་བགྲོ་གླེང་བྱས་ཆོག ཡིན་ཡང་སློབ་མ་ཅུང་མང་བའི་འཛིན་གྲྭར་དུས་ཚོད་ཀྱི་དབང་གིས་མི་རེ་རེར་གཏམ་གླེང་གི་གོ་སྐབས་སྟེར་རྒྱུ་ཅུང་ཁག་པོ་ཡིན་སྟབས། དེ་ལ་ཚོགས་ཆུང་བཀོད་སྒྲིག་བྱས་ཏེ་ཐོག་མར་ཚོགས་ཆུང་ནང་ཁུལ་ནས་བགྲོ་གླེང་ཞིག་སྤེལ། འབྲས་བུ་གང་ཞིག་འཐུས་ཚབ་ཅིག་གིས་འཛིན་གྲྭར་སྙན་ཞུ་ཕུལ་ཆོག དེས་ན་གླེང་གཞིའི་ཁྱབ་རྒྱ་དང་ལས་ཀའི་མང་ཉུང་སོགས་ལ་བབ་བསྟུན་གྱིས་ཚོགས་ཆུང་བཀོད་སྒྲིག་བྱ་རྒྱུ་ནི་གནད་གལ་ཆེན་ཞིག་ཡིན་ཏེ། སྐབས་འདིར་སློབ་མ་སོ་སོའི་ནུས་པར་དོ་སྣང་བྱས་ནས་ཚོགས་ཆུང་བགོས། ཡང་ཚོགས་ཆུང་ལ་ཚོགས་གཙོ་ཞིག་བདམས་རྗེས་ཚོགས་མི་ནང་ཁུལ་ནས་སོ་སོའི་ལས་བགོས་དང་། བགྲོ་གླེང་སྤེལ་ཡུན། དཔྱད་འབྲས་བསྡུ་རུབ་སོགས་ཀྱི་ལས་ཀ་གཉེར་ཆོག གང་ལྟར་བགྲོ་གླེང་དངོས་ཀྱི་རིམ་པ་ནི་བགྲོ་གླེང་བྱ་རིམ་ལས་ཆེས་གནད་འགག་དེ་ཡིན་པས། མི་སྣ་གདམ་གསེས་དང་། དུས་ཚོད་བཀོད་སྒྲིག གླེང་གཞི་གཏན་ཁེལ། དྲི་བ་འདོན་སྟངས་བཅས་ཕྱོགས་ཡོངས་ནས་འཐུས་ཚང་ཞིག་ཡོང་རྒྱུ་གལ་ཆེ་ལ། དེ་ཡང་དགེ་སློབ་མཉམ་འབྲེལ་གྱི་རྨང་གཞིའི་ཆ་རྐྱེན་འོག་བྱུང་བ་ཞིག་ཡིན་པ་ནི་སྨོས་མེད་ཡིན།

གསུམ། མཇུག་བསྡུ་བའི་རིམ་པ།

        གོང་དུ་བཤད་པ་ལྟར་བགྲོ་གླེང་དངོས་ཀྱི་བྱ་རིམ་ཁྲོད་གླེང་བརྗོད་སྤེལ་མཁན་གཙོ་བོ་ནི་སློབ་མ་ཡིན་ལ། དུས་ཚོད་ཕལ་མོ་ཆེ་ཡང་སློབ་མར་དབང་བས་ཁོང་ཅག་གིས་གླེང་སློང་དང་། གཏམ་བཤད། རྩོད་གླེང་སོགས་བགྲོ་གླེང་དངོས་ཀྱི་བྱ་རིམ་དག་རིམ་བཞིན་སྤེལ་རྗེས། ལས་ཀ་དེ་དག་གོ་རིམ་ཡོད་པའི་སྒོ་ནས་མཇུག་བསྡུ་རྒྱུ་ནི། བགྲོ་གླེང་བྱ་རིམ་ལས་མཇུག་མཐའི་ལས་ཀ་དེ་ཡིན་ལ། འདི་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བགྲོ་གླེང་གི་འབྲས་བུར་གདེང་འཇོག་བྱེད་པ་ཞིག་ཀྱང་ཡིན་སྟབས། དགེ་རྒན་གྱིས་བགྲོ་གླེང་སྤེལ་བའི་རྣམ་པ་དང་། དེའི་འབྲས་བུ། རིན་ཐང་། བླང་བྱ། ཞན་ཆ་བཅས་ཕྱོགས་ཡོངས་ལ་གདེང་འཇོག་འོས་འཚམ་བྱས་ཏེ། ཐེངས་རྗེས་མའི་བགྲོ་གླེང་ལ་རྨང་གཞི་ལེགས་པོ་གདིང་རྒྱུ་ནི་མཇུག་བསྡུའི་ལས་རིམ་གྱི་དམིགས་ཡུལ་གཙོ་བོ་དེ་ཡིན། དེ་ཡང་སློབ་ཆེན་དེང་རྩོམ་དཔེ་ཁྲིད་ལ་མཚོན་ན། སློབ་མ་དག་གི་བསམ་ཚུལ་ཁག་ཕྱོགས་བསྡོམས་བྱས་ནས་བགྲོ་གླེང་གི་སྐབས་སུ་རྩོམ་རིག་བརྩམས་ཆོས་གང་དེ་ལ་ལྟ་ཚུལ་མི་འདྲ་བ་ཅི་ཡོད་པ་དང་། ལྟ་ཚུལ་དེ་དག་གི་འབྱུང་རྩ་གང་ཡིན་པ། ཕྱིས་སུ་བརྩམས་ཆོས་ཀྱི་གནད་གང་ཞིག་ལ་དོ་སྣང་བྱེད་དགོས་པ། དེ་དག་ལ་ཟུར་ལྟའི་དཔྱད་གཞི་གང་ཡོད་པ། རྗེས་ཕྱོགས་གཏམ་བཤད་སྤེལ་སྐབས་གནད་དོན་གང་ལ་བཟབས་ནས་ཡོ་བསྲང་བྱེད་དགོས་པ་སོགས་ལ་གདེང་འཇོག་བྱེད་དགོས་པ་ཡིན།

        དེ་ལྟར་བགྲོ་གླེང་གི་འབྲས་བུ་ལས་ལེགས་ཆར་བསྟོད་ཅིང་བསྔགས་ཚེ། སློབ་མར་རང་རྟོན་དང་བརྩོན་སེམས་བསྐྱེད་ནུས་ཤིང་། བསླབ་འདོད་སྦྱང་འདོད་ཀྱི་འདུན་པའང་བསྐྱེད་ཐུབ། ཡང་སློབ་མའི་ཞན་ཆ་དང་མི་འདང་ས་དག་གསལ་བར་བསྟན་ནས། ལེགས་བཅོས་བྱེད་དགོས་ས་གང་ཡིན་བསྟན་པས་ཕྱིས་སུ་སྐྱོན་མི་འབྱུང་བ་ལ་ཕན། དེ་ནས་ཆེས་མཇུག་མཐར་བགྲོ་གླེང་གི་དཔྱད་འབྲས་སློབ་མ་ཚོར་ཡི་གེར་འབེབ་ཏུ་བཅུག་ཆོག་སྟེ། དེས་ཕྱོགས་གཅིག་ནས་བགྲོ་གླེང་གི་འབྲས་བུ་ཕྱོགས་བསྡོམས་བྱེད་ནུས་ཤིང་། ཕྱོགས་གཞན་ཞིག་ནས་སློབ་མའི་རྩོམ་འབྲི་བའི་ནུས་པའང་སྐྱེད་སྲིང་བྱེད་ཐུབ། ཡང་གཅིག་ན་ཡིག་ཐོག་ཏུ་ཕབ་པའི་རེག་ཟིན་དེ་དག་དགེ་རྒན་ལ་སྤྲོད་པ་དང་། སློབ་མ་ནང་ཁུལ་དུ་ཕན་ཚུན་བརྒྱུད་སྤྲོད་ཀྱིས་བལྟ་བ་སོགས་བྱས་ཆོག་པ་དང། དཔེ་ཁྲིད་སྤྱིའི་གྲུབ་ཆ་ཞིག་གི་ངོས་ནས་བགྲོ་གླེང་གི་འབྲས་བུ་ནི་དེང་རྩོམ་བསླབ་ཚན་སྤྱིའི་མཇུག་མཐའི་སྐར་གྲངས་དང་ཡང་འབྲེལ་བ་ངེས་ཅན་མཆིས་པས། རེག་ཟིན་གྱི་ནང་དོན་དང་འབྲི་ལུགས་སོགས་སློབ་མའི་སྦྱངས་འབྲས་རྟོག་བྱེད་ཀྱི་ཟུར་ལྟའི་དཔྱད་གཞིར་ཡང་བཟུང་ཆོག་གོ །

གསུམ་པ། སློབ་ཆེན་དུ་དེང་རྩོམ་དཔེ་ཁྲིད་སྐབས་བགྲོ་གླེང་སྤེལ་བར་འཕྲད་སྲིད་པའི་འགལ་རྐྱེན་དང་དེ་སེལ་ཐབས།

        སློབ་ཆེན་བོད་ཀྱི་དེང་རྩོམ་དཔེ་ཁྲིད་སྐབས་བགྲོ་གླེང་ཡག་པོ་ཞིག་ཡོང་བར་འབད་ཀྱང་། རྐྱེན་དུ་མའི་དབང་གིས་བགྲོ་གླེང་འཐུས་ཚང་ཞིག་སྤེལ་མི་ཐུབ་པའི་སྐབས་མང་དུ་མཆིས་པས། དགེ་རྒན་གྱིས་ཐོག་མ་ཉིད་ནས་འགལ་རྐྱེན་ཅི་འབྱུང་སྐོར་ལ་ཚོད་དཔག་བྱེད་པའམ། སྔོན་གྱི་ཉམས་མྱོང་དག་ཕྱོགས་སྡོམ་བྱས་ཏེ་འགལ་རྐྱེན་དེ་དག་གི་འབྱུང་རྩ་དང་ངོ་བོ་སོགས་ལ་ཞིབ་ཏུ་བརྟགས་ནས་སེལ་ཅི་ཐུབ་བྱེད་དགོས་ཏེ། དེ་ལ་གཤམ་གྱི་དོན་ཚན་འགའ་ནི་ནམ་རྒྱུན་འཕྲད་སྲིད་པའི་འགལ་རྐྱེན་དག་ཡིན།

        གཅིག དེང་རྩོམ་དཔེ་ཁྲིད་སྐབས་རྩོམ་རིག་བརྩམས་ཆོས་དང་རྩོམ་རིག་སྣང་ཚུལ་གང་རུང་ཞིག་ལ་བགྲོ་གླེང་བགྱིད་སྐབས། བགྲོ་གླེང་གི་དམིགས་ཡུལ་གསལ་པོ་མེད་ཅིང་། བགྲོ་གླེང་གི་དགོས་པ་དང་བྱེད་ནུས་ལ་རྒྱུས་མངའ་མེད་པ་ནི། བགྲོ་གླེང་ཡག་པོ་ཞིག་སྤེལ་མི་ཐུབ་པའི་འགལ་རྐྱེན་ཐོག་མ་དེ་ཡིན། དེ་ཡང་དགེ་སློབ་གཉིས་ཀའི་ངོས་ནས་བགྲོ་གླེང་ཅིའི་ཕྱིར་སྤེལ་དགོས་པའི་སྐོར་ལ་གསལ་ཆ་མེད་ཚེ། བགྲོ་གླེང་ནི་སྤྱིར་བཏང་གི་ཁ་བརྡ་ཙམ་དུ་འགྱུར་ཉེན་ཆེ་ལ། དེ་ནི་ཆུ་ཚོད་ཆུད་ཟོས་སུ་བཏང་བ་ཁོ་ནར་ཟད་པས། དགེ་རྒན་ལ་ཐོག་མ་ཉིད