ས་རུབ་ཁའི་སྙན་ངག(ཞར་བཀོད་གཉིས)

རྨ་འོད།(ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ས་རུབ་ལ་ཉེ་དུས

བསང་གཏོང་བ་དྲན

བསང་མེ་དམར་པོ་དེས

མུན་པ་བརྔོས་ནས

འོད་ཟེར་འཐག་པ་དྲན

མིའི་ཁ་སྣ་ལ་གྲིབ་ཀྱིས་ཐུམ་བརྒྱབ་པ་ནས

ཚོར་བ་དང་ཤེས་པ་ནི་ཁེགས

དབང་བོ་སྦྲིད་ཅིང་ཡན་ལག་ནི་རལ

དབུགས་ཀྱི་ཐེམ་པ་རེ་རེ་ན

དུག་གི་རླངས་པ་ནི་ཐོལ་ལོ་ལོ

དུག་ཅེས་པ་དེ་གང་དུ་ཡོད

ཁ་ལ་ཟས་སུ་ཡོད

རྣ་ལ་སྒྲ་རུ་ཡོད

ལུས་ལ་རྩ་དང

རྩ་ལ་ཁྲག་ཏུ་ཡོད

ས་རུབ་ལ་ཉེ་དུས

ཉི་མ་དེ་གྲིབ་མའི

ཕུབ་ལྟ་བུར་གྱུར་རྗེས

རི་བོ་དག་མུན་པའི

སྒོ་སྲུང་དུ་འགྲེངས་རྗེས

ཆུ་དང་ཆུ་ཕྲན་འཇམ་ལྷུང་ལྷུང་གིས

སྒོ་ཐེམ་དུ་འབབ་པ་དྲན

ས་རུབ་ལ་ཉེ་དུས

འོད་དང་དྲོད་ལ་རྒྱང་བཀྱེད་རྗེས

ཡིག་ཚོགས་སྨྲེང་བའི་འཚེར་སྐད་ཀྱང

མུན་པའི་རྨིག་འོག་ནས་ཟགས་དུས

ཡུལ་མི་ཚོས་ནུབ་ཇ་འཐུང་བཞིན

ཁྲུས་རྒྱག་པ་དང་སྔུར་བ་འཐེན་པ་དྲན

ས་རུབ་ལ་ཉེ་དུས

སེམས་བརྡར་བརྡར་ནས

མུན་པ་དག་ཀོ་སྐྱི་ལེན་ལེན་བྱ

༢༠༡༧.༡༡.༡༩

[ཕྲན་དཔྱད།/སྒྲེན་པོ།(ཟི་ལིང)]སྙན་ངག་ནི་སྐད་ཆར་འཁེན་ཡོད་ཅིང་། སྐད་ཆའི་བབ་དང་མཐོང་སྣེ་ག་འདྲ་ཞིག་ནས་འགྲེང་སྟེ་སེམས་ལ་བསགས་ཡུན་རིང་བའི་སེམས་ངོ་རྗེན་པ་དེ་བཤམ་རྒྱུ་ནི། སྙན་ངག་པ་རང་རང་གི་ཚོར་བའི་འགྱུ་སྟངས་དང་ཐ་སྙད་ཀྱི་སྡེབ་སྒྲིག་ལ་འབྲེལ་བ་ངེས་ཅན་ཡོད། སྙན་ངག་གི་སྐད་ཆ་ནི་བརྩེ་དུངས་དང་ཆགས་སྡང་གིས་རྨང་ནས་བྲན་ཡོད་པ་ཞིག་ཡིན་དགོས་ཤིང་། སྙན་ངག་པས་སྐད་ཆའི་འབྲེལ་ཟམ་ལ་བརྟེན་ནས་རང་གི་སེམས་ངོ་ཇི་བཞིན་ཀློག་པ་པོར་རིས་སུ་སྟོན་པ་ཙམ་ཞིག་ཡིན་ན། དེ་ལྟ་བུའི་སྙན་ངག་གིས་སྒྱུ་རྩལ་རྩོམ་རིག་གི་འོས་འགན་འགྲུབ་མེད། སྙན་ངག་གིས་ཀློག་པ་པོའི་དབང་བོ་དང་སེམས་ཁམས་ལ་ཟུག་གཟེར་དང་ཟ་འཕྲུག་སློང་བ། དབུགས་ངལ་གསོ་བ། འུ་ཅག་གི་རྒྱུན་གོམས་སུ་སོང་བའི་མཐོང་ལུགས་དང་ཐོས་ལུགས། མྱོང་ལུགས། ལྟ་ལུགས། དཔྱོད་ལུགས་སོགས་ཀྱི་ཁམས་དར་ཅིག་རྦད་དེ་ཅམ་གྱིས་བསྐྱུར་ནས། མཐོང་སྣེ་ཡན་གར་བ་ཞིག་དང་ཡང་ན་བཤད་ཕྱོགས་གསར་བ་ཞིག་གི་ལམ་ནས་ཕྱི་རོལ་ཁམས་ཀྱི་བྱ་དངོས་དང་སྙན་ངག་པའི་སེམས་ཀྱི་མངའ་ཐང་ཚོར་དུ་བཅུག་པ་ཡིན་ན། དེ་ལྟ་བུའི་སྙན་ངག་གིས་ད་གཟོད་སྒྱུ་རྩལ་རྩོམ་རིག་གིས་བསྩལ་བའི་འོས་འགན་ཡོངས་འགྲུབ་བྱས་ཟིན། དེ་ལྟ་བུའི་སྙན་ངག་ལ་ད་གཟོད་གསར་རྩོམ་མམ་གསར་གཏོད་ཀྱི་ཆ་ངེས་ཅན་ཡོད། རང་ལས་ལོགས་སུ་གནས་པའི་མི་ཞིག་ལ་སྐད་ཆ་ཞིག་བཤད་ནས་ཡིད་ཆེས་སུ་འཇུག་རྒྱུ་དང་ཡང་ན་སྐད་ཆ་བཤད་ཕྱོགས་བསྒྱུར་ནས་ཚོར་སྣང་གསར་བ་ཞིག་སྟེར་རྒྱུ་གཉིས་ནི་རྦད་དེ་ཁ་ཁ་སོ་སོ་ཡིན། ཡིད་ཆེས་སུ་འཇུག་རྒྱུའི་རྨང་རྟེན་ནི་བཤད་སྟོབས་དང་གཏན་ཚིགས་ཀྱི་གྲ་ཞིབ་མིན་ལ་འབྲེལ་ཡོད་ཅིང་། ཚོར་སྣང་གསར་བ་ཞིག་སྟེར་རྒྱུའི་གཞི་རྩ་ནི་སེམས་ཁོང་གི་ཆགས་སྡང་གཡོ་སྟངས་ལ་འབྲེལ་ནས་ཡོད། དེ་བཞིན་དུ་མི་གཞན་ཞིག་ལ་ཡིད་ཆེས་སུ་འཇུག་རྒྱུ་དང་མི་གཞན་ཞིག་ལ་ཚོར་སྣང་གི་ཁམས་གསར་བ་ཞིག་སྟེར་རྒྱུའི་སྐད་ཆ་གཉིས་ཀྱང་གཏན་ནས་མི་འདྲ། སྔ་མ་ནི་གཏན་ཚིགས་དང་བརྡ་དོན་གྱི་སྐད་ཆ་ཡིན་ལ། ཕྱི་མ་ནི་ཆགས་སྡང་གིས་རྨང་ནས་བྲན་པའི་མི་བུ་སྒེར་བ་ཞིག་གི་སྐད་ཆ་ཡིན་དགོས། སྙན་ངག་གི་སྐད་ཆས་ང་ཚོར་དུས་དང་རྣམ་པ་ཀུན་ཏུ་ཟུག་གཟེར་སློང་བ་དང་ངར་ལྡུད་ཐུབ། གཏན་ཚིགས་ཀྱི་སྐད་ཆར་བརྡ་སྤྲོད་པའི་ཆོས་ཉིད་དང་ཚིག་མཛོད་ཡོད་ནའང་། འགྲོ་མིའི་སེམས་རྒྱུད་ཀྱི་འདོད་རྩེ་དང་སྤྲོ་དགའ། མཛེས་ཚོར་ལ་བརྡ་སྤྲོད་པའི་ཆོས་ཉིད་གཏན་ཆགས་པ་ཞིག་ཡོད་མི་སྲིད། དེའི་རྒྱུ་མཚན་ག་རེ་རེད་ཟེར་ན། འགྲོ་མིའི་ཆགས་སྡང་གི་སྐད་ཆ་ཐམས་ཅད་ནི་འུ་ཅག་གི་སེམས་ཀྱི་ཁོང་གསེང་ན་འགྱུ་བ་མི་བརྟན་པའི་སྤྲིན་ཚོམ་ཞིག་དང་འདྲ་བར། གར་འགྲོ་གར་གཏད་མེད་པར་ཡམ་ཡོམ་འཕྱོ་ཞིང་ལྡེམ་བཞིན་ཡོད་པས་ཡིན། སྐད་ཆ་འདི་གཉིས་ལ་དབྱེ་བ་ཡོད་པས་ན། གཞི་ནས་ཆོས་ལུགས་དང་མཚན་ཉིད་རིག་པ། མི་ཆོས་ཀུན་སྤྱོད་སོགས་བརྡ་དོན་སྨྱན་བྱེད་ཡིན་པའི་གཏན་ཚིགས་ཀྱི་སྐད་ཆ་ཞིག་དང་། སྙན་ངག་དང་བརྩམས་སྒྲུང་། ཟློས་གར་འཁྲབ་གཞུང་སོགས་ཆགས་སྡང་འབྱར་རྩི་ཡིན་པའི་སྒྱུ་རྩལ་རྩོམ་རིག་གི་སྐད་ཆ་གཉིས་དགར་དགོས་བྱུང་བ་རེད།

བོད་ལྗོངས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྷག་པ་ཆོས་འཕེལ་ལགས་ཀྱིས“རྩོམ་རིག་ནི་སྐད་དང་ཡི་གེར་བརྟེན་པ་གང་ཞིག རྩོམ་པ་པོས་སྤྱི་ཚོགས་ཀྱི་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་དེ་ཐོབ་པའི་མྱོང་བ་གཟུགས་བརྙན་གྱི་ལམ་ནས་མངོན་མཚོན་བྱེད་པ་ཞིག་ལ་འདོད”ཅེས་པ་ནི་སྡོམ་ཚིག་གནད་དུ་ཐིངས་པ་ཞིག་རེད་འདོད་ཅིང་། སྤྱི་ཚོགས་ཀྱི་འཚོ་བར་མཛེས་དཔྱོད་ཀྱིས་དཔྱད་དེ་ཐོབ་པའི་མྱོང་བ་ཞེས་པའི་ཚིག་ཟུར་ལ། རྩོམ་རིག་སྒྱུ་རྩལ་ནི་གཅིག་ནས་སྐད་ཆ་དང་ཡི་གེར་འཁེན་ཡོད་པ་དང་། གཉིས་ནས་མཛེས་དཔྱོད་ཀྱི་ཁམས་གསར་བ་ཞིག་བསྐྲུན་ཡོད་པ། གསུམ་ནས་ཡིད་བརྙན་དང་སྣང་བརྙན་གྱི་ལམ་ནས་མངོན་མཚོན་བྱས་ཡོད་པ། བཞི་ནས་འཚོ་བར་དཔྱད་དེ་ཐོབ་པས་ན་གསར་གཏོད་ཀྱི་ཆ་ངེས་ཅན་ལྡན་པ་བཅས་རྩོམ་རིག་སྒྱུ་རྩལ་ལ་ཡོད་འོས་པའི་ཁྱད་ཆོས་རྣམས་གསལ་ལེར་བསྟན་ཡོད་སྙམ། དེ་ལྟར་ཡིན་ན། སྙན་ངག་ཀྱང་གོང་གསལ་མཐའ་སྡོམ་དེ་ལས་མ་འདས་སྙམ།

