སྒེའུ་ཁུང་འགྲམ་གྱི་མཚན་གཞས།(སྙན་ཚོམ)
མར་ཁུ་རྒྱལ་མཚན།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ཉི་ནུབ།
མཐའ་མཇུག་གི་འཛུམ་མདངས་སེར་པོ་དེ
ཨུ་ཚུགས་ཀྱིས་མི་ཡུལ་ལ་བསྐྱུར་ཤུལ་ནས
ཁྲག་གིས་བརླན་ཟིན་པའི་ལྕེབས་ཐག་རིང་མོ་ཞིག
རི་ཚོགས་ཀྱི་ཡང་སྟེང་ན་གཡོ་ཞིང་འགུལ
སྒྲ་དབྱངས་ཡོད་ཚད འཁྱག་རེངས་སུ་གྱུར་ཞིང
ཁ་དོག་ཡོད་ཚད སོལ་མདོག་ཏུ་སྣང་བའི
སྐད་ཅིག་མ་འདིར
སུ་ཞིག་གིས སྒེའུ་ཁུང་གི་འགྲམ་ནས
དུས་ཚོད་ཀྱི་རྣམ་ཤེས་ལྟ་བུའི
མཆོད་མེ་རྐང་གཅིག
སེམས་ཀྱིས་སྦར་བྱུང
མཐའ་མཇུག་གི་འཛུམ་མདངས་སེར་པོ་དེ
ཨུ་ཚུགས་ཀྱིས་མི་ཡུལ་ལ་བསྐྱུར་ཤུལ་ནས
ཡོད་ཚད་རྨས་ཟིན་པའི་མཁའ་དབྱིངས་ན
ཟླ་བ་གྱོང་ཞིང་གུག་འདུག་ཅིང
ཡོད་ཚད་འཆི་ཚར་བའི
ནག་ཐིང་ཐིང་གི་མཚོ་ངོས་དང་མཚེའུ་ནང་ན
སྐར་ཚོགས་ཀྱིས་བཞུར་ཟིན་པའི་མིག་ཆུ་ཡོད་ཚད
འདར་སིག་སིག འཁྱག་སིབ་སིབ
དཀར་གསལ་ཟླ་བ།
རོལ་རྩེད་ཡོད་ཚད་རེ་ཞིག་མཇུག་རྫོགས་རྗེས
ངས སྐར་ཁུང་ལས་དཀར་གསལ་ཟླ་བ་མཐོང་ཞིང
ཟླ་བའི་སྙིང་ཁོང་ན་གཏན་དུ་ལུས་ཡོད་པའི
རྨ་ཤུལ་ནག་པོ་དེའང་གསལ་བོར་མཐོང་བྱུང
གཏམ་རྒྱུད་ཡོད་ཚད་མགོ་མ་བརྩམ་པའི་སྔ་རོལ་ཏུ
ངས སྒེའུ་ཁུང་ལས་སྐར་ཚོགས་ཀྱི་ངོ་གདོང་དམར་པོ་མཐོང་མྱོང
ངས སྐར་ཚོགས་ཀྱིས
སྟོང་བའི་དབྱིངས་ནས
ཆུ་ནང་གི་ཟླ་བར་ཁྲེལ་དགོད་ཡང་ཡང་བྱེད་བཞིན་པ
དངོས་སུ་མཐོང་མྱོང
མཉམ་ལེན།
དབྱངས་རྟ་འཁྱག་པོ་དེ རྨ་ཁ་རེ་རེའི་གས་སྲུབས་བར་ནས
རིམ་བཞིན་བར་སྣང་ལ་འཕགས་ཤིང
བར་སྣང་ནས འཕག་འཚག་ཐེངས་མང་བརྒྱབ་རྗེས
སླར་ཡང་རྨ་ཁ་རེ་རེའི་གསེང་ལ་སྐྱོ་གདུང་གིས་ཐིམ་སོང
ངུ་སྐད་དང་སྨྲེ་སྔགས་ཀྱིས་གནམ་ས་གཡོ་བའི་དུས་སྐབས་འདིར