་ནས་བགྲོ་གླེང་སྤེལ་བར་དམིགས་པ་གསལ་པོ་ཞིག་ཡོད་རྒྱུ་གལ་ཆེ། སློབ་མར་མཚོན་ནའང་རང་ཉིད་བགྲོ་གླེང་དུ་ཞུགས་པའི་དམིགས་ཡུལ་དང་། འཆར་བཀོད། ཐོབ་འབྲས་སོགས་ལ་སྔ་རོལ་ནས་བསམ་བློ་གཏོང་དགོས། དེ་ལ་དགེ་རྒན་གྱིས་བགྲོ་གླེང་མ་ཚུགས་གོང་སྔོན་འགྲོའི་ཚུལ་དུ་བགྲོ་གླེང་གི་དགོས་པ་ངོ་སྤྲད་ནས་ཡིད་ལ་འཇགས་སུ་འཇུག་དགོས།

        གཉིས། རྩོམ་རིག་དཔེ་ཁྲིད་ལ་མཚོན་ན་བརྩམས་ཆོས་ཀློག་པ་ནི་ལས་ཀ་ཀུན་གྱི་རྩ་བ་ཡིན་ཏེ། རྩོམ་རིག་ཞིབ་འཇུག་ཀུན་གྱི་འཇུག་སྒོའང་དེ་ཡིན། དེར་བརྟེན་བརྩམས་ཆོས་དབྱེ་ཞིབ་ཀྱི་ནུས་པ་བསྐྱེད་ནུས་ཚེ། རྗེས་ཕྱོགས་རྩོམ་རིག་གི་སྣང་ཚུལ་གང་ལ་དབྱེ་ཞིབ་བྱས་ཀྱང་རྨང་གཞི་ལེགས་པོ་ཞིག་འགྲུབ་ངེས། དེར་བརྟེན་བགྲོ་གླེང་འཁྲུག་ཆ་དོད་པོ་ཞིག་ཡོང་བ་ལ་ངེས་པར་དུ་བརྩམས་ཆོས་ཞིབ་ཏུ་ཀློག་དགོས་པ་ནི་སྨོས་ཅི་དགོས་ཏེ། ཞིབ་ཏུ་མ་བཀླགས་པར་གཞན་གྱི་ཟེར་སྒྲོས་དང་ཡང་ན་སྔར་བྱུང་གི་ཚིག་རིས་ཐན་ཐུན་ཙམ་དྲངས་ནས་བརྩམས་ཆོས་ལ་སྡོམ་ཚིག་འགོད་པ་ནི། རང་བློ་ཁེགས་བྱེད་ཀྱི་རྒྱུ་ཡིན་པས་ངེས་པར་སྤང་དགོས། ཡིན་ཡང་བགྲོ་གླེང་སྐབས་སློབ་མ་མི་ཉུང་བ་ཞིག་གིས་སྔོན་ལ་གྲ་སྒྲིག་ལེགས་པོ་མ་བྱས་པར། གཞན་གྱི་སྡོམ་ཚིག་དྲངས་ནས་ལས་འགན་འཁྱོལ་ཐབས་བྱེད་པས། དེ་ནི་བགྲོ་གླེང་ལེགས་པོ་མི་ཡོང་བའི་འགལ་རྐྱེན་གཙོ་གྲས་ཤིག་ཡིན། དེ་ལ་དགེ་རྒན་གྱིས་ཐོག་མའི་གྲ་སྒྲིག་གི་རིམ་པ་དང། བསླབས་ཕྱིའི་དཔེ་ཀློག་གི་རིམ་པ། བགྲོ་གླེང་དངོས་ཀྱི་རིམ་པ། དཔྱད་འབྲས་ཐོབ་སྐར་སྟེར་བའི་རིམ་པ་བཅས་ལ་བརྟག་དཔྱད་ནན་མོ་བྱེད་དགོས་ཤིང་། སྦྱངས་འབྲས་ཉམས་སད་ཀྱི་ལམ་ལུགས་འཐུས་ཚང་ཞིག་བཟོས་ཏེ། བྱ་སྤྱོད་མི་རུང་བ་དེ་དག་འདོར་ཅི་ཐུབ་བྱེད་དགོས་ལ། སློབ་མས་ཀྱང་བགྲོ་གླེང་ལ་ལྟ་སྟངས་ཡག་པོ་འཛིན་དགོས།

