མངའ་རིས། ཞང་ཞུང་བསུབས་ཤུལ་གྱི་མངའ་རིས།(སྙན་ཚོམ)གཙང་པོའི་མགོ་ཁུངས།

བྱ་གཞུང་དབྱངས་བྷ།(ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


གཙང་པོའི་མགོ་ཁུངས།

ཡར་འགྲོ་བའི་ལམ་ཁ་ཧྲིལ་པོ་ཡར་ཀླུང་གཙང་པོ་རེད

ཡར་འགྲོ་བའི་ལམ་ཁ་ཧྲིལ་པོ་ཁྱེད་ཀྱི་ཞབས་རྗེས་རེད

སྐུ་གཟུགས་ཆུང་ཆུང་གཙང་པོར་བཅིབས་ནས་ཐུར་དུ་འབྱོན་དུས①

ཨ་མའི་རེ་བཅོལ་གྱིས རི་རབ་བཞིན་རྒྱབ་ནས་མནན་ཡོད་ངེས

ཀྱེ མཐུ་རྟགས་ཐོན་སོང་ངམ ཐོས་པ་དགའ

ད་ལོག་ན་ཏག་ཏག་རེད ཨ་མའི་ཞེ་འཁོན་ཁོག་པ་གང་བོ

ད་ནི་མཐུ་ཡིས་སེལ་རན་གདའོ

ཁྱེད་ཀྱི་ཞབས་རྗེས་ནི་གཙང་པོ་ཞིག་སྟེ

ང་ཚོས་མཉམ་དུ་མགོ་ཁུངས་སྙེག་ཅིང་འགྲོའོ

༢༠༡༨.༨.༣སྔ་དྲོར་རིན་སྤུངས་ནས་ལྷ་རྩེར་སྐྱོད་པའི་རླངས་འཁོར་སྟེང་དུ།

གུང་ཐང་ལ་མོ།

ཉིན་གང་བོར་གཙང་པོའི་མགོ་ཁུངས་སྙེག་གིན་ཕྱིན

ཉིན་གང་བོར་ཉི་མའི་རྗེས་འདེད་གཏོང་གིན་ཕྱིན

འཛམ་གླིང་ཉི་མ གུང་ཐང་ལ་མོའི་དབུ་རྩེར་ཐོགས་འདུག

ད་ནི་དབུགས་ཧལ་ཧལ་གནང་གིན་འདུག

རི་གཡང་ཆགས་ནོར་བུ་གཤིབ་འདྲ་གདའ

ལམ་གྱ་གྱུ་ཆུ་རྒྱུན་འབབ་འདྲ་གདའ

མེས་པོ་སྐད་གཉིས་དབང་ཕྱུག་རྣམས་ཀྱི་རྡོག་སྒྲའི་ཆུ་རྒྱུན་ནི

ད་དུང་ཡང་དབུ་རྩེའི་སྨུག་པའི་གསེབ་ན་བཞུར་གྱིན་ཡོད་སྣང་འཆར

མཁས་གྲུབ་མཁན་ཆེན་དམ་པ་རྣམས་ཀྱི་སེམས་བསྐྱེད་ཀྱི་ཆུ་རྒྱུན་ནི

ད་དུང་ཡང་ཆར་ཆུ་ཟམ་ཟིམ་ཁྲོད་ན་འབབ་ཀྱིན་ཡོད་སྣང་སྐྱེས

ཐོས་པ་དགའ གསུང་མགུར་སང་སང་སང་ལ་སྐྱོན་དང

འཛམ་གླིང་ཉི་མས་ཀྱང་ཕྱི་མིག་འཆོར་ལེ་ཞིག་སྐྱོན་དང

༢༠༡༨.༨.༣དགོང་དྲོར་གུང་ཐང་ལ་མོ་བརྒལ་དུས།

སྐྱ་རྔ་རྩ།

