ལྷུན་གྱིས་འཚེར་ཡ་ཚོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ལོ་ཟླ་ག་ཚོད་འགོར་སོང སྐྲ་ལོ་ག་ཙམ་ཉུང་ཡོད

རྒས་པའི་རླབས་རིས་དེ་གང་ནས་བཞུར་ཡོང གང་ལ་བཞུར་འགྲོ

ཁ་པར་མཐོང་བ་དེ་ཁྱེད་ཚོ་མཐོང་བ་དང་འདྲ་སོང

སྐད་འཕྲིན་གྱི་སྐུང་ན་མིག་ལྷེམ་ལྷེམ་གྱིས་འཚངས་ལོས་ཡོད་བསམས་ན

ལག་པ་སྔ་ས་ནས་མི་འགུལ་ཐབས་མེད་རེད

ཁ་མཆུ་ཐུག་པ་ཙམ་གྱིས ཁ་རྣ་འཕྲོད་པ་ཙམ་གྱིས

རྩོད་དགོས་པ་མང་ལ་བརྗོད་འདོད་པའང་མང་པོ་མང་པོ་ཡོད

མགོ་རྣ་བའི་གཟེངས་ན ངག་མཆིལ་མའི་རླབས་ན

ལྷུན་གྱིས་འཚེར་ཡ་ཚོ འོད་ཀྱིས་འཁྱུག་ཡ་ཚོ

འཁོར་བའི་ཕྱི་ནང་ནས འདོད་པའི་སྒང་གཤོང་ནས

ཕྱི་ཆར་བས་བརླན་རུང་ནང་ཐིགས་ཆུས་ཟགས་པ་མ་སོང

ཉིན་མཚན་གྱི་རུམ་ཁ་དེ་ནས བདེ་སྡུག་གི་ཐུ་བར་དེ་ནས

ལྷ་ས་བར་ཁ་བ་བབས་ཚེ ཨ་མདོ་བར་གྲང་བ་ཟུག་ཡོང

འབྲོག་སར་ཆར་ཆུ་ཆད་ན རོང་ས་ལའང་ཐན་པ་འཕྱུར་ཡོང

འདི་ལྟར་ལུས་གྲིབ་མ་ཁེན་ནས ཞེ་སྣང་བ་བརྒྱུས་པ་ཉུང་ཉུང་མིན

འདི་ལྟར་ཁ་ཁོག་པ་བསྲེས་ནས གློ་རྒྱུ་མ་མཐུད་པ་ཉུང་ཉུང་མིན

ད་ཆ་ལག་པ་སྔོན་ལ་བསྲིངས་ཀྱང རྐང་བས་རྗེས་ནས་འཐེན་འདྲ་དེ་ལོ་ན་ཚོད་ཡིན་འདྲ

འཛོམས་པའི་དུས་ཆད་ཡིན་འདྲ བརྩེ་བ་མུ་རུ་སྦྲེལ་བའི་དྲ་བ་ཡིན་འདྲ

ཅི་ཡང་མ་འཁྱོངས་པའི་དེ་རིང གདོང་དམར་པོ་ཉི་མས་བཞུས་ན

དྭངས་བསིལ་བསིལ་གྱི་ཁྱེད་ཚོ

མིག་ཆུའི་ཐིགས་པ་དང་འདྲ་བར་སྙིང་ལ་ལྷུང་ཡོང

ལོ་དེར་ལན་གྲུ་སྔོན་པོ་ནས

མཁའ་དབུགས་ནག་པོ་རེ་རྔུབ་པ་དྲན་ཡོང

ལོ་དེར་སེམས་པ་གཤོག་ཐོགས་ཚོས་རྨ་ཆུ་བརྒལ་ནས

འབྲི་ཆུ་བརྟོལ་ནས སྐྱིད་ཆུའི་ཁ་ཞེང་བྲེགས་པའང་དྲན་ཡོང

ལོ་དེར་འཛམ་བུ་གླིང་འདི་ཆུང་བ་ལ

ང་ཚོ་འཛམ་བུ་གླིང་ལས་ཆེ་བ་ལ

ད་ནི་ཞྭ་ཕུད་ནས་ཉི་མར་མཇལ་སྐབས་ཤིག་འཚོལ་ཡ

ད་ནི་ལྷམ་ཕུད་དེ་ལྷོད་ཆོག་པའི་གནས་ཚང་ཞིག་བཅའ་ཡ

དུས་ཚོད་ག་ཙམ་ལྷག་ཡོད ཞོགས་པའི་མཁའ་དབུགས་ལ

དགའ་ལྷང་ལྷང་གི་འཛུམ་རིས་ག་ཙམ་འཁྱུག་ཐུབ

དགོང་ཁའི་རི་རྒྱབ་ལ་བལྟས་ན ང་ཚོ་ཡང་འཇམ་ཐིང་ཐིང་གིས་ཡིབ་བཞིན་པ་ཚོར་རམ

༢༠༡༥.༦.༡༩

[ཕྲན་དཔྱད།/གངས།(ཁྲིན་ཏུའུ)]སྙན་ངག་ཧྲིལ་པོ་འདས་པའི་དུས་ཀྱི་དྲན་པ་དང་བརྩེ་སེམས་ཀྱིས་ཁེངས་པ་ཞིག་རེད། དྲན་པ་དང་བརྩེ་སེམས་དེ་ཡང་སྙན་ངག་གི་ཚིག་རྒྱན་དང་ཡིད་བརྙན། བསྡུས་བརྗོད་ཀྱིས་མ་བཅིངས་པར་ཁ་གསལ་དང་ཇི་བཞིན་བརྗོད་ཡོད་པ་ཞིག་རེད། སྙན་ངག་གི་ཁམས་ཧྲིལ་པོ་རྒས་པའི་གོ་རིམ་ལས་ཐོབ་པའི་མི་ཚེའི་མྱོང་རྟོགས་ལ་གཞི་བྱས་ནས་གྲུབ་ཡོད།

