མི་རྟག་པའི་གླུ།
སྐྱབས་ཆེན་བདེ་གྲོལ།(ཁྲིན་ཏུའུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ཚིག་ལ་ཚིག་གིས་མདུད་པ་བརྒྱབ་སོང་བདེན་པའི་ཕྲེང་རྡོག་སྒུལ་ཐབས་མི་འདུག །
ངེད་གཉིས་རྨོངས་པའི་གཉའ་སྒས་མནན་སོང་འཛམ་གླིང་ཉི་མ་ནུབ་པ་འདྲ་སོང་།།
མངོན་སུམ་བདེན་པར་མི་འཛིན་ཟེར་བཞིན་རྨི་ལམ་མདུན་ནས་ཕྱག་གསུམ་འཚལ་ཀྱང་།།
དེ་གཉིས་ཟམ་ཀོག་ཅིག་གི་མཐའ་ན་མྱགས་ཆུ་མཚེ་མ་གཉིས་དང་འདྲ་འདུག །
སྦི་རག་ཁ་བོ་སྡུག་བསྔལ་བསྙལ་མ་དྲན་པ་འཁྲུག་ཅིང་ཤེས་རབ་འཆལ་བྱེད།།
ཡིན་མདོག་གཏམ་ནི་རྫུན་གྱི་དོར་མ་རལ་བའི་རྗེས་སུ་དངུལ་ཡང་ཚར་འགྲོ།།
ནམ་གུང་རོ་ལངས་ཀེར་བ་ལྟ་བུའི་གནས་མོ་ཞིག་གི་སྒྲུང་ལ་ཉན་ཏེ།།
ལང་ཚོའི་མེ་སྟག་འཚུབ་འཚུབ་གནང་སའི་རྒྱང་རིང་གནས་དེ་ལན་ཅིག་དྲན་བཞག །
ཉམ་ངའི་དབུགས་རྒྱུན་ཤིན་ཏུ་ལྷོད་པ་འདི་ཡིས་ཁྱོད་ལ་གང་ཞིག་སྟེར་ཡོང་།།
མཛུབ་དབྲག་དམ་ཡང་ལག་ནས་ཤོར་བའི་གསེར་དང་སྤོས་ཤེལ་ཨ་ཕྱིའི་བརྩེ་བ།།
ཕུར་ཚུགས་བལྟས་ཀྱང་གཞན་དུ་འགྱུར་བའི་བརྩེ་ཡ་དགོད་ཡ་སྒྱུ་མའི་སྤྲུལ་གཟུགས།།
གར་དང་རྩེད་འཇོའི་ཡོལ་བ་བརྒྱབ་དུས་རྣམ་ཤེས་ཉིད་ནི་གཅིག་པུར་ངུ་བ།།
ད་ནི་གཞན་ལ་བརྙས་པས་མི་ཡོང་རང་གི་དབང་ལྔའང་གཞན་དུ་གྱུར་འདུག །
རྐང་འོག་ས་གཞིས་ཁ་ནི་མི་གྲག་མགོ་ཐོག་ནམ་མཁར་ཡང་མིག་ཆུ་མི་འདུག །
སེམས་ཀྱི་ཐན་པ་ཕྱི་ལ་ཤོར་ཏེ་ཆུ་ཐིགས་གཅིག་ཕྱིར་ངེད་གཉིས་འཁྲུག་དུས།།
བྲག་ཆའི་གཟུགས་ཀྱི་འོ་དོད་དག་གིས་རྩ་གསུམ་ལྷ་ཡི་ལམ་ཡང་བཀག་སོང་།།
འཇིག་རྟེན་ཤིན་ཏུ་མི་སྡུག་པའམ་རང་བཞིན་གཤིས་ཀྱིས་དེ་ཉིད་སྦགས་སོང་།།
མེ་ལོང་ཕར་ལྟ་ཚུར་ལྟའི་བར་ནས་སྨྱོན་པའི་སྙིང་ལ་སྦར་ཤད་བཏབ་ཚེ།།
ཁྲག་གི་ཟིལ་བས་དམར་པོར་བྱས་ཤིང་ནད་དང་གདུང་བར་གྱུར་པ་མཐའ་དག །
སྐད་ཅིག་གཅིག་གི་འཁྲུལ་བའི་བློ་ངོར་སྡོམ་གཅིག་བཙོན་དུ་བཟུང་བ་ཉིད་དོ།།
2018.10.5 ཁྲིན་ཏུའུ།
དུང་གི་རང་སྒྲ། རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྒྲོལ་མ།