སྐར་ཚོགས་ཀྱི་འཛུམ་ཀོང་ལ་ཁྲག་ཐིགས་འཁོར་འདུག་ཅིང
རི་ཚོགས་དང་གཙང་པོས མུན་པའི་ཀློང་ན
ང་ཁོ་ནར་ཅེར་འདུག
མེ་ཏོག་གི་འདབ་མ་ས་ལ་ཐོར་ཟིན་ནའང
ས་ཆེན་གྱི་པང་ནས་སླར་ཡང་འཛུམ་ངེས་པ་བཞིན
འཇའ་ཚོན་གྱི་ལང་ཚོ་སྐད་ཅིག་ཉིད་ལ་ཡང་ངེས་ནའང
ཆར་རྗེས་ཀྱི་མཁའ་དབྱིངས་ནས་སླར་ཡང་མངོན་སྲིད་པ་བཞིན
ང་ཚོས་སྔར་བཞིན མུན་ནག་གི་ཀློང་ནས
ཁྱེད་ལ་བསྒུག་སྲིད
ཨ་ཨ མུན་པའི་ཚོགས་ཀྱིས
ནམ་མཁའ་དང་ས་གཞིའི་ངོ་གདོང་གཡོགས་ཚར་བའི
དུས་ཡུན་ཐུང་ཐུང་འདིའི་ནང ང་ཚོས
རང་ཉིད་ཀྱི་གློ་སྙིང་མཆིན་གསུམ
ཐང་ལ་བཤམས་ནས་ཁྱེད་ལ་བསྟན་ཡོད
ང་ཚོས འཁྱག་གྲང་དང་སྲིན་བྱའི་ཚོགས་ཀྱིས
ཡོད་ཚད་ཀྱི་སྨྲ་སྒོ་དམ་དུ་བསྡམས་ནས
གླུ་གཞས་ཡང་ཡང་གཏོང་བཞིན་པའི་དུས་སྐབས་འདི་འདྲ་ཞིག་ལ
རང་ཉིད་ཀྱི་ཡོད་ཚད་མཆོད་མེ་ལྟར་བསྒྲོན་ཏེ
སྙིང་ཁོང་རུས་པའི་གཏིང་ནས ཁྱེད་ཀྱི་ཞལ་ཆེམས་ནང་བཞིན
མི་ཡུལ་གྱི་མུན་པ་བསལ་འོས
འཁྱག་གྲང་བསལ་འོས
མུན་པའི་ཀློང་ནས་སྐར་མདའ་ཞིག་མཐོང་བ།
འཚང་ཁ་ཤིག་ཤིག་གི་མིག་འབྲས་མང་པོས མུན་ནག་གི་ཀློང་ན
ང་ཁོ་ནར་ཅེར་འདུག
སྲིན་འབུ་མེ་འཁྱེར་ཞིག་གི་རྗེས་འབྲང་བཞིན
མུན་ནག་གི་ཀློང་ནས ངས
ཁྱེད་ཉིད་མི་དྲན་ཀ་མེད་བྱུང
གཙང་པོ་ཞིག་གི་འགྲམ་ནས ངས
གླང་ཆེན་བཞིན
གཙང་ཆུ་འཐུང་བར་རྩོམ་དུས
ཆུ་ངོས་ནས ངས་སྐར་མདའ་ཞིག་མཐོང་བྱུང
སྐར་མདའ་དེ སུ་ཞིག་གིས་ཐག་རིང་ལ་འཕངས་པའི
འུར་རྡོ་བཞིན ཡོད་ཚད་ཁུ་སིམ་པའི
སྐད་ཅིག་མ་དེར ངས
མུན་ནག་གི་ཀློང་ལ་ཁུ་སིམ་མེར་ཐིམ་སོང་བ
གསལ་བོར་མཐོང་བྱུང
སྐར་མདའ་དེས སྐད་ཅིག་མ་དེར
མུན་ནག་གིས་བཟུང་ཚར་བའི་ངའི་མཁའ་དབྱིངས་ནས
ང་ལ་སེར་ལམ་ལམ་གྱི་སྒྲོན་མེ་ཆ་གཅིག་སྦྱིན་སོང