        གསུམ། སློབ་ཆེན་གྱི་དངོས་གཞི་རིམ་པའི་དེང་རྩོམ་སྐབས་ཀྱི་བགྲོ་གླེང་ནི། གཙོ་བོ་བརྩམས་ཆོས་རྟོག་ཞིབ་ལ་དམིགས་པ་ཞིག་ཡིན་ཡང་། སློབ་མ་མང་ཤོས་དང་ལྷག་པར་འཛིན་གྲྭ་དམའ་བའི་སློབ་མ་དག་གི་རྩོམ་རིག་གི་བློ་སྦྱོང་ཞན་སྟབས། བགྲོ་གླེང་སྤེལ་སྐབས་སློབ་མ་མང་ཤོས་ཀྱིས་བརྩམས་ཆོས་གང་རུང་ཞིག་བཀླགས་ཏེ། དེའི་བརྗོད་བྱའི་ནང་དོན་བསྐྱར་དུ་གླེང་མཁན་མང་བ་ལས་རིགས་པས་ཟིན་ཅིང་དེ་ལ་དཔྱད་པ་བཏང་ནས་གླེང་མཁན་ཉུང་བའི་ཚོད་དུ་གདའ། ལྷག་དོན་སྦྱངས་དང་སྦྱོང་བཞིན་པའི་རྩོམ་རིག་གཞུང་ལུགས་དང་བརྩམས་ཆོས་ཀློག་འགྲེལ་གཉིས་ཡ་གྲལ་དུ་གྱུར་པའི་རྣམ་པ་མཐོང་རྒྱུ་མང་བས། བགྲོ་གླེང་སྤེལ་སྐབས་དཔྱད་པ་གཏོང་བའི་རིགས་ལམ་སྦྱོང་བརྡར་བྱ་རྒྱུ་ནི་གནད་གལ་ཆེན་ཞིག་རེད་སྙམ། དེ་ལ་འཛིན་གྲྭ་མཐོ་བའི་རིགས་ལ་སྔར་སྦྱངས་ཟིན་པའི་རྩོམ་རིག་སྐོར་གྱི་ཆེད་ལས་ཤེས་བྱ་དེ་དག་བེད་སྤྱད་ནས་བརྩམས་ཆོས་ལ་དབྱེ་ཞིབ་བྱ་རྒྱུར་བསྐུལ་དགོས་ཤིང་། འཛིན་གྲྭ་དམའ་བའི་རིགས་ལ་རྨང་གཞིའི་སློབ་གསོའི་སྐབས་སྦྱངས་ཟིན་པ་དང་། ད་ལྟ་སྦྱོང་བཞིན་པའི་རྩོམ་རིག་ཆེད་ལས་སྐོར་གྱི་ཤེས་བྱ་དག་བེད་སྤྱོད་དུ་འཇུག་དགོས་ལ། སློབ་མའི་རྩོམ་རིག་གི་ཆུ་ཚད་སོགས་ལ་ཉམས་ཚོད་བླངས་རྗེས། བབ་བསྟུན་སྒོས་དཔེ་ཀློག་གི་དཀར་ཆག་ངོ་སྤྲད་ནས་བགྲོ་གླེང་གི་རིམ་པ་བརྒྱུད་ནས་རིགས་ལམ་སྦྱོང་བརྡར་བྱས་ཆོག

