རྗེས་འཛིན་སྨོན་ཚིག་བྱིན་རླབས་མྱུར་འཇུག་མ།

ཙ་སུར་སྦྱིན་པ།(ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


གནས་དང་རིག་པའི་མཁའ་དབྱིངས་མཐོན་པོ་རུ།།

བློ་གྲོས་ཉི་ཟླའི་དཀྱིལ་འཁོར་རབ་རྒྱས་ཤིང་།།

འགྲོ་ཀུན་རྨོངས་པའི་སྨག་རུམ་འཇོམས་མཛད་པ།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།།

དམིགས་མེད་བརྩེ་བའི་ཐབས་མཁས་ཐུགས་རྗེ་ཡིས།།

བློ་བཟང་རྒྱལ་བསྟན་སྙིང་བོའི་དགོངས་འགྲེལ་སོགས།།

ཟབ་ལམ་ལྟ་བའི་ལེགས་བཤད་སྡོམ་མཁས་པ།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་རྟོགས་པ་སེལ་བར་བྱིན་གྱིས་རློབས།།

ཕུན་ཚོགས་ཡོན་ཏན་བདུན་གྱིས་རབ་མཛེས་པས།།

མཐོ་རིས་གོ་འཕང་དལ་འབྱོར་རྟེན་དང་མཇལ།།

ད་དུང་འཁོར་བའི་ཞེན་ཐག་མ་ཆོད་པས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་རླུང་སྒོ་ཆོད་པར་བྱིན་གྱིས་རློབས།།

ཐོག་མེད་དུས་ནས་ལས་ངན་བསགས་པའི་འབྲས།།

བཟོད་དཀའ་ངན་འགྲོ་འཁོར་བའི་གཅོང་རོང་སོགས།།

རྔམ་ཞིང་འཇིགས་པའི་ལས་ལས་སྒྲོལ་མཛད་པ།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་འཇིགས་ལས་གྲོལ་བར་བྱིན་གྱིས་རློབས།།

གསུང་རབ་རྒྱ་མཚོ་བྱེ་བའི་འཇུག་ངོགས་ལ།།

བློ་གྲོས་སྣང་བའི་གྲུ་གཟིངས་བརྟེན་འདོད་ཀྱང་།།

རྣམ་གཡེང་འདམ་དུ་བྱིང་བ་ཆེར་དྲགས་པས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་སེམས་རྒྱུད་ཐུལ་བར་བྱིན་གྱིས་རློབས།།

བདག་ནི་གཏི་མུག་མུན་པའི་དཔུང་མཐུག་པས།།

ནམ་ཞིག་ཆ་མེད་འདུ་བྱེད་སྟོངས་པའི་ཚེ།།

སྲིད་པ་བར་དོའི་གཤིན་རྗེའི་འཇིགས་ཆེ་བས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་འཇིགས་ལས་སྐྱོབ་པར་བྱིན་གྱིས་རློབས།།

ལས་ཀྱི་དབང་གིས་གར་སྐྱེས་མི་ཤེས་ཤིང་།།

རིགས་དྲུག་གང་སྐྱེས་ཐར་ལམ་མི་ཤེས་པ།།

མ་རིག་འཐིབས་པོས་གང་ཡིན་མི་ཤེས་དུས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་རྨོངས་པ་སེལ་བར་བྱིན་གྱིས་རློབས།།

ཚེ་རབས་ཀུན་ཏུ་རྒྱལ་སྲས་སྤྱོད་པའི་ཕྱིར།།

བློ་བཟང་རྒྱལ་བསྟན་སྙིང་བོ་འཛིན་འདོད་ཀྱང་།།

ལྔ་བདོའི་སྙིགས་མའི་ཚ་རླབས་ཤུགས་ཆེ་བས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་ལས་ལ་གཞོལ་བར་བྱིན་གྱིས་རློབས།།

ཕྱི་ཡི་ཀུན་སྤྱོད་འདུ་འཛིས་འུར་ཆེ་ཞིང་།།

ནང་གི་སེམས་རྒྱུད་འདོད་ཡོན་སྲེད་དྲགས་པ།།

མི་འདོད་ཕྱི་ནང་གཉིས་ཀ་རྒོད་ཆེ་བས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས།།

ཉོན་མོངས་ཚ་གདུང་འཇོམས་པའི་བསིལ་བྱེད་མཆོག །

རྒྱལ་བསྟན་གངས་རིའི་འཛུམ་ལ་བལྟ་འདོད་ཀྱང་།།

མ་རིག་མུན་པའི་དཔུང་ཤུགས་དབང་ཆེ་བས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་འདོད་དོན་འགྲུབ་པར་བྱིན་གྱིས་རློབས།།

བྱམས་དང་བརྩེ་བས་སྙིང་རྗེའི་གཏེར་ཆེན་ལས།།

དམྱལ་བ་ལ་སོགས་ངན་འགྲོར་འགྲོ་བ་རྣམས།།

དུས་གསུམ་ཐུགས་ལས་མ་ཡོལ་སྤྱན་རས་གཟིགས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་བདེ་དང་ལྡན་པར་བྱིན་གྱིས་རློབས།།

བློ་མིག་མུན་པའི་ལྡོངས་པ་མཐུག་དྲགས་པས།།

རང་གཞན་དོན་གཉེར་གཉེར་བར་བློ་དོག་ཅིང་།།

རྨོངས་པའི་སྨག་རུམ་སེལ་མཛད་མཁྱེན་པའི་གཏེར།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་བློ་རྨོངས་སེལ་བར་བྱིན་གྱིས་རློབས།།

ནད་དང་གདོན་སོགས་དུ་མས་མནར་བའི་ཚེ།།

མི་འདོད་སྡུག་གི་བར་གཅོད་གང་མཆིས་པ།།

མ་ལུས་འཇོམས་མཛད་གསང་བའི་བདག་པོ་དེ།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་སྡུག་ལས་སྒྲོལ་བར་བྱིན་གྱིས་རློབས།།

ཐང་སྨུག་སྦྲ་ལོའི་འདབས་ནས་སྐུ་བལྟམས་ཤིང་།།

ཁ་བ་གངས་ཅན་ཡུལ་ནས་དཔལ་འབར་བ།།

གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པ།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས།།

མདོར་ན་བདག་སོགས་སྐྱེ་བ་གང་དུ་ཡང་།།

མི་ཤེས་རྒུད་པ་མ་ལུས་དྲུངས་ཕྱུང་ནས།།

ཕན་བདེ་འབྱུང་གནས་རྒྱ་མཚོར་འཇུག་པའི་ཚེ།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་འགལ་རྐྱེན་མེད་པར་བྱིན་གྱིས་རློབས།།

དེང་ནས་བཟུང་སྟེ་བྱང་ཆུབ་མ་འཐོབ་བར།།

ཁྱོད་ལས་སྐྱབས་གཞན་བདག་ལ་མ་མཆིས་པས།།

སྲིད་དང་ཞི་བའི་འགྲོ་འདུག་མི་ཤེས་པས།།

འཇམ་མགོན་བླ་མར་སྙིང་ནས་གསོལ་བ་འདེབས།།

རང་གཞན་རྗེས་སུ་འཛིན་པར་བྱིན་གྱིས་རློབས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1