ཤིག་སྲོའི་རལ་བ་ཉིལ་ལེར་རྒྱུག་འདུར་གནང་ས སྐྱ་རྔ་རྩ

སེར་རྡོའི་ཁྲོག་སྒྲ་ལྡིར་རེར་འཁོན་ལན་སློག་ས སྐྱ་རྔ་རྩ

ལོ་རྒྱུས་རྒན་པོའི་གདོང་གི་རྨ་འབུར་ཆུང་ཆུང སྐྱ་རྔ་རྩ

དེ་རིང གྱང་ཆག་གི་དབུ་སྐྲ་གཟེང་ངེར་ང་ལ་བསུ་བ་གནང་བྱུང

ཐོས་པ་དགའ ད་ལོར འོར་མ་གྲུ་གསུམ་ལ་ཞོག་ཁོག་བཏབ་ཡོད

འོར་མ་གྲུ་གསུམ་ཨ་མའི་ནུ་མ་འདྲ

ཞོག་ཁོག་མིག་དགུ་དཀར་འཇམ་འོ་མ་འདྲ

ད་ལོར གྲོད་པ་ལྟོགས་དགོས་མེད་དོ

ཕྱི་རིམ་ནང་རིམ་གྱི་རི་བོའི་ལྕགས་རི་བརྒལ་རྗེས

ཕྱི་རིམ་ནང་རིམ་གྱི་སེམས་པའི་ལྕགས་རི་བརྒལ་རྗེས

ད་དུང་བརྒལ་རྒྱུར་ལུས་འདུག་པ་ཅི་ཞིག་མཆིས་སམ

ཐོས་པ་དགའ སོང་ཞིང་སོང་བའི་ཁ་གཏད་ནི ནམ་ཡང

ཀེར་རེར་འགྲེང་བའམ་དུད་དེ་གནས་པའི་རང་ཉིད་རེད་དམ

༢༠༡༨.༨.༤ཉིན་མང་ཡུལ་གུང་ཐང་སྐྱ་རྔ་རྩ་རུ།

གྱེས་ཕུག

སྤྱན་རས་པདྨ་སྔོན་པོ་ཕྱི་མིག་ལིང་ངེར

སྨིན་མཚམས་ཐིག་ལེ་གོར་མོ་དམར་མདངས་གསལ་ལེར

རིན་ཆེན་རྐང་གདུབ་ལག་གདུབ་སིལ་སྒྲ་ལྷང་ངེར

ངང་པའི་འགྲོས་ཀྱིས་ཕེབས་ཡོང་ངམ ཨ་ཅག་བལ་བཟའ②

ད་ནི་སྤྱན་ཆབ་བདུད་རྩིའི་ཟིལ་བ་ཕྱིས་ཙམ་གནོངས་དང

ཕྱི་མིག་སེམས་པའི་ཐག་སྣེ་མདུན་ལ་དཀྲིས་དང

མདུན་ཕྱོགས་ནི ཆེན་པོ་བོད་ཀྱི་རྒྱལ་ཁམས་རེད

མདུན་ཕྱོགས་ན སྲོང་བཙན་ལྷ་ཡི་སྲས་པོ་བཞུགས

༢༠༡༨.༨.༥ཉིན་མང་ཡུལ་སྐྱིད་རོང་གྱེས་ཕུག་ཏུ།

བྲག་དཀར་རྟ་སོ།③

སྐུ་ལ་གོས་མེད

ཞལ་ལ་ཟས་མེད

སེམས་ལ་འཛིན་མེད

ཟྭ་ཚོད་ཟས་སུ་བསྟེན

རྫ་ཆུ་སྐོམ་དུ་བསྟེན

རི་དྭགས་གྲོགས་སུ་བསྟེན

སྐུ་ནི་རླུང་ལ་བཅིབས

གསུང་ནི་མགུར་ལ་བཅིབས

ཐུགས་ནི་སྒོམ་ལ་བཅིབས

དགུང་སྔོན་གནམ་ལ་རྒོད་བཞིན་ལྡིང

