འབྲོག་གི་བུ་མོར་ཤུབ་བུར་སྨྲས་པ།

ཆོས་ཤུལ་གསང་བདག(ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


མཚན་མོ་ལ་ནི་སྐར་ཚོགས་བཀྲམ་པ་ཁྱོད་ཀྱི་མཛེས་པ་བཞིན་དུ་བཀྲ།།

དགུང་གི་ཟླ་བ་དཀར་ལ་དྭངས་པ་ཁྱོད་ཀྱི་བཞིན་དུ་འགྲན་པ་ལྟར།།

ལྷིང་ཞིང་འཇགས་པའི་བགྲོད་ལམ་དེ་ནི་བརྩེ་བ་ཨ་འཁྱུད་དགུ་འཁྱུད་རེད།།

ཁ་བ་འབབ་པའི་མཚན་ལམ་དེ་ནི་ཞེ་འདྲིས་སེམས་སོང་ཁྱོད་དང་འདྲ།།

དགུན་གྱི་གྲང་ངར་རྒོད་ལ་བཙན་པ་རོགས་པར་ཐུག་པའི་བར་ཆད་དམ།།

ལྷབ་ལྷུབ་འབབ་པའི་ཁ་བའི་གཞོགས་ན་ཁེར་རྐྱང་སེམས་གཞས་འཁྱག་ལ་འབྱར།།

ཤུབ་བུར་སྨྲས་པའི་སྙིང་གཏམ་དེ་ནི་སེམས་ལ་ན་ཟུག་སློང་བའི་རྒྱུ།།

ཞེ་འདྲིས་སེམས་འདྲིས་ཁྱོད་ཉིད་བསམས་ན་དགུན་ཟླ་འདི་ཡིས་མི་ཁོག་གོ །

བརྩེ་བའི་མི་ཞིག་སེམས་ལ་བཟུང་ནས་ཐག་རིང་ལམ་དེ་འཇལ་དུས་ན།།

ལ་གཞས་སྙན་མོ་མགྲིན་པར་ལྷུང་བའི་མཚན་མོ་རིང་བོ་བདེ་བས་བཟི།།

ཆུང་ཆུང་སྣང་བ་སླར་ཡང་གསོས་པའི་རོགས་ཤིག་འཚོལ་ལ་བྲེད་ཅིང་འཚུབ།།

སྤང་གི་ཁོད་ཡངས་གོམ་པས་གཞལ་དུས་སྙིང་ཆུང་ལུ་གུ་ལྡིང་ལྡིང་འདྲ།།

ཁ་བ་ས་འབབ་རྡོ་འབབ་བྱེད་དུས་དངངས་འདར་སེམས་དང་ལུས་ལ་ཟུག །

ཁ་པར་ནང་དུ་ཤུབ་བུར་སྨྲས་པའི་གཏམ་གྱི་ཨ་ལན་སེམས་ན་ཡོད།།

ཞེ་འདྲིས་མ་ཞིག་སེམས་ན་མེད་ན་ཨ་ཕོས་དུས་ཚོད་བརླག་སྲིད་དམ།།

རྒྱ་ཁང་ལྕགས་ཀྱི་ཀླད་ཁེབས་ཅན་དེ་མིག་གི་ལམ་དུ་ཤར་བ་ན།།

འཇམ་མཉེན་སྤང་ལ་རྐང་བའི་འདེགས་འཇོག་དལ་ཞིང་ལྷོད་ལ་ཐེངས་ཤིག་སྤོས།།

སྒོ་ཁྱི་རྒྱ་སྟག་ཧར་གྱིས་རྒྱུག་དུས་ང་ནི་སྐྲག་ལ་ཞེད་སྣང་བསླངས།།

གློག་གི་བརྡ་ཞིག་རྒྱང་ནས་བཀར་དུས་ཁྱོད་ཀྱིས་ཡོད་པའི་རྟགས་ཤིག་བསྟན།།

ཉིད་ཀྱི་འཛུམ་པའི་སྣེ་ལེན་དེ་ཡིས་འཇིགས་ཤིང་སྐྲག་པའི་བློ་ནི་ཞི།།