        བཞི། བགྲོ་གླེང་གི་སྐབས་སུ་རྨང་གཞི་ཅུང་བཟང་བ་དང་། རྩོམ་རིག་ལ་མོས་པ་ཡོད་པའི་སློབ་མ་འགའ་ཤས་ཀྱིས་ནམ་རྒྱུན་གཏམ་གླེང་སྤེལ་བ་མ་གཏོགས། སློབ་མ་མང་ཤོས་ནི་བགྲོ་གླེང་ལ་མི་ཞུགས་ཤིང་རང་གི་བསམ་ཚུལ་ཡང་མི་སྨྲ་བའི་རྣམ་པ་མཆིས་ཏེ། གཏམ་གླེང་ལ་སྤྲོ་བ་མེད་པ་ནི་འགལ་རྐྱེན་གཙོ་བོ་ཞིག་རེད། དེ་ཡང་ལས་ཀ་གང་ལ་ཞུགས་ཀྱང་འདུན་པ་དང་སྤྲོ་སེམས་གལ་ཆེ་བ་ཇི་བཞིན། དཔེ་ཁྲིད་དང་སློབ་སྦྱོང་ལ་མཚོན་ནའང་ཉན་འདོད་ཞུགས་འདོད་སྒྲུབ་འདོད་ཀྱི་འདུན་པ་ནི་མེད་དུ་མི་རུང་གཤིས། དགེ་རྒན་གྱིས་ཐོག་མར་ཐབས་གང་ཡོད་ཀྱིས་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་ལ་མཐོང་ཆེན་སྒོས་དེ་སྐྱེད་སྲིང་ཡར་སྐུལ་བྱ་རྒྱུ་གལ་ཆེ། དེ་ལ་དེང་རྩོམ་དཔེ་ཁྲིད་དང་སྒོས་སུ་བགྲོ་གླེང་སྐབས་གཙོ་གནད་དམིགས་སུ་བཏོན་ཐོག་དཀའ་གནད་ལ་གསེད་བཀྲོལ་དང་བཅས་བྱས་ཏེ། གཏམ་གླེང་གི་ཆ་ལ་དཔྱད་འཇོག་གནང་ཚེ། སློབ་མས་རང་གི་སྦྱངས་འབྲས་ལོངས་སུ་སྤྱོད་ཐུབ་ཅིང་། དེས་སློབ་མར་བསླབ་པ་གཉེར་བའི་སྤྲོ་བ་བསྲིང་ཐུབ་པར་མ་ཟད། དགེ་རྒན་གྱིས་སློབ་མ་ཚོས་བརྩམས་ཆོས་གང་དེར་བཟུང་བའི་ལྟ་ཚུལ་དང་། དབྱེ་ཞིབ་ཀྱི་ནུས་པ། རིགས་པས་དཔྱད་སྟངས་བཅས་ལ་བློས་དཔགས་ཏེ། རྗེས་ཕྱོགས་ཀྱི་བགྲོ་གླེང་འཁྲུག་ཆ་དོད་པོ་ཡོང་བར་ཉམས་མྱོང་གསོག་ཆོག

        ལྔ། གོང་སྨྲས་བཞིན་བགྲོ་གླེང་ལ་མི་སྒེར་གྱི་བགྲོ་གླེང་དང་། ཚོགས་ཆུང་གི་བགྲོ་གླེང་ཞེས་རིགས་ཆེན་པོ་གཉིས་མཆིས་པ་ལས། སློབ་མ་ཅུང་མང་བའི་འཛིན་གྲྭར་དུས་ཚོད་ཀྱི་དབང་གིས་མི་སྒེར་གྱི་བགྲོ་གླེང་སྤེལ་མི་ཐུབ་སྟབས། ཚོགས་ཆུང་བསྒྲིགས་ཏེ་བགྲོ་གླེང་སྤེལ་རྒྱུ་ནི་ཐབས་ཅུང་ལེགས་ཤོས་ཤིག་ཡིན། འོན་ཀྱང་ཚོགས་ཆུང་ཇི་ལྟར་བཀོད་སྒྲིག་བྱེད་པ་དང་། ཚོགས་ཆུང་ནང་ཁུལ་དུ་ལས་བགོས་ཇི་ལྟར་བྱེད་པ། དེའི་བགྲོ་གླེང་གི་ཆུ་ཚད་ཇི་ལྟར་གཞལ་རྒྱུ་བཅས་ནི་དཀའ་གནད་ཅིག་ཡིན་ཏེ། གལ་སྲིད་བཀོད་སྒྲིག་འོས་ཤིང་འཚམ་པ་ཞིག་མ་བྱུང་ཚེ་ཚོགས་ཆུང་བར་ལ་བར་ཁྱད་ཆེན་པོ་འབྱུང་ངེས། ཡང་འཛིན་གྲྭའི་ཁྲོད་ཀྱི་སློབ་མ་ལ་ལར་མཉམ་ལས་ཀྱི་འདུ་ཤེས་ཞན་སྟབས། ཚོགས་ཆུང་གི་ལས་ཀའི་ནང་མི་ཞུགས་མཁན་ཡང་འདུག དེས་ན་ཚོགས་ཆུང་བགྲོ་གླེང་ནི་ཐོག་མར་ནང་ཁུལ་དུ་བགྲོ་གླེང་ཞིག་སྔོན་ལ་སོང་།
དེ་ནས་དཔེ་ཁྲིད་སྐབས་འཐུས་ཚབ་ཅིག་གིས་གཏམ་གླེང་སྤེལ་ཆོག་ཅིང་། ཡང་སྐབས་འགར་གཏམ་གླེང་སྤེལ་མཁན་སུ་ཡིན་གཏན་ཁེལ་མ་བྱས་པར། དཔེ་ཁྲིད་ཀྱི་སྐབས་ཐོག་དེར་ཚོགས་ཆུང་མི་སྣ་ལས་གཏམ་བཤད་སྤེལ་མཁན་གདམ་ཡང་ཆོག་སྟེ། དེ་དུས་ཚོགས་ཆུང་ནང་ཁུལ་གྱི་ལས་བགོས་དང་། བགྲོ་གླེང་གི་བརྒྱུད་རིམ་དང་དུས་ཡུན། མཐའ་མཇུག་གི་དཔྱད་འབྲས་སོགས་འོས་འཚམ་ངང་མཚམས་སྦྱར་རུང་ངོ་། ། གང་ལྟར་སྐབས་འདིར་སློབ་མའི་སྤྱི་པའི་འདུ་ཤེས་དང་མཉམ་ལས་མཉམ་སྒྲུབ་ཀྱི་འདུ་ཤེས་ནི་ཤིན་ཏུ་འགངས་ཆེ་བས། དུས་རྒྱུན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་འདུ་ཤེས་དེ་འདྲ་ཆགས་རྒྱུར་འབད་པ་ལྷུར་ལེན་བྱ་དགོས།

མཇུག་བསྡུ་བ།

        སློབ་ཆེན་བོད་ཀྱི་དེང་རྩོམ་དཔེ་ཁྲིད་ནི་བརྩམས་ཆོས་ཀློག་འགྲེལ་དང་། དེའི་རྟོག་ཞིབ་ཀྱི་སྟེང་དུ་འབབ་དགོས་པ་ནི་སྨོས་མེད་ཡིན་ཏེ། རྩོམ་རིག་ལོ་རྒྱུས་དང། རྩོམ་རིག་གཞུང་ལུགས། རྩོམ་རིག་སྣང་ཚུལ་ཀུན་བརྩམས་ཆོས་དབྱེ་ཞིབ་ནས་མགོ་ཚུགས་པ་ཡིན། ལྷག་པར་སློབ་ཆེན་གྱི་དཔེ་ཁྲིད་ལ་མཚོན་ན། ཆེད་ལས་དང་འབྲེལ་བའི་རྨང་གཞིའི་ཤེས་བྱ་སྦྱང་བའི་དུས་ཡིན་གཤིས། བརྩམས་ཆོས་ཀློག་འགྲེལ་དང་དེར་རྟོག་ཞིབ་བགྱིད་པའི་ནུས་པ་སྐྱེད་སྲིང་བྱ་རྒྱུ་ནི་དམིགས་ཡུལ་གཙོ་བོ་དེ་ཡིན། དེ་ཡང་བརྩམས་ཆོས་ཀློག་འགྲེལ་དང་རྟོག་ཞིབ་ནི་བརྩམས་ཆོས་དཀྱིལ་སྙིང་དུ་བཟུང་ནས་ཀློག་པ་པོས་མྱོང་རོལ་གཞིར་བྱས་ཏེ། དེ་ལ་ལུང་རིགས་ཀྱིས་དཔྱད་པ་གཏོང་བ་ཞིག་ཡིན་པས། དེ་ནི་ཀློག་པ་པོ་རང་རང་སོ་སོའི་སྒེར་གྱི་ཉམས་མྱོང་དང་།