སྤྱིར་ང་རང་རྨ་འོད་ཀྱི་སྙན་ངག་གསར་བ་གང་ཡིན་མཐོང་མ་ཐག་ཀློག་རྒྱུར་གོམས་ཡོད་པ་ཞིག་ཡིན་ནའང་། ཁོང་གི་དེང་དུས་ཀྱི་སྙན་ངག་མང་ཆེ་བ་སྔོན་གྱི་སྙན་དེབ《ཉི་མའི་མགྲོན་པོ》སོགས་སུ་བཀོད་པའི་སྙན་ངག་དག་དང་མི་འདྲ་བར། སྙན་ངག་གི་མཛེས་ཚོར་རམ་ཡག་སྣང་ཁྱད་པར་བ་དེ་མེད་པ་དང་སྙན་ངག་སྒྱུ་རྩལ་གྱི་འཚོལ་སྙེག་ཕལ་བ་བྱས་ཤིང་། གང་ཞིག་བརྗོད་འདོད་པ་ཅི་ལྟར་བརྗོད་པའི་ཐད་ལ་བློ་རྩལ་དང་སློབ་གཉེར་མེད་པ་ཆགས་པས་མཐོ་རིམ་ཀློག་པ་པོའི་སྡེ་ན་ཁོང་གི་སྙན་ངག་ལ་དང་དོད་བྱེད་མཁན་ཇེ་ཉུང་དུ་གྱུར་དང་འགྱུར་བཞིན་པའི་སྣང་བ་བྱིན་སོང་།

འོན་ཀྱང་སྙན་ངག་འདི་ལས་རྨ་འོད་ནི་མཐོ་ས་ནས་དམའ་སར་བབས་ཏེ་ཕྱི་ནས་ནང་དུ་ཁ་འཁོར་ནས་རང་གི་སེམས་ཀྱི་ཟབ་ས་ནས་གྲག་པའི་སྒྲ་དབྱངས་ཤིག་སྙན་ངག་ཏུ་འབྲི་བཞིན་འདུག

ལོ་དེར་ཞེས་སྣང་བ་དང་དུངས་སེམས་ཀྱིས་བརྟས་པའི་འདས་དུས་ཤིག་ལ་ཕྱིར་དྲན་བྱས་ཤིང་། ཆུང་གྲོགས་ཚོ་དྲན་པའི་གདུང་བ་མངོན་པར་བྱས་ཡོད། དུས་ད་ལྟ་ཁོ་ཚོ་མུ་ཏིག་སྤར་མོ་གང་སྤང་ལ་ཐོར་བ་བཞིན་འཇིག་རྟེན་འདིའི་གྲུ་ག་སོ་སོར་གནས་ཀྱང་དྲན་ཤེས་དང་བརྩེ་སེམས་ཀྱིས་ཕན་ཚུན་དམ་དུ་སྦྲེལ་འདུག་པ་སྙན་ཚིག་འདིའི་ཚིག་འགྲོས་ཀྱི་ཟུར་ཙམ་ལས་རྟོགས་ཐུབ།

ད་ནི་ཞྭ་ཕུད་ད་ནི་ལྷམ་ཕུད་ཅེས་རྒས་པའི་གོ་རིམ་ཁྲོད་ཨ་ཐང་ཆད་པ་དང་ཚེ་སྲོག་གིས་ཐེག་དཀའ་བ་དག་ཐང་ལ་བཞག་ནས་ངལ་གསོ་ཐེངས་ཤིག་བྱེད་འདོད་ཀྱི་བློ་ཁམས་བསྟན་ཡོད། མི་ཞིག་གི་མི་ཚེ་ནི་ཉིན་གཅིག་གི་ནངས་དགོང་གི་དཔེར་བྱས་ཤིང་། རང་ཉིད་ནི་ཉི་མ་ནུབ་རིར་ཡིབ་པའི་ཕྱོགས་སུ་སླེབས་ཀྱིན་པའི་སེམས་གཅོང་ཞིག་རབ་རིབ་ཏུ་མཚོན་ཡོད།

གལ་སྲིད། སྙན་ངག་པའི་རང་གི་བླ་སྲོག་ལྟ་བུའི་བརྩེ་དུངས་དང་དྲན་པ། འཆར་སྒོ་སོགས་བོར་བརླག་བྱུང་ཚེ། སྙན་ངག་པའི་སྙུ་གུ་ནི་རྣམ་ཤེས་དང་འབྲལ་བར་འགྱུར་ལ། སྙན་ངག་པ་ནི་སྐད་ཆའི་སྐག་ཚོན་གདོང་ལ་བྱུགས་པའི་གར་མཁན་ཙམ་དུ་ཟད་དོ།།

གསེར་གྱི་ཐིག་ལེ། རྩོམ་སྒྲིག་འགན་འཁུར་པ། ཡེ་ཤེས་སྐྱབས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1