དབྱར་ཨེ་ཐོན་ཐལ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
དབྱར་ཨེ་ཐོན་ཐལ
མེ་ཏོག་གི་གདན་ཆ་གང་ན་ཡོད
མཛུབ་མོ་ནང་ལ་བཀུག་དུས
ཁ་བ་མང་པོ་ཞིག་བབས་པ་དྲན་སོང
ཆར་ཞོད་དང་ཆུ་ལོག་ཀྱང་མང་བ་དྲན་སོང
མཛུབ་མོ་ནང་ལ་བཀུག་དུས
ད་ལོ་ཉ་མང་པོ་ཞིག་རྐྱེན་ལམ་དུ་སོང་བ་དེ
འབུ་མང་པོ་ཁངས་ཞབས་ནས་རུལ་བ་དེ
ཁངས་ཞོད་རྒྱུན་མི་ཆད་པ་དེ
དབྱར་དང་འབྲེལ་བ་ཨེ་ཡོད
དབྱར་ཨེ་ཐོན་ཐལ
མཐོ་རྒྱུགས་ཁངས་མ་ཆར་དེས
ངའི་སྐྱེད་ཚལ་ལ་གྲང་བ་བཏབ་སོང
གློག་མིག་ལྷ་མ་འདྲེ་དེས
ངའི་རྨི་ལམ་ལ་ཡོལ་རས་བརྒྱབ་སོང
ཕ་མ་འདར་གྱིན་པ་དེ
དགེ་རྒན་འདར་གྱིན་པ་དེ
སློབ་རའང་འདར་གྱིན་པ་དེ
དབྱར་དང་འབྲེལ་བ་ཨེ་ཡོད
དབྱར་ཁོ་ནར་བསྒུགས་ནས
དགུན་མང་པོ་ཞིག་རྫོགས་སོང
དགུན་གྱི་གྲུ་ཁ་རེ་རེ་ནས
དབྱར་མ་དྲན་པ་གཅིག་ཀྱང་མེད
ཁུ་བྱུག་གྲག་ཉིན་དེར
དགའ་བ་ཚད་མེད་སྐྱེ་མྱོང
མེ་ཏོག་དང་ཉི་འོད་མཉམ་དུ་གྲོལ་སྣང་བྱུང
སྤྲིན་དཀར་ལེབ་མོ་ཞིག་བསིལ་གདུགས་བཞིན
བར་སྣང་དུ་འཁྱིལ་བ་དྲན་ན
དབྱར་ལས་སྙིང་ཉེ་བ་ཞིག་མེད་པ་བསམས་སོང
དབྱར་ལས་ཡིད་མགུ་བ་ཞིག་མེད་པ་གྲུབ་སོང
དབྱར་ཁོ་ན་ལ་ཕྱི་མཛེས་ནང་མཛེས་ཀྱིས་འཚོ་ཆོག་པ་སྙམ་བྱུང
མདང་དགོང་ཡང་བསྐྱར་ཁངས་མ་ཆར་ཞིག་བབས
དེ་ནི་མཐོ་རྒྱུགས་ལ་ཕྱི་ཁྲུས་ནང་ཁྲུས་བརྒྱབ་པ་དང་འདྲ
དྲི་གཞི་ནག་ལ་སློབ་མ་དཀར་བ་དེས
སེམས་གྲང་མོ་ཆུ་འདྲ་བ་བྱས་སོང
དབྱར་ཨེ་ཐོན་ཐལ
༢༠༡༨.༦.༦
[ཕྲན་དཔྱད།/གཅན་ཆེད་འབར།(མངའ་རིས)]སྒྱུ་རྩལ་གྱི་རིགས་སུ་གྱུར་པ་ཡོད་དོ་ཅོག་གིས་སྒྱུ་རྩལ་ཁོ་ན་གཙིགས་སུ་བཟུང་ཆོག་ནའང་། ཧྥ་རན་སེའི་མཛེས་དཔྱོད་རིག་པ་བ་ཏུའུ་ཁྲོམ་ཕུ(杜尚)ཡིས“མ་འོངས་པའི་མཛེས་དཔྱོད་རིག་པ་བ་ནི་སྤྱི་ཚོགས་ལ་གདོང་གཏོད་ཐུབ་པའི་མི་ཡིན”ཞེས་བསྙད་པ་ལྟར། སྒྱུ་རྩལ་གྱི་རིགས་སུ་གྱུར་པའི་སྙན་ངག་གིས་ཀྱང་སྤྱི་ཚོགས་ལ་གདོང་གཏོད་དགོས་ཤིང་། སྙན་ངག་གི་བྱེད་པོ་ཀུན་གྱིས་ཀྱང་རང་སྣང་ཟ་ཟི་ཙམ་གྱེར་བ་ཙམ་གྱིས་མི་ཆོག་པར་སྤྱི་ཚོགས་ཀྱི་གསེང་ན་ཤྭ་འོད་བཞིན་དྲག་ཏུ་བརྡོལ་བའི་ཛ་དྲག་གི་གནས་ཚུལ་དག་གླུ་རུ་ལེན་དགོས་ཏེ་མི་རིགས་ཀྱི་གནས་བབ་ཀྱིས་སྒྱུ་རྩལ་གྱི་ཁ་ཕྱོགས་ཀྱང་ཐག་གཅོད་ཀྱིན་ཡོད། དེ་བས་ནོ་ཝེར་རྩོམ་རིག་གི་གཟེངས་རྟགས་མགུལ་དུ་བཞེས་མྱོང་བའི་ཆི་ལེ་རྒྱལ་ཁབ་ཀྱི་སྙན་ངག་པ་ནེ་རོ་ཊ (聂鲁达)ཡིས“ཕུལ་དུ་བྱུང་བའི་སྙན་ངག་ནི་འཚོ་བ་དང་ཁ་འབྲལ་མི་སྲིད”ཅེས་པ་ལྟར། སྙན་ངག་པ་རྨ་འོད་ཀྱིས་ཀྱང་འཚོ་བའི་རླུང་གིས་གཡོས་པའམ་འཚོ་བའི་ཁྲོད་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་གང་རུང་ཞིག་གམ་ཕལ་མོ་ཆེས་དོ་སྣང་བྱེད་ཀྱིན་མེད་པའི་འཚོ་བའི་ཆ་ཤས་ཤིག་རང་ཉིད་ཀྱི་དུངས་སེམས་ཀྱིས་དབྱངས་སུ་གྱེར་ཏེ་ང་ཚོའི་རྣ་བའི་བཅུད་དང་མིག་གི་དཔྱིད་དུ་བསྩལ་ཡོད།
ལར་སྙན་ངག་རང་སྟེང་གི་སྒྲིག་གཞི་ལ་གཏན་འཇགས་དང་ཚགས་དམ་པའི་ཆ་ལྡན་ཞིང་སྒྲིག་གཞི་དང་བརྗོད་བྱ་གཞི་གཅིག་ཏུ་འདྲེས་ཡོད་ནའང་། ང་ཚོས་ལྟ་ཀློག་གི་གོ་རིམ་ཁྲོད་སྙན་ངག་དེའི་ནང་རྡིག་གི་ཟབ་ས་དང་སྙན་ངག་པའི་ནང་སེམས་ཀྱི་སིམ་གདུང་བར་མའི་ཚོར་བའི་ཀློང་དུ་འཛུལ་བའི་ཕྱིར་ཏུ་སྙན་ངག་རང་སྟེང་ལ་ཨ་འཐས་སུ་འབྱར་བའི་སྒྲིག་གཞི་ཉིད་གང་འཚམ་གྱིས་གཏོར་ཆོག་ཅིང་། རྩོམ་གྱི་སྒྲིག་གཞི་ཉིད་གཏོར་ཏེ་འཇུག་ཆོག་པ་དེ་ནི་ཀློག་པ་པོའི་ཁེ་དབང་ཡིན་སྟབས། ང་ཚོས་སྙན་ངག་འདིའི་སྒྲིག་གཞི་གཏོར་ཏེ་བལྟས་ན་སྙན་ངག་འདི་ལ་འཇུག་བདེའི་ལམ་བུ་ཞིག་བཏོད་ཡོད་པར་མ་ཟད་ཏུར་གྱིས་མྱངས་ན་ཚིག་གི་མཁར་རྫོང་ནང་རོལ་གྱི་སྣང་ཚུལ་གང་རུང་ཞིག་ཀྱང་མྱོང་ཐུབ་སྟེ། “ཁུ་བྱུག་གྲག་ཉིན་དེར”ཞེས་པའི་ཚན་པ་ལྔ་པ་དེ་སྙན་ངག་འདིའི་རྨང་ངམ་སྙན་ངག་པས་སྤྱི་ཚོགས་ཀྱི་སྣང་ཚུལ་གང་རུང་ཞིག་ལ་ལིམ་ལོག་སྟོན་བྱེད་དང་དངོས་ཡོད་གང་རུང་ཞིག་སྤྲོས་བརྗོད་བྱེད་པའི་རྩ་བ་རུ་བགྱིས་ཡོད་པ་འདི་སྙན་ངག་ལ་འཇུག་པའི་སྒོ་གླེགས་སུ་བྱས་ན། ད་གཟོད་སྙན་ངག་གི་བསྟན་དོན་ཉིད་ཚེགས་མེད་བདེ་བླག་ཏུ་འཁྲིགས་འོངས་ཏེ། “མེ་ཏོག་དང་ཉི་འོད་མཉམ་དུ་གྲོལ་སྣང་བྱུང/སྤྲིན་དཀར་ལེབ་མོ་ཞིག་བསིལ་གདུགས་བཞིན”ཞེས་བཀོད་འབྲི་འདི་ནི་སྙན་ངག་པའི་རྟོག་ཡུལ་གསེབ་ཀྱི་དབྱར་ཁའམ་ཡང་ན་ང་ཚོ་བྱིངས་ལ་འདྲིས་ཆ་ཆེ་བའི་དབྱར་ཁ་ཡིན་ཞིང་དེ་ལྟའི་དབྱར་ཁའི་ཁྲོད་ང་ཚོ་ད་གཟོད“ཕྱི་མཛེས་ནང་མཛེས་ཀྱིས་འཚོ་ཆོག་པ་སྙམ་བྱུང”ཞེས་དབྱར་ཁ་མ་གཞི་ནས་འདི་ལྟར་ཡིན་དགོས་པའམ་ཡིན་སྙམ་པའི་བག་ཆགས་དེས་སྙན་ངག་པའི་ཡིད་སེམས་ཀྱི་འཇིག་རྟེན་ཧྲིལ་གྱིས་བསྒྲིབས་ཡོད་ནའང་། དོན་དངོས་དང་སྙན་ངག་པའི་མིག་ལམ་དུ་དེ་ལྟར་མ་ཡིན་པར་སྙན་ངག་པའི་ཡིད་སེམས་ཀྱི་མཛེས་སྡུག་གི་དབྱར་ཁ་དང་རྒྱང་ཐག་རིང་བས“དབྱར་ཨེ་ཐོན་ཐལ”ཞེས་རྟིང་གནོན་དང་གསལ་འདེབས་ཀྱི་ཟོལ་དུ་ང་ཚོར་དྲི་བ་མང་པོ་ཞིག་ལུ་གུ་རྒྱུད་དུ་དྲིས་ཡོད་དེ། ཚན་པ་དང་པོ་དང་གཉིས་པས་རང་བྱུང་གི་ཆག་ཆེ་ཉམ་ངའི་སྣང་ཚུལ་བསྙད་པ་དང་ཚན་པ་གསུམ་པས་སྤྱི་ཚོགས་ཀྱི་ཡ་ང་བའི་གནས་ཚུལ་གང་རུང་ཞིག་བརྗོད་ཡོད། དེ་ལྟར“དབྱར་ཨེ་ཐོན་ཐལ”དང་མཇུག་ཏུ“དབྱར་དང་འབྲེལ་བ་ཨེ་ཡོད”ཅེས་བྲིས་པའི་སྤྱིར་བཏང་གི་དྲི་བ་འདིའང་སྤྱི་ལྡོག་གང་རུང་ནས་ཚན་པ་ལྔ་པས་ལན་ལྡོན་ཡོད་པས་ཚན་པ་ལྔ་པ་འདི་དཀྱིལ་སྙིང་དུ་བཟུང་ནས་བལྟས་ན་ང་ཚོས་དེ་དག་གི་ལན་རྙེད་ཐུབ་པར་མ་ཟད། ང་ཚོས་ཡུལ་དང་ཡུལ་ཅན་གྱི་འགལ་འདུ་དྲག་པོ་ཞིག་གམ་སྙན་ངག་པའི་ནང་སེམས་ཀྱི་འགལ་འདུ་དང་ན་ཟུག་གང་རུང་ཞིག་ངང་ངམ་ཤུགས་ཀྱིས་མྱོང་ཐུབ་ཅིང་། ཚན་པ་བཞི་པའི“དབྱར་ཁོ་ནར་བསྒུགས་ནས/དགུན་མང་པོ་ཞིག་རྫོགས་སོང/དགུན་གྱི་གྲུ་ཁ་རེ་རེ་ནས/དབྱར་མ་དྲན་པ་གཅིག་ཀྱང་མེད”པ་དེས། འགལ་འདུ་དེ་དག་གིས་བསྐྱེད་པའི་ཨུ་ཐུག་ཐབས་ཟད་དམ་འཁང་ར། ཡང་ན་དངོས་ཡོད་ཀྱི་སུན་གཙེར་རམ་སྙན་ངག་པའི་རེ་ལྟོས་ལ་ཕོག་པའི་དངོས་ཡོད་ཀྱི་བརྡབ་གསིག་ལས་བྱུང་བའི་སྐྱོ་གདུང་མཚོན་ཡོད་པ་དང་། མཇུག་གི་ཚན་པ་དེས་མིག་སྔར་གྱི་སྣང་ཚུལ་བསྟར་ལ་བརྒྱུས་ཏེ“སེམས་གྲང་མོ་ཆུ་འདྲ་བ”བྱས་པ་བཞིན་སྙན་ངག་པའི་སྐྱོ་གདུང་དང་གཏོལ་མེད། འཁང་ར། རེ་ལྟོས་དང་དངོས་ཡོད་ཀྱི་འགལ་འདུ་དེ་མཐོ་རུ་བསྟད་ཅིང་། མཇུག་ཏུ་སླར་ཡང“དབྱར་ཨེ་ཐོན་ཐལ”ཞེས་པས་ང་ཚོ་ཀློག་པ་པོ་རྣམས་ལ་སྙན་ངག་ཏུ་བསྟན་དང་མ་བསྟན་པའི་དོན་གནད་དེ་དག་ལ་བསམ་བློ་གཏོང་དུ་འཇུག་པ་དང་དྲི་བར་ལན་སློན་མཁན་ནམ་དྲིས་ལན་འཚོལ་མཁན་གྱི་གྲས་སུ་བཀྲི་བར་བྱེད་པར་མ་ཟད།“དབྱར་ཨེ་ཐོན་ཐལ”དང“དབྱར་དང་འབྲེལ་བ་ཨེ་ཡོད”ཅེས་པའི་དྲི་བ་དག་གིས་སྙན་ངག་འདིའི་བསམ་གཞིག་གི་བར་སྟོང་ཅུང་ཕྱེ་ཡོད་པར་འདོད། གང་ལྟར་ང་ཚོས་ཚན་པ་ལྔ་པ་དེ་ཉིད་གཞི་རྩར་བྱས་ཏེ་སྙན་ངག་འདི་མགོ་མཇུག་བར་གསུམ་ལ་རྒྱུ་འགྲུལ་བྱས་ན་ང་ཚོས་སྙན་ངག་པའི་ནང་སེམས་དང་ཕྱི་ཡུལ་གྱི་འགལ་ཟླ། དེ་བཞིན་སྐྱོ་གདུང་དང་འཁང་ར། དངོས་ཡོད་ལ་གདོང་གཏོད་པའམ་དངོས་ཡོད་ཀྱི་སྣང་ཚུལ་གང་རུང་ལ་སུན་འབྱིན་བགྱིས་པའི་སྙིང་སྟོབས་གསལ་ལེར་རྟོགས་ངེས་ཤིང་། སྙན་ངག་ཏུ་རང་བྱུང་གི་སྣང་ཚུལ་ཁག་ཅིག་བཀོད་པ་དེའང་མཐར་གཏུགས་ན་དངོས་ཡོད་དང་སྙན་ངག་པའི་ནང་སེམས་ཀྱི་འགལ་བ་རྣོ་ངར་ཅན་དུ་གྱུར་པའི་གྲོགས་སུ་སོང་ཡོད་པར་སྙམ།
མདོར་ན་སྙན་ངག་འདི་མཚོན་རྟགས་རིང་ལུགས་སམ་བསྡུས་བརྗོད་ཀྱི་ཉམས་ཅུང་འབུར་དུ་བཏོད་ཡོད་ནའང་གོ་དཀའ་བའི་རིགས་ཡེ་ནས་མིན་ཞིང་། ཚིག་ལ་སྙན་པའི་ཆ་ཅུང་ཟད་ལྡན་ནའང་ཚིག་གི་རོལ་རྩེད་ལ་མགོ་འཁོར་མེད་པའམ་ལོགས་སུ་བསྐྱུར་ཞིང་སྙན་ངག་པ་རང་ཉིད་ཀྱི་དུངས་སེམས་དང་འཚོ་བ་གཞི་གཅིག་ཏུ་བསྲེས་ཏེ་དངོས་ཡོད་ཀྱི་སྣང་ཚུལ་གང་རུང་ལ་སུན་འབྱིན་བྱེད་པའི་སྦྱོར་བ་ལ་དམིགས་ཤིང་དེ་ཉིད་ལྷུར་དུ་བླངས་པས་འཚོ་བའི་བདེན་སྟོབས་ཀྱིས་ཀུན་ནས་ཕྱུག་ཡོད་པའི་རྒྱུ་མཚན་གྱིས། སྙན་ངག་འདིས་ཚིག་གི་རོལ་རྩེད་ལ་ཆགས་པའམ“ས་རུ་མི་འབབ་པའི”སྙན་ངག་པ་དག་ལ་སྒྱུ་རྩལ་གྱི་འགན་འཁྲི་དང་འཚོ་བའི་འགན་འཁྲིའི་དབར་མཚུངས་རྟགས་ཡིན་པའི་དོན་སྙིང་ལ་དམར་ཁྲིད་ཐེངས་ཤིག་བགྱིས་ཡོད་པར་མ་ཟད། འཚོ་བ་ནི་སྒྱུ་རྩལ་གྱི་རྟེན་གཞི་ཡིན་པར་བསྐྱར་དུ་གསལ་འདེབས་ཐེངས་ཤིག་བྱས་ཡོད་པར་འདོད།