དོག་མོ་ས་ལ་གཅེར་བུར་ཉལ

རྟ་སོ་དཀར་པོ་ནམ་མཁའི་མཐོངས་ན་བཞུགས

མི་རྒན་སྔོ་ལྡང་བོད་པའི་སེམས་ན་བཞུགས

མཛེས་སེ མཛེས་སེ

ཞོག་ཁོག་ཚོས་དང ཤུལ་ལུས་ང་ཚོས་མཉམ་པོར་བཟའོ

༢༠༡༨.༨.༦ཉིན་མང་ཡུལ་སྐྱིད་རོང་བྲག་དཀར་རྟ་སོ་རུ།

མ་ཕམ་གཡུ་མཚོ།

མ་ཕམ་གཡུ་མཚོ སྲིད་པའི་མཚོ་རྒན

ལྷ་ཡི་གཡུ་ཞུན་མེ་ལོང ཀླུ་ཡི་གཟིམ་གུར་སྔོན་པོ མི་ཡི་གཡང་རྟེན་བུམ་པ

འཛམ་གླིང་སྲིད་པའི་གཙུག་གཡུ གདོང་དམར་བོད་པའི་བླ་གཡུ

མ་ཕམ་གཡུ་མཚོ མཚན་ཙམ་གྱིས་ཀྱང་སྙིང་ལ་ངལ་གསོ་སྟེར

མཇལ་བའི་ཚེ་ན་སེམས་ཀྱི་མནོལ་གྲིབ་སེལ

མཚན་ལ་ཟླ་བའི་སྨད་གཡོགས་འདྲ སྐར་ཚོགས་ཁྲོད་ན་སྔོ་ཤམ་ཤམ

ཉིན་ལ་ཉི་མའི་སྤྱན་ཆབ་འདྲ སྤྲིན་པའི་གསེབ་ན་འོད་འཚེར་འཚེར

མ་ཕམ་གཡུ་མཚོ

མེས་པོའི་དབུ་འཕང་མཐོན་པོ་ཁྱེད་ལ་དུད་ཅིང་འོངས

མེས་མོའི་སྐྱིད་སྡུག་གཉོམ་པོ་ཁྱེད་ལ་ཞུ་ཞིང་འོངས

ལན་གཅིག་མཇལ་བའི་དེ་རིང

ཉ་ཞིག་ཡིན་ན་བསམ་བྱུང

གངས་ཅན་པ་མི་རབས་བརྒྱ་ཕྲག་བྱེ་བའི་སྨོན་ལམ་དང་སྐྱིད་སྡུག

ཆགས་སྡང་དང་སེམས་ཁྲལ ཞེད་དངངས་བྱེ་བ་ཕྲག་བརྒྱ་རྣམས

མཚོ་མོའི་གཏིང་ལ་འཁྱེར་ན་བསམ་བྱུང

གཏིང་རིམ་གཏིང་རིམ་ལ་མངོན་ཆུང་གིས་བྱོ་ན་བསམ་བྱུང

༢༠༡༨.༨.༨ཉིན་མ་ཕམ་གཡུ་མཚོ་སྐོར་དུས།

གངས་རིན་པོ་ཆེ།

གངས་སྐོར་རྒྱག་དུས

མགོ་ནག་བོད་པའི་ནང་སེམས་ཀྱི་ཆེས་མཐོ་ས་དེ་སྐོར་གྱིན་ཡོད་སྣང་འཆར

རང་ཉིད་ཀྱི་ཆེས་དྭངས་སའི་གཏིང་རིམ་དེར་སྐྱོད་ཀྱིན་ཡོད་སྣང་འཆར

ཁ་ཆར་ལྷགས་རླུང་དང་དཀའ་ཚེགས་ངལ་དུབ་ཐམས་ཅད

སྒེར་སེམས་ཉི་ཚེ་བ་དག་འཁྲུད་བྱེད་བྱབས་ཁྲུས་ཡིན་སྣང་འཆར

གྱེན་ལ་འཛེག་དུས

