སྣང་བ་སྐྱུར་བོ།

ཁྱུང་བཟང་།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཡར་བལྟས་ཁ་བའི་འདབ་མ་ལྷབ་ལྷུབ།།

མར་བལྟས་གོམ་ཆུང་རྡོག་སྒྲ་ཐྲིག་ཐྲིག །

ཁེར་རྐྱང་སྣང་བ་འདར་བའི་རི་མོ།།

ཁ་བའི་གཞུང་ལ་ལྗིད་ཀྱིས་བབས་ཡོད།།

ཡོད་པ་བརྒྱ་ཡི་ངོ་ལ་བལྟས་ན།།

བྲེལ་བའི་དུད་རྡུལ་རླངས་པ་ཐོལ་ཐོལ།།

མེད་པ་སྟོང་གི་སེམས་ལ་ཉན་ན།།

ངལ་འཁངས་རླུང་བུ་འུར་འུར་ཤང་ཤང་།།

ཡོད་མེད་ཡིན་མིན་མཐའ་ལ་བུད་ནས།།

ཞེ་སེམས་ལྷོད་ན་དེ་གས་ཆོག་ཀྱང་།།

ནང་གི་འདོད་པའི་རླབས་ཕྲེང་སྔོན་མོ།།

གཅིག་འཕྲོ་གཅིག་ལ་འཇགས་པ་མི་འདུག །

སྐབས་རེར་བསམས་ན་རླུང་བུ་ལན་འདྲ།།

ལན་རེར་གཞིགས་ན་མཚོ་མོ་ལན་འདྲ།།

སྐད་ཅིག་མི་སྡོད་འགྱུར་བའི་ཀློང་ན།།

སུ་དང་གང་ཡང་དབུགས་ཀ་འཚང་ངོ་།།

ཡས་ཀྱི་པདྨའི་ཚལ་ལ་ཅེར་ན།།

འདབ་མའི་སྙིང་ལ་སེར་ཐིག་ལྷུང་གི།།

མས་ཀྱི་ལུང་བའི་མཐིལ་ལ་གཟིགས་ན།།

རྐང་ལམ་གྱ་གྱུ་རྡུལ་གྱིས་ཟིན་ནོ།།

ཅི་འདི་ལོ་དང་ཟླ་བས་ལན་ནམ།།

ཡང་ན་རླུང་དང་བསེར་བུས་ལན་ནམ།།

བར་སྣང་སྟོང་བའི་ཟླ་བར་དྲིས་ན།།

ཟླ་བའི་ཕྱེད་ཀ་མུན་པས་གཟིར་རོ།།

གཡས་ཀྱི་ལམ་འདི་བདེན་པའི་འཇུག་ངོགས།།

གཡོན་གྱི་བཤུལ་འདི་གྲགས་པའི་ལམ་བུ།།

བདེན་པའི་ལམ་ལ་བར་ཆད་མང་བ།།

ཁེ་གྲགས་ལམ་འདི་འདྲེན་ཤུགས་ཆེ་བ།།

མི་ཚོགས་འདུར་བའི་རྐང་རྡུལ་མོག་པོས།།

ཡིད་ཀྱི་དྭངས་གཙང་ཟས་སུ་བྱེད་དུས།།

འདི་ནས་ཕ་གི་དབེན་པའི་ཚལ་ལ།།

སྐོར་གཡེང་བྱེད་རྒྱུ་བྱུང་ན་དགའ་བ།།

ཡོད་པས་མི་ཁེངས་སེམས་ཀྱི་རྐྱལ་བ།།

མེད་པས་མི་སྡོད་ལས་ཀྱི་རྐང་བ།།

ནམ་ཡང་རང་སྡོད་མེད་པའི་འཁོར་ལོ།།

ག་དུས་སྐོར་ཡང་འཁོར་རྐྱང་ཡིན་འདུག །

སྤྲང་པོ་མཐོང་བའི་ཡིད་ཀྱི་སྙིང་རྗེ།།

མཛེས་མ་མཐོང་བའི་སྲེད་པས་བཅོམ་སྟེ།།

འདོད་པའི་མེ་ལྕེ་ཁོང་ན་འབར་བའི།།

སེམས་ཀྱི་ན་བ་གང་གིས་གསོ་འམ།།

ནམ་རྒྱུན་མགོ་བོ་མཐོ་རུ་བཏེགས་ན།།

ཁོག་སྟོང་ཡིན་པའི་བཟོ་ཞིག་ཤར་འདུག །

དུས་རྒྱུན་ཞལ་ངོ་འཛུམ་གྱིས་གཡོགས་ན།།

ཁྲམ་ལས་བྱེད་པའི་ཞད་ཅིག་མངོན་འདུག །

རང་སེམས་འོད་ཀྱི་བཀྲག་མདངས་བསྲུངས་པའི།།

ཡང་དག་ལམ་བུ་ག་རེ་ཡིན་ནམ།།

མི་འགྱུར་སེམས་ཀྱི་དམ་བཅའ་བསྲུངས་པའི།།

གོ་ཁྲབ་དེ་ཡང་གང་དུ་བདོག་གམ།།

ཡོད་ཡོད་འདྲ་ལ་ཡིན་ཡིན་འདྲ་བའི།།

མ་བརྟག་སེམས་ཀྱི་སྣང་ངོ་འདི་ག །

བརྟགས་ཤིང་དཔྱད་པའི་སྲང་ལ་བཞག་ཚེ།།

ཡང་ཞིང་འཕྱོ་བའི་རང་གཟུགས་སྟོན་ནོ།།

སྐྱིད་དུས་རུབ་ཅིང་འདུ་བའི་ངང་ཚུལ།།

མཚན་མོའི་དུས་ལ་སྐར་ཚོགས་འདྲ་ཡང་།།

ཁག་དུས་བྱེར་ཞིང་གྱེས་པའི་རང་བཞིན།།

སྲན་ཕུང་དབུས་ལ་དབྱུག་པ་འདྲ་འོ།།

མི་འགྲོ་ཟེར་རྒྱུ་འཁོར་བའི་ལམ་རེད།།

འཁོར་བའི་འཁོར་ལོ་སུ་ཡིས་འགོག་གམ།།

མི་འདུག་ཟེར་རྒྱུ་གོ་ཁའི་ནང་རེད།།

གོ་ར་གོར་མོ་རང་གི་ཁྱིམ་རེད།།

བྱིས་པ་འཚར་བའི་འཛུམ་ལ་བལྟས་ནས།།

ལོ་ཡི་ཕྲེང་བ་རེ་བས་བརྒལ་ཀྱང་།།

མ་ལོ་རྒས་པའི་གཉེར་མའི་རྫུབས་ལ།།

སེམས་པ་འཚུད་ནས་ཡུན་རིང་ལུས་སོང་།།

འདུ་འབྲལ་སྐྱེ་འཆིའི་གསང་བ་བསམས་ནས།།

སྟོན་པས་རྒྱལ་སྲིད་རྩྭ་བཞིན་དོར་ཡང་།།

མི་རྟག་འཁོར་བའི་བདེ་བ་བསམས་ནས།།

ང་རང་མི་ཁའི་གཞུང་ན་ལུས་ཡོད།།

ཁ་མཁས་ཚིག་གི་རྩ་བ་དེད་ན།།

གཞུ་འདོམ་བརྒྱ་ཡི་ཕར་ནང་ཟིན་ཡང་།།

དོན་གྱི་ལག་ལེན་ནང་ལ་སྐོར་ན།།

ཀུན་ཀྱང་ནགས་ཀྱི་སྤྲེའུ་འདྲ་འོ།།

ག་དུས་ལོག་ལ་བྲེལ་དགོས་མི་འདུག །

རྒ་བའི་རླུང་གིས་རྒྱབ་ནས་འདེད་དོ།།

གང་དགར་སྡོད་ལ་རང་དབང་མི་འདུག །

དབུལ་བའི་མེ་ཡིས་འོག་ནས་སྲེག་གོ །

འདི་ཡང་མིན་ལ་གན་ཡང་དཀའ་བའི།།

གཏད་མེད་ལམ་གྱི་སྣེ་མོ་འཛིང་བ།།

སྨྱོན་མའི་སྐྲ་ལོ་འཆིང་བའི་གསེབ་ལ།།

རླུང་གིས་བདས་པའི་རྩྭ་ཧྲུལ་བབས་འདྲ།།

ལྷག་པར་རང་ངོ་དྲི་མས་བཟུང་བ།།

མ་མཐོང་གཞན་ལ་མཛུབ་མོ་ཀེར་བའི།

ཁྱིམ་གྱི་སྤྲེའུ་མཆོངས་པའི་རྗེས་ལ།།

ཤུགས་རིང་རླངས་པ་ར་མདར་འཕྱུར་རོ།།

ཡིན་པ་མིན་པའི་དབང་གིས་བཅོམ་ཞིང་།།

མེད་པ་ཡོད་པོའི་དཔུང་གིས་སྐྱོར་ཏེ།།

ལས་ཀྱི་དེབ་ཐེར་གང་དགར་རྩོམ་དུས།།

ཉན་ཤེས་ཐུབ་པའི་རྣ་བ་དུ་ཡོད།།

ལྟ་ཤེས་མིག་གི་ཕྲ་མཐོང་མེད་ན།།

ཕྱི་ཐུམ་ནང་ན་ཅི་ཡོད་མི་ཤེས།།