        ཤེས་བྱའི་ཆུ་ཚད། རྩོམ་རིག་བློ་སྦྱོང་། མཛེས་དཔྱོད་ལྟ་བ་དག་དང་འབྲལ་མེད་ངང་གནས་པས། མི་རེ་རེའི་བརྩམས་ཆོས་ཀློག་འགྲེལ་གྱི་འབྲས་བུ་ནི་མཚུངས་མི་སྲིད། དེར་བརྟེན་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་ཤིག་ངེས་པར་མཁོ་སྟེ། གྲོས་མོལ་ངེས་ཅན་ཞིག་བརྒྱུད་ཚེ་སྒེར་གྱི་ཉམས་མྱོང་ལ་སྤྱི་སྡོམ་དང་གསེད་བཀྲོལ་བྱས་ནས་གཞུང་ལུགས་སུ་ཆགས་རྒྱུའི་རེ་བ་ཡོད། དེ་བས་ན་བགྲོ་གླེང་དང་ལྷག་པར་དཔེ་ཁྲིད་སྐབས་ཀྱི་བགྲོ་གླེང་ཡང་རྩོམ་རིག་བརྩམས་ཆོས་ལ་དཔྱད་པ་གཏོང་བའི་རྣམ་པ་ཞིག་ཡིན་པས། བགྲོ་གླེང་གི་དམིགས་ཡུལ་དང་དོན་སྙིང་། བགྲོ་གླེང་སྤེལ་བའི་བྱ་རིམ་སོ་སོའི་ནང་དོན་དང་སྐབས་དེར་འཕྲད་སྲིད་པའི་འགལ་རྐྱེན་དག་ལ་རྟོག་ཞིབ་བྱས་ནས། དུས་བབ་དང་བསྟུན་ཏེ་ལེགས་པར་བཅོས་ཚེ། དེང་རྩོམ་དཔེ་ཁྲིད་ཀྱི་སྤུས་ཀ་དང་སློབ་མའི་ལག་ལེན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་བཅས་ལ་རོགས་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་བོ། །

[གསལ་བཤད] དཔྱད་རྩོམ་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི2014ལོའ“ཆེད་ལས་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་ལས་གཞི”(中央民族大学2014年“专业综合改革试点”项目)ཡི་བར་སྐབས་དཔྱད་འབྲས་ཤིག་ཡིན།


* བཙུན་པོ་དོན་འགྲུབ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1