རེ་དོགས་ཙག་ཙིག་དང་ཁེ་གྲགས་ཐན་ཐུན་དག་ཐོལ་གྱིས་བརྒལ་གྱིན་ཡོད་སྣང་བྱས

ཐུར་ལ་འབབ་དུས

ཅོལ་ཆུང་མཁས་རློམ་གྱི་སྣང་བ་བན་བུན་དག་རྡོག་པས་རྫི་བཞིན་ཡོད་སྣང་བྱས

གངས་སྐོར་རྒྱག་དུས

དུས་ཚོད་དང་འབྲེལ་བ་མེད་པའི འཕོ་འགྱུར་དང་འབྲེལ་བ་མེད་པའི

འཇིག་རྟེན་ཆོས་བརྒྱད་དང་ཡང་འབྲེལ་བ་མེད་པའི་གངས་རིན་པོ་ཆེ་ནི

མ་གཞི་ནས་བརྟན་ཀེར་རེར་རང་ཉིད་ཀྱི་རུས་གསེང་ན་འགྲེང་ཡོད་སྣང་བྱས

དེ་ལྟར ཉིན་གང་སྟེ་དུས་ཚོད་བཅོ་ལྔའི་རིང་ལ་སོང་སོང་རྗེས

ངས་རང་ཉིད་འགྲོ་རྒྱུར་ལུས་པའི་ལམ་ཐག་ད་དུང་ཤིན་ཏུ་རིང་བ་ཚོར

༢༠༡༨.༨.༩ཉིན་གངས་སྐོར་ལམ་དུ།

སྒང་པ་བོད་པའི་མི་བོ་ཆེ།

མ་ཕམ་མཚོ་སྐོར་དང་ཏེ་སེའི་གངས་སྐོར་གྲུབ་རྗེས

ངས་གཤེན་རབ་མི་བོ་ཆེ་དྲན་བྱུང ཞང་ཞུང་དྲན་བྱུང

གངས་དཀར་ཏེ་སེའི་རུས་པས་སྐྱེད་པའི་བུ་རབ

མ་ཕམ་མཚོ་མོའི་པང་ནས་འཚར་བའི་ཤེས་རིག

སྒང་པ་བོད་པའི་བུ་རབ སྒང་པ་བོད་པའི་ཤེས་རིག

ལོ་ངོ་སྟོང་ཕྲག་ལ་བསུབས་ཤིང་སུབ་པའི་ད་ལྟར

ད་ནི་རབ་རིབ་མག་མོག་ཅིག་ལས་མི་མངོན་ན་ཡང

ངས་གཤེན་རབ་མི་བོ་ཆེ་དྲན་བྱུང ངས་ཞང་ཞུང་དྲན་བྱུང

ནག་སུབ་བཏང་ཚར་བའི་ཤེས་རིག་གི་ལུང་བ་ཞིག་ནས

ནག་སུབ་བཏང་ཚར་བའི་ཤེས་རིག་གི་མི་བོ་ཆེ་ཞིག་དྲན་དུས

རང་ཉིད་ཀྱི་ཤ་ཁྲག་རུས་པའི་གསེང་དང་ཕ་ས་ཕ་ཡུལ་གྱི་བླ་སྲོག་ངོས་ནས

རྩ་ཆེ་བ་ཅི་ཞིག་སྔར་ནས་གོ་རིམ་ལྡན་པའི་ངང་ནས་ནག་སུབ་བཏང་ཚར་བ་ཚོར

ནག་སུབ་གཞན་དག་ཀྱང་གོ་རིམ་ལྡན་པའི་ངང་ནས་བྱུང་དང་འབྱུང་གིན་པ་ཚོར

སྙིང་ཉེ ནག་སུབ་ཅེས་པའི་འབྱུང་རྩ་ལོ་རྒྱུས་དང་བཅས་པ་ངས་ཤེས་ཡོད

ད་ལྟའི་ང་དང་ཁྱོད ནག་སུབ་གཏོང་གིན་པའི་གོ་རིམ་ཡང་ངས་མྱོང་བཞིན་ཡོད