འདིར་སྔོན་གླེང་གི་སྐོར་རེ་ཞིག་བཞག་ནས་རྨ་འོད་ལགས་ཀྱི《 ས་རུབ་ཁའི་སྙན་ངག》ཅེས་པ་འདི་ལ་རང་གི་ཀློག་སྟངས་དབང་བཙན་པར་བྱས་ཏེ་ཕྲན་དཔྱད་ལྟ་བུ་ཞིག་བགྱིས་ན། སྙན་ངག་པས་དེང་མའི་འཚོ་བ་རོལ་སྟངས་དང་ད་ལྟའི་འཚོ་བ་རོལ་ཕྱོགས་གཉིས་བསྡུར་བའི་ཚུལ་གྱིས་བྲིས་ཏེ། ང་ཚོའི་ཀུན་གཞིའི་ཟབ་ས་ན་བག་ལ་ཞ་ཡུན་རིང་བའི་འཚོ་བ་ཞིག་ལ་དྲན་གསོ་བྱེད་ཀྱིན་ཡོད་པ་འདྲ། དེང་མའི་འཚོ་བ་སྲོག་ཏུ་བྱས་པའི་ས་རུབ་ཁར་དགོང་བསང་གཏོང་བ་དང་། གྲིབ་སོ་གུག་རྗེས་ཀྱི་འབྲོག་ཐང་ལ་སྔར་མེད་ལྷིང་འཇགས་ཀྱི་ཁམས་གསར་བ་ཞིག་བསྐྲུན་པའི་མོད་ལ། ཕུ་ཆུའི་ལྷུང་སྒྲ་སྔར་ལས་གསལ་ལྷང་ལྷང་དུ་འཕོས་པ། ད་དུང་མཁའ་དབུགས་གཙང་སིང་ངེ་བས་བརྒྱན་པ་བཅས་ཀྱི་འཚོ་བའི་བརྙན་རིས་ཤིག་དང་། དུག་རླངས་ཕོག་པ་དང་འདྲ་བའི་མཁའ་དབུགས་བཙོག་པ་དང་དེང་གི་འཁྲུག་ཟིང་གི་འཚོ་བ། དབང་རྩ་ར་རོས་ཟིན་པ། ཁྲུས་རྒྱག་པ་དང་སྔུར་བ་འཐེན་རྒྱུ་ལས་ཕྱི་རོལ་ཁམས་ཀྱི་མཚན་སྨག་རིམ་གྱིས་འཐིབས་པའི་མོད་ལ་མུན་ནག་གི་མདུན་ནས་གྲིབ་མ་མགྱོགས་མོར་འགྲོ་བཞིན་པའི་སྣང་ཚུལ་གྱིས་མཚོན་པའི། དེང་མའི་རང་བྱུང་ཁམས་དང་ཉེ་བར་བཅར་བའི་ལྟ་ལུགས་གོམས་ལུགས་མང་པོ་ཞིག་དང་རྒྱང་བཀྱེད་ཚར་བར་དོགས་ཚོམ་དང་ཞེ་བློ་བདེ་བོ་མེད་པའི་གནད་ལྟ་བུ་ཞིག སྙན་ངག་གི་ཟ་ཟུར་གང་རུང་ལས་མཐོང་བར་མ་ཟད། སྙན་ངག་པ་ས་རུབ་ལ་ཉེ་དུས་དགོང་བསང་བཏང་བ་ན། བསང་མེ་དམར་པོ་དེས་མུན་པ་བརྔོས་ནས་འོད་ཟེར་འཐག་བཞིན་པའི་འཚོ་བའི་འདྲ་རིས་དེ་ལ་ཡིད་འཁྲེང་བའང་ཞོར་ལ་རྟོགས་ཐུབ། དེ་མིན་ད་དུང་དེང་གི་དུས་སུ། ས་རུབ་ལ་ཉེ་དུས། ཡུལ་མི་ཚོ། འོད་དང་མུན་པར་རྒྱང་བཀྱེད་དེ། ཡིག་ཚོགས་སྨྲེང་བའི་འཚེར་སྐད་ཀྱང་མུན་པའི་རྨིག་འོག་ནས་ལན་གྲངས་དུ་མར་མཆེད་འོང་ནའང་། རང་ཉིད་ཀྱི་སྔར་འདྲིས་སྔར་གོམས་ཀྱི་འཚོ་བ་དང་རང་ཉིད་སྔ་ས་ནས་བཏང་ཚར་བའི་ཡུལ་མི་ཚོས། འཛེམ་ཟོན་ཅི་ཡང་མེད་པར་སྔུར་བ་འཐེན་རྐྱང་དང་ཁྲུས་རྒྱག་ཞོར། རང་ཉིད་ཀྱི་ཕུང་བོར་དང་དོད་བྱེད་པ་ལས་རྣམ་ཤེས་ཀྱི་གཟུངས་འཛིན་བོར་དང་འབོར་བཞིན་པ་ལ་སྣང་དོགས་ཅི་ཡང་མེད་པ་མཐོང་བས། ན་ཟུག་གིས་གཟིར་བའི་སྙན་ངག་པས། ས་རུབ་ལ་ཉེ་དུས། རང་ཉིད་ཁོ་ནས་རང་གི་ནང་སེམས་ཡང་ནས་ཡང་དུ་བརྡར་ནས། འོད་ཟེར་བདས་པའི་མུན་ནག་གི་རྩིག་གྱང་འདི་ཉིད་ཀོ་བའི་ཕྱི་ཤུན་གྱི་སྐྱི་མོའམ་པགས་པ་སྲ་མོ་བཞིན་དགོག་ན་འདོད་པར། ང་རང་ངོས་ནས་གདུང་སེམས་མཉམ་བསྐྱེད་ཡོད།