དཔྱད་ཤེས་རིག་པའི་མདུང་མོ་མེད་ན།།

རྫུན་གྱི་སྲབ་མཐུག་རེག་པས་མི་ཡོང་།།

རལ་གྲིའི་སོ་ཁ་མར་ལོས་བཏུམས་ནས།།

སྐྱག་པའི་ཕྱི་ཐུམ་གསེར་གྱིས་གཡོགས་པ།།

འཕྲུལ་དང་རྩལ་དང་ཁེ་རུ་བསམ་པའི།།

ལས་ཀྱི་མཐའ་དེ་སུ་ཡིས་རྙེད་དམ།།

དབུགས་ཀྱི་གཏོང་ལེན་བར་ན་འགུལ་བའི།།

སྙིང་འདིའི་ལྡིང་ཚད་ག་ཙམ་ཡིན་ནམ།།

མིག་གི་འབྱེད་འཛུམ་བར་ན་འཚེར་བའི།།

སེམས་ཀྱི་ཚེ་ཚད་ཅི་ཙམ་ཡིན་ནམ།།

འདི་ནས་ལེ་དབར་བརྒྱ་ལ་མྱུལ་ཏེ།།

རྒྱལ་ཁམས་མྱུལ་བའི་དེབ་ཐེར་བརྩམས་ན།།

དེ་ནས་ལེ་དབར་ཁྲི་ཕྲག་བརྒལ་བའི།།

ཡབ་དེས་མཐོང་ན་གད་མོ་དགོད་དམ།།

ནམ་ཡང་རང་ཉིད་སྲོག་ཏུ་བཟུང་བའི།།

ལམ་བུ་འདི་ཉིད་ལས་ཀྱིས་བྱས་སམ།།

ཡང་ན་རང་ཉིད་བོར་བའི་འགྲུལ་བཞུད།།

ཆོས་ཉིད་གནམ་གྱི་རྒྱལ་མོས་གནང་ངམ།།

ཡིད་ཀྱི་སྡིག་པ་འདག་པའི་ཆེད་དུ།།

ཙ་རི་གནས་སྐོར་བྱས་པས་ཡོང་ངམ།།

དབང་ཐང་ཟླ་བ་ཚེས་པའི་ཕྱིར་ཏུ།།

མཁའ་ལ་དུ་བ་དཀྲིགས་པས་ཡོང་ངམ།།

གང་བྱས་ལས་ཀྱི་གཏད་སོ་བཙལ་ན།།

རང་སེམས་སྟོང་བ་འདི་ལ་ཐུག་པ།།

སྟེང་འོག་མཐའ་དབུས་མེད་པའི་སེམས་འདི།།

སུ་ཡིས་མགར་བའི་མེ་ལོང་ཡིན་ནམ།།

གཞན་སྐྱོན་རྡུལ་གྱི་ཁ་དོག་གསལ་བའི།།

རང་བྱས་རི་ཡི་རྩེ་མོ་རིབ་པའི།།

སྐབས་རེར་དྭངས་ལ་སྐབས་རེར་མོག་པའི།།

མེ་ལོང་འདིར་ཡང་ཆ་འཇོག་མི་འདུག །

བདེན་པའི་གཞུང་ན་འཛུམ་མེར་བཞུགས་པའི།།

འཕགས་མའི་ཞལ་རས་མཇལ་ཐེངས་གཅིག་གིས།།

མ་དག་སེམས་ཀྱི་འཆར་སྒོ་འདི་ག །

མི་མངོན་བརྩེ་བའི་དབྱིངས་ནས་འགག་ན།།

དགའ་བ་མེད་ཅིང་གདུང་བ་བྲལ་བའི།།

བདེ་སྡུག་གཉིས་མེད་སེམས་ཀྱི་མཁའ་ལ།།

ཡོད་མེད་ཡིན་མིན་མཚམས་ཐིག་ཞིག་པའི།།

བདེན་པ་གཅེར་བུའི་འོད་ཅིག་འཕྲོས་ན།།

མདོར་ན་ངན་གཡོའི་རྩེ་མོ་འཐབ་པའི།།

དུས་ཀྱི་ཁམས་ལ་བདེ་མོ་བཞག་སྟེ།།

རང་སེམས་ཞི་བའི་དབྱིངས་སུ་ཞུགས་ནས།།

ཏིང་འཛིན་ཟས་སུ་རོལ་རྒྱུ་བྱུང་ན།།


རྩོམ་ཡིག་སྔོན་མ།
མི་རྟག་པའི་གླུ།
རྩོམ་ཡིག་རྗེས་མ།
འཁྲུལ་བ་དང་མངོན་སུམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1