ཀྱེ་ཀྱེ ཐེག་པ་རིམ་དགུའི་འོད་གསལ་གྱི་དབྱིངས་སུ་བཞུགས་པའི་མི་བོ་ཆེ

དེ་རིང མདོ་སྨད་མཐིལ་གྱི་མི་ཕོ་སྟེ

གྲུབ་མཐའི་ཞེན་པ་བོར་ཅིང་འཚོ་བའི་ཆགས་སྡང་གིས་བཅིངས་པའི་ངས

ཞང་ཞུང་བསུབས་ཤུལ་གྱི་མངའ་རིས་ནས་ཁྱེད་རང་དྲན་བྱུང འཚོ་བ་དྲན་བྱུང

༢༠༡༨.༨.༡༠ཉིན་ཏེ་སེ་གངས་དང་མ་ཕམ་མཚོ་བར་གྱི་ཐང་ཆེན་བརྒྱུད་དུས།

གུ་གེའི་མཁར་ཤུལ།

བྲག་ལ་བརྩམས་པའི་ཤེས་རིག་གི་གླེགས་བམ

མཁའ་རུ་བསྐྲུན་པའི་ལྷ་བཙན་པོའི་ང་རྒྱལ

སྲིད་པའི་མཐོ་ས ཤེས་རབ་ཀྱི་མཐོ་ས

བདག་སེམས་ཀྱི་མཐོ་ས་ནས་མཇལ་བྱུང མཇལ་བའི་མོད་ལ

བདག་ནི་ཡིན་ཡིན་ཡོད་ཡོད་ཀྱི་སྣང་བ་མཐོན་པོས་སྦོས་ཡོང་གིན་འདུག

བྲག་ཕུག་ཕུ་མེད་རྣམས་ནི་མགོ་མེད་ལུས་པོས་བསུབས④

བྲག་རིའི་ནགས་ཀློང་སྐྱ་བོ་དམར་པོ་ཁྲག་ལ་བསྒྱུར

ཕ་སྤུན་གྱི་སྲོག་འཕྲོག སྲུ་མོའི་ལུས་འཕྲོག

རིགས་ཀྱི་དགེ་རྩ་འཕྲོག་པའི་བྱུང་འདས་ཀྱི་དན་རྟགས་གསོན་པོ་ཁྱོད

ཉི་ཟླའི་འཁོར་ལམ་ནས་མཇལ་བྱུང མཇལ་བའི་མོད་ལ

ང་རང་ཚོའི་རུས་གསེང་ཁྲག་གསེང་ན ད་ལྟ་ཡང་ད་དུང

འཐེན་འཁྱེར་ནང་དམེ་ཡི་དུག་མཚོ་ཁོལ་ཁོལ་དུ་གནས་པ་དྲན་ཡོང་གིན་འདུག

༢༠༡༨.༨.༡༡ཉིན་རྩ་མདའ་རུ།

ཕྱིར་ལོག་པའི་ལམ་ཁར།

ཕྱིར་ལོག་པའི་ལམ་ཁར ཕྱི་མིག་ཡང་ཡང་ཤོར

ལོ་རྒྱུས་ལས་ཀྱང་རྒྱུན་རིང་བའི་ཁ་འབབ་རྣམ་བཞིའི་སྣོད་དང་བཅུད

ལོ་རྒྱུས་དང་ལྷན་དུ་ཁྲག་རྩའི་སྦུབས་སུ་རྒྱུག་ཡོང མིག་ཀོང་ནང་ལ་འཁྱིལ་ཡོང

སྟོད་ཀྱི་མངའ་རིས་སྐོར་གསུམ

ག་ལེར་བཞུགས ཡང་ཡང་མཇལ་ཡོང

ཕྱིར་ལོག་པའི་ལམ་ཁར གངས་རི་བྱེ་མ་གཡུང་དྲུང་མཇལ་བྱུང

གཡུ་མཚོ་སྔོ་མེར་འཁྱིལ་བའི་གདན་སྟེང་ན