མུན་ནག་གིས ངའི་ཕྱི་ནང་གསང་གསུམ
རྩེད་ཆས་སུ་བསམ་མྱོང་བའི་མཚན་མོ་རེ་རེར
ངས སྒྲོན་མེ་ཆ་དེ་བཟུང་ནས
དམྱལ་ཁམས་འཚོལ་བཞིན་ཡོད
མདུན་དུ་བསྐྱོད་པའི་ལམ་ཁར
ཆར་རླུང་དང་མཚོན་ཆས
ངའི་མདུན་ལམ་ཡང་ཡང་དགག་སྲིད་ནའང
སྒྲོན་མེ་ཆ་དེ་བཟུང་ནས ངས་ནི
མི་ཡུལ་གྱི་གངས་རི་འཚོལ་བའི་ཕྱིར་ཏུ
སྔར་ལྟར་དམྱལ་ཁམས་འཚོལ་ངེས་ཤིང
ངས་ནི་སྔར་ལྟར མདུན་དུ་བསྐྱོད་པའི་ལམ་ཁར
ལྷ་ཚོགས་ལ་སྤྱན་ཆབ་སློང་བའི་གླུ་གཞས་གཏོང་བཞིན
འདྲེ་ཚོགས་ལ་སྙིང་རླུང་སློང་བའི་ཞབས་བྲོ་འཁྲབ་སྲིད
ནམ་ལངས་སྐར་ཆེན།
ངས ནམ་མཁར་གློག་བཞུ་བཀར་ནས
ཇི་ལྟར་བཙལ་ཡང སྐར་ཚོགས་ཀྱི་དབུས་ནས
ངས་འཚོལ་བཞིན་པའི
མུ་ཏིག་ལྟ་བུའི་སྐར་མ་དེ
གཏན་ནས་རྙེད་མ་བྱུང
ངས ཆུ་ངོས་སུ་གློག་བཞུ་བཀར་ནས
ཇི་ལྟར་བཙལ་ཡང ནག་ཐིང་ཐིང་གི་ཆུ་ངོས་ནས
ངས་འཚོལ་བཞིན་པའི
མེ་ལྕེ་ལྟ་བུའི་སྐར་མ་དེ
གཏན་ནས་རྙེད་མ་བྱུང
ཞག་གང་བོར ལྷགས་རླུང་གིས
ངའི་ཁང་མིག་གི་སྒོ་མོ་ཡང་ཡང་བརྡུངས་ནས
ང་ལ་སྙིང་རླུང་ཡང་ཡང་བསླངས་ནའང
ངས ཁོང་ཁྲོ་ཡོད་ཚད
རོ་ཁ་བའི་སྨན་མཆོག་བཞིན
བཙན་གྱིས་མིད་དགོས་བྱུང
ནམ་གུང་གི་དུས་སུ ངས་རྨི་ལམ་ཞིག་རྨིས་བྱུང
རྨི་ལམ་དུ ངས་འཚོལ་བཞིན་པའི་སྐར་མ་དེ
ངའི་པང་ལ་འཕུར་འོངས་ནས
ང་ལ་སྙིང་གཏམ་མང་པོ་མང་པོ་ཞིག་བརྗོད་ཚར་རྗེས
སླར་ཡང་བར་སྣང་ལ་འཕུར་སོང… …
ནམ་ལངས་ཁར ཕྱི་རོལ་ནས་གཅིན་པ་གཏོང་ཞོར་དུ
ངས མགོ་བོ་དགྱེ་ནས་ནམ་མཁར་བལྟས་པ་ན
སྐར་མ་ཡོད་ཚད་གར་སོང་ཆ་མེད་དུ་གྱུར་ཤུལ་ནས
ངས ཞག་གང་བོར་བཙལ་མྱོང་བའི
མུ་ཏིག་ལྟ་བུའི་སྐར་མ་དེས
བར་སྣང་སྟོང་བའི་ཁམས་ན
ང་ཁོ་ནར་ཅེར་འདུག
༢༠༡༤.༡.༣ མཚན་མོར་ཕ་ཡུལ་ནས།