ལུས་ཀྱི་དྲོད་དེ་ང་ལ་བཅར་བས་བདེ་དགའི་ཚོར་བ་མཐའ་དང་བྲལ།།

སྙིང་གི་བྱམས་པ་སེམས་ལ་ལྷུང་དུས་གཞོན་པའི་དུས་ཀྱི་སྣང་བ་དྲན།།

ལྕི་ཨོང་རྒྱབ་ཀྱི་ཤབ་ཤུབ་དེ་ནི་ཆུང་འདྲིས་དྲན་པའི་གཞི་རུ་གྱུར།།

འཇིག་རྟེན་སྣང་བ་རྒས་མེད་དེ་ལ་བརྩེ་བའི་འོད་ཅིག་འཕྲོས་ཡོད་དམ།།

སྩག་པའི་དྲོད་འཁྱག་ཐེངས་ཤིག་མྱོང་བ་འབྲོག་མོ་ཁྱོད་ཉིད་ག་ལ་ཡིན།།

ཞེ་འདྲིས་སེམས་སོང་བུ་མོ་དག་ལ་ང་ཡི་ལུས་དྲོད་སྦྱིན་བཞིན་འོང་།།

ཕོ་ལོ་བཞི་བཅུའི་མཚན་ལམ་བསྐྱལ་དུས་ད་དུང་ཆུང་ཆུང་སྣང་བ་རྙེད།།

མོ་ཊ་ཅེ་ཏཱ་རླུང་ལས་མྱུར་བ་དེ་རིང་བར་དུ་མ་རྟོགས་ཏེ།།

སྡུག་གི་མཚོ་མོ་རྒྱབ་ཏུ་གཡུགས་པའི་ཚོར་བ་དེ་ནི་འདི་ཡིན་ནམ།།

སེམས་ཀྱི་དགའ་སྡུག་རླུང་ལ་བསྐུར་བའི་མཚན་མོ་དེ་ནི་འདི་ཡིན་ནམ།།

སྐད་ཅིག་ཉིད་ལ་གློག་བཞིན་འཕྲོ་ཞིང་འཁྱུག་པའི་བདེ་བ་དེ་ལ་ནི།།

ཆོས་ཀྱི་གཞུང་དུ་ནན་དང་ཤུགས་ཀྱིས་བཀག་ཅིང་འགོག་པར་མཛད་མོད་ཀྱང་།།

འཇིག་རྟེན་འཁོར་བ་དོན་དུ་གཉེར་ཞིང་བདག་གིར་འཛིན་པ་ལྡན་རྣམས་ལ།།

བདེ་བ་འདི་ནི་བདེ་བའི་མཆོག་སྟེ་བློས་ནི་ཐོངས་པར་འགྱུར་དུས་མེད།།

སྤྱང་ལྟོགས་ཤ་ལ་རྔམ་པ་བཞིན་དུ་རྒྱུག་ཅིང་འདུར་བའང་བདེ་བ་ཉིད།།

འཇིག་རྟེན་བདེ་བར་མཐའ་ཞིག་མེད་པས་འཕྲལ་གྱི་བདེ་བ་བདེ་བའི་མཆོག །

ཤི་ཡང་བདེ་བའི་བཟི་ཁ་བཙན་པ་འཁོར་བ་འདི་ཡི་བསླུ་བྲིད་དེ།།

བསླུས་ཤིང་འཁྱོམ་པར་ཐེངས་བརྒྱ་བཏང་ཡང་འགྱོད་པ་སྐྱེ་མཁན་ཡོད་ལགས་གྲང་།།

འདི་དང་ཕྱི་མའི་བར་ཐག་དེ་ན་རང་རང་སོ་སོར་བདེ་བ་རེ།།

ཤེས་ཤིང་རྟོགས་ན་བདེ་བའི་གྲིབ་མ་རང་ཉིད་ལ་ནི་འཁོར་ནས་ཡོད།།

སྤྱི་ལོ༢༠༡༨ལོའི་ཟླ༣པའི་ཚེས༡༣ཉིན་སྦྱར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1