གཡུང་དྲུང་ཁྲ་ལེར་བཀྲ་བའི་ཁྲི་སྟེང་ན

གྲུབ་ཐོབ་གཟན་དཀར་མཁའ་ལ་འཕགས་འདྲ་གདའ

ཏེ་སེ་གངས་ཀྱི་གངས་རྒྱུད ཡར་ཀླུང་གཙང་པོའི་མ་ཡུམ

ངའི་རྨི་ལམ་ནང་དུ་རྒྱུན་རིང་བཞུགས་མྱོང་བའི་གངས་དཀར་ལྷ་མོ

ག་ལེར་བཞུགས སླར་ཡང་མཇལ་ཡོང

ཕྱིར་ལོག་པའི་ལམ་ཁར

གངས་རིའི་ཕྱི་ནང་གསང་གསུམ་པོ

མངོན་ལྐོག་བརྒྱུད་གསུམ་ནས་ཞུ་སྟེ

བཞུར་གྱིན་པའི་ཚུལ་ལ་བྲེད་ཤ་ཡང་ཡང་ལངས

གངས་དཀར་ཤེལ་གྱི་མུ་ཁྱུད ངའི་མེས་པོའི་བླ་རི

ག་ལེར་བཞུགས ཡང་ཡང་མཇལ་བར་སྨོན

༢༠༡༨.༨.༡༢ཉིན་འབྲོང་པ་རུ།

དབུས་ལ་འབྱོར་བ།

“སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ

བར་དུ་དབུས་གཙང་རུ་བཞི་ཡུར་བ་འདྲ

སྨད་དུ་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ”ཞེས་གསུངས

གནའ་སྔ་མོར ཤེས་རིག་ནི

ཆུ་བོ་རྣམས་དང་འདྲ་བར་སྟོད་ནས་སྨད་ལ་བབས་ཏེ་ཡོང⑤

བབས་ཏེ་ཡོང་ཞིང་བཞུར་ཏེ་སོང་ཤུལ་ན སྙིང་ཉེ

རྫིང་བུ་བྱས་པ་ཅན་དེའི་ནང་དུ་ཅི་ཞིག་འཁྱིལ་བསྡད་ཡོད་མེད་ངས་མཐོང

ཡུར་བ་རྒྱང་གྲགས་ཅན་དེའི་ནང་ནས་ཅི་ཞིག་བཞུར་གྱིན་ཡོད་མེད་ངས་ཤེས

ས་ཞིང་སྣུམ་ཞག་ཅན་དེའི་ནང་དུ་ཅི་ཞིག་སྐྱེ་བཞིན་ཡོད་མེད་ཀྱང་ངས་རྟོགས་སོ

དབུས་ལ་འབྱོར་རྗེས

སྟོད་ལ་ཤེས་རིག་གི་རྫིང་བུ་བསྐྱིལ་མཁན

བར་ལ་དད་འདུན་གྱི་ཡུར་བ་བཟོ་མཁན

སྨད་ལ་ཤེས་རབ་ཀྱི་ས་ཞིང་འདེབས་མཁན་མེས་པོ་ཚོ་དྲན་བྱུང

མེས་པོ་བློ་གཤོགས་ཅན་ཚོ་ནི མ་གཞི་ནས

རྫིང་བུ་དང ཡུར་བ་དང ས་ཞིང་རེ་རེ་ཡིན་པ་ཚོར་ཡོང

དབུས་ལ་འབྱོར་རྗེས སེམས་ནང་ལ་སྔ་རྒྱུན་ལྟར

རྫིང་བུ་དང ཡུར་བ་དང ས་ཞིང་གི་སྐོར་འཁོར་འཁོར་བྱེད་ན་ཡང