སྙན་ངག་འདིའི་སྐད་ཆར་དབྱངས་འགྲོས་ཀྱིས་བརྒྱན་ཡོད་པར་མ་ཟད། རྩོམ་ནང་དུ་ཐོན་པའི་ཡིད་བརྙན་རྣམས་ཀྱིས་རི་མོའི་ཁམས་ཆེན་པོ་ཞིག་བསྐྲུན་ནས་སྙན་ངག་གི་བར་སྟོང་གླགས་ཡངས་པོར་ཕྱེས་ཡོད། སྙན་ངག་པས་གསར་རྩོམ་བྱེད་སྐབས་ཐ་སྙད་ཀྱིས་སྟོང་བའམ་ཡང་ན་སྨྲ་བསམ་བརྗོད་འདས་ཀྱི་ཚད་ལ་སླེབས་ན། ཚུལ་བབ་དེ་ལས་འགོང་ཐབས་ནི་ཅིས་ཀྱང་སྙན་ངག་གི་སྐད་ཆར་རོལ་དབྱངས་ཀྱི་སྲོག་ཞུགས་རྒྱུ་དང་སྙན་ངག་གི་ཁམས་ལ་རི་མོའི་འདག་ཞལ་བྱུག་རྒྱུ་དེ་ཡིན། ཐབས་འདི་གཉིས་ལས་སྙན་ངག་ནི་རོལ་དབྱངས་དང་རི་མོ། སྐད་ཆ་བཅས་གཞི་གཅིག་ཏུ་བསྲེས་པ་ལས་གྲུབ་པའི་སྒྱུ་རྩལ་རིགས་ཤིག་ཡིན་པ་མངོན་པར་བསྟན་ཡོད། སྙན་ངག་པ་རྨ་འོད་ཀྱིས་ཀྱང་རང་གི་ཚོར་བའི་འཕྱོ་འཇགས་དང་བསྟུན་ནས་ཚིག་དང་ཐ་སྙད་ཀྱི་སྲད་བུར་རོལ་དབྱངས་ཞུགས་ཡོད་པ། སྙན་ངག་གི་ནང་ཐོན་པའི་ཚིག་སྣ་ཐུང་ངུ་དག་གིས། ང་ཚོར་དབུགས་འཚུབ་བཞིན་པ་ལྟ་བུའི་བྲེལ་སྣང་གི་ཚོར་བ་ཞིག་སྟེར་བར་མ་ཟད། ད་དུང“ས་རུབ་ལ་ཉེ་དུས/ཉི་མ་དེ་གྲིབ་མའི/ཕུབ་ལྟ་བུར་གྱུར་རྗེས/རི་བོ་དག་མུན་པའི/སྒོ་སྲུང་དུ་འགྲེངས་རྗེས/ཆུ་དང་ཆུ་ཕྲན་འཇམ་ལྷུང་ལྷུང་གིས/སྒོ་ཐེམ་དུ་འབབ་པ་དྲན”ཞེས་པའི་བརྙན་མིག་ཏུ་དྲངས་པ་ནང་བཞིན་རི་མོའི་ཁམས་ཤིག་ཀྱང་བསྐྲུན་ཡོད་དོ།།


རྩོམ་ཡིག་སྔོན་མ།
2018.03
རྩོམ་ཡིག་རྗེས་མ།
དབྱར་ཨེ་ཐོན་ཐལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1