འཁྲུལ་བ་དང་མངོན་སུམ།
ཚྭ།(མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
རྨ་ཁའི་ནང་དུ་རྟ་ཕོ་གོ་གཉིས་འཚེར།།
འཚེར་སྐད་དབུས་སུ་གློག་དམར་ཡང་ཡང་འཁྱུགས།།
རྟ་ཕོ་བདུན་རེས་ཤིང་རྟ་གཅིག་རེ་འདྲུད།།
ཤིང་རྟ་རེ་ལ་སྒྱུ་མའི་མེ་ལོང་རེ།།
མེ་ལོང་རེའི་ནང་ཉི་འོད་ལམ་ལམ་འཚེར།།
ཉི་འོད་ཀློང་དུ་ཞ་ར་གྲངས་མེད་ངུ་།།
མིག་ཆུའི་གཙང་པོ་བརྒལ་བའི་རྟ་པ་གཅིག །
ཉོན་མོངས་སྨུག་པའི་ཁྲོད་ནས་རྒྱང་དུ་ཡལ།།
ང་ཡི་དཔུང་བའི་ངོས་ཀྱི་རྨ་ཁ་དེས།།
མེ་འཁོར་དང་ནི་རྨི་ལམ་སྣ་ཚོགས་བཟོ།།
མེ་འཁོར་ནང་དུ་མཚན་གཅིག་སྐྱེལ་བའི་རྗེས།།
རྒྱང་ལ་ལོག་པའི་རྟ་པ་དེ་དང་མཇལ།།
རྟ་པ་དེ་ཡི་ཡོབ་ཆེན་ཆ་མ་ལས།།
དུ་བ་མཆེད་ལ་མེ་སྟག་ཁངས་ལྟར་འཚུབས།།
ཁ་རྔོག་རླུང་གིས་ཤད་པའི་རྣམ་པ་དེས།།
འཇིག་རྟེན་རི་བོ་དག་ཀྱང་བགྲོད་པ་མཐོང་།།
འཁྲུལ་སྣང་ཀློང་དུ་མངོན་སུམ་རླུང་བུ་འཚུབས།།
རླུང་འཚུབ་དེས་ནི་སྡོད་པའི་གནས་རྣམས་འཁུར།།
ཕྱིར་ལ་ལོག་པ་མེད་པའི་དུས་ཚོད་འདིར།།
མངོན་སུམ་དང་ནི་འཁྲུལ་བའི་ངོ་བོ་འདྲེས།།
༢༠༡༨.༠༡.༤ཉིན།