བུལ་ཐུག་གང་འདོད་འཐུང་བཞིན་ཁ་བཙུམས་ནས་བསྡད

༢༠༡༨.༨.༡༦ཉིན་ལྷ་སར།



མཆན།

①མི་ལའི་རྣམ་ཐར་ལས་འབྱུང་བ་ལྟར། ཡར་ཀླུང་གཙང་པོའི་རྒྱུད་དུ་ཆགས་པའི་རིན་སྤུངས་ཁུ་ལུང་དུ་རྗེ་བཙུན་མི་ལ་རས་པས་མཐུ་བསླབས་པར་གྲགས་སོ།།

②བལ་བཟའ་ཁྲི་བཙུན་བོད་ལ་ཕེབས་དུས། སྐྱེལ་མཁན་བལ་བློན་དང་བསུ་མཁན་བོད་བློན་ཚོ་གྱེས་ཕུག་ཅེས་པའི་ཕུག་པ་དེར་ཕན་ཚུན་ངོ་ཐུག་ཅིང་། ཞག་གཅིག་བཞུགས་རྗེས་ཕྱི་ཉིན་ཞལ་གྱེས་ཏེ་སོ་སོའི་གནས་སུ་ལོག་པར་གྲགས་སོ།།

③བྲག་དཀར་རྟ་སོ་ནི། རྗེ་བཙུན་མི་ལ་རས་པས་ལོ་དགུ་ཟླ་དགུ་ལ་སྒྲུབ་པ་གནང་སྟེ་མཐར་འཇའ་ལུས་བརྙེས་པར་གྲགས་པའི་གནས་མཆོག་དེའོ།།

④དུས་རབས་བཅུ་བདུན་པར། ལ་དྭགས་རྒྱལ་པོས་འབྲུག་པ་བཀའ་བརྒྱུད་ཀྱི་ཕྱོགས་བཟུང་སྟེ། དགེ་ལུགས་པ་ཆེ་ཆེར་དར་བཞིན་པའི་གུ་གེ་ལ་དམག་དྲངས་ཏེ་མི་མང་གི་མགོ་བྲེགས་པ་དང་། གདུང་རྒྱུད་གཅིག་ལས་མཆེད་པའི་གུ་གེ་རྒྱལ་པོ་བཙུན་མོ་སྲས་སྲོས་དང་བཅས་པའི་དབུ་ཡང་བྲེགས་ཏེ། མགོ་མེད་ལུས་པོ་ཐམས་ཅད་མཉམ་པོར་བྲག་ཕུག་ནང་དུ་དབྱུགས་པར་གྲགས་སོ།། བྲག་ཕུག་དེ་ད་ལྟ་ཡང་མཇལ་རྒྱུ་འདུག་གོ །

⑤བོན་གྱི་ཤེས་རིག་གི་ཐོག་མའི་མགོ་ཁུངས་ད་ལྟའི་མངའ་རིས་ཡིན་ཅིང་། ཐུབ་བསྟན་ཤེས་རིག་ཀྱང་སྔ་དར་ཕྱི་དར་གང་ཡིན་ཡང་མངའ་རིས་བརྒྱུད་ནས་དར་མགོ་ཚུགས་པ་ཞིག་གོ ། དེ་བས། མངའ་རིས་ནི་ས་བབ་ཙམ་གྱི་སྒོ་ནས་རྫིང་བུར་འདྲ་བ་མ་ཡིན་པར་ཤེས་རིག་གི་ཆ་ནས་ཀྱང་རྫིང་བུར་ངེས་སོ་སྙམ་མོ།།

མུ་ཏིག་གླིང་། རྩོམ་སྒྲིག་འགན་འཁུར་པ། ཡེ་ཤེས་སྐྱབས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1