གཟུགས་མེད་ཀྱི་སྟོབས་ཤུགས།
བྲན།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ཡིད་ནི་རྐང་འཐུང་གཞོན་ནུ་ཡི།།
མཉེན་ལྕུག་ལྡེམ་པའི་འདབ་ལོ་དག །
རླུང་གིས་བསྒུལ་བའི་རྫུ་བག་གིས།།
ཤ་བ་ཡུ་མོ་དཀྲོགས་པ་འདྲ།།
ཨེ་མ་སྔོན་བསགས་ལས་ཀྱི་འབྲས།།
སྨིན་པའི་སྐལ་བཟང་ཟླ་ཡི་འཛུམ།།
ཞེན་པ་གླེགས་བམ་རྒྱ་མཚོ་མའི།།
ནང་དུ་ལྷུང་བའི་ངང་ཚུལ་མཐོང་།།
དེ་ཚེ་རྒྱང་རིང་ལྷོ་ཕྱོགས་ན།།
དཀའ་ཐུབ་སྤྱོད་པའི་ནག་ཁོལ་གྱིས།།
འཕྲིན་པའི་ཚོགས་ནི་སྤྲིན་པ་རུ།།
བཅོལ་བའི་ལས་ནི་སེམས་སུ་འཛུམ།།
འདྲིས་པའི་དུངས་སེམས་ནམ་མཁའ་ལས།།
གློ་བུར་སྨིན་མ་བྱ་རྒོད་ཀྱིས།།
གཤོག་ཟུང་བརྐྱངས་ཏེ་འཕུར་བ་ན།།
སུ་ཞིག་འཁྲེང་པའི་སྨྲེང་གླུ་ལེན།།
སྤྱན་གྱི་ཨུཏྤལ་གྲོལ་བའི་ཚེ།།
བས་མཐའི་བུང་བ་སྤྲིན་ལྟར་འཁྲིགས།།
རི་ཆུས་ཆོད་པའི་ས་མཐའ་ནས།།
ལན་གཅིག་འཛོམས་པ་ངོ་མཚར་ཆེ།།
འདུ་ཤེས་གངས་ཀྱི་འདབས་རོལ་ནས།།
གཉེན་གྱི་ཤ་དང་རུས་པའི་ཆུ།།
ལྷན་དུ་འདྲེས་པའི་རྒྱུན་བཟང་ཡང་།།
འཕྲད་པའི་བསྐལ་པ་མེ་ལས་ཚ།།
ཨེ་མ་བས་མཐའི་གྲོང་ཁྱེར་གྱི།།
འདུ་འཛི་རྒོད་པའི་བར་ལྷག་ནས།།
བཤད་པའི་སྐད་ཆ་ཐར་ཐོར་ནི།།
བྲག་ཅར་འཆའ་བའི་ཁུ་བྱུག་སྐད།།
ཚིག་གི་རྒྱུན་ཐག་ལྷོད་སོང་ལ།།
ངག་གི་མུ་ཏིག་འཐོར་སོང་བས།།
ཡིད་ཀྱི་གཏིང་ནས་གཟུགས་མེད་ཀྱི།།
སྟོབས་ཤུགས་སྟོང་གི་རམ་འདེགས་ཐོབ།།
མ་བོས་ཚོང་འདུས་མགྲོན་གྱི་ཚོགས།།
ནགས་ལ་འཁོར་བའི་སྟག་མོ་བཞིན།།
ཁྱེད་ནི་གནམ་གྱི་ཕྱེད་ཀ་ཞེས།།
ཟློས་པའི་ཚིག་གིས་སེམས་པ་བསྲེག །
ཡང་ཡང་བགད་པའི་གད་མོའི་སྒྲ།།
རི་ལུང་དཀྲོགས་པའི་ཅོང་བརྡ་མིན།།
མཚར་མཚར་སྨྲ་བའི་འབབ་སྟེགས་ལས།།
ཅི་ཞིག་བརྡོལ་བ་མ་ཤེས་སོ།།
གཟུགས་མེད་ཞེན་པའི་སྨུག་སྤྲིན་སྟོང་།།
རི་ལ་མ་འཁོར་སེམས་སུ་འཁོར།།
སེམས་ཀྱི་གསང་བའི་རི་མདོ་ན།།
ངག་རིག་ཆང་གིས་མྱོས་པ་ཡོད།།
ཀྱེ་མ་དམ་ཚིག་སྡོམ་པའི་རྒྱ།།
ལྷོད་པའི་ལས་ནི་ག་ལ་སྲིད།།
དྲོད་འཇམ་དཔུང་བའི་འདབ་མ་ཟུང་།།
ཕན་ཚུན་འཁྱུད་པའི་ལས་འདི་གང་།།