ང་ནི་སླར་ཡང་གཟིམ་དགོས། ང་ནི་སླར་ཡང་སད་དགོས།
རྫ་སྐྱེས་ཕུར་བ།(དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ཐོ་རེངས་གནམ་མཐའི་སྐྱ་འོད་ང་རང་མ་ཡིན།།
དུས་ཀྱི་དབེན་འཇགས་རུམ་སྟེ་སླར་ཡང་གཟིམ་དགོས།།
ནམ་ཞིག་བྱ་ཕོའི་སྐད་སྒྲར་འགྲོགས་ཏེ་སད་ན།།
དེ་ནི་ང་མིན་དེ་ནི་ངས་ཀྱང་མི་ཤེས།།
ནམ་ཞིག་རླུང་བུ་རྩུབ་མོས་སྒེའུ་ཁུང་ཕྱེ་དུས།
ང་ནི་གཟུགས་མེད་རླུང་གི་སྒྲ་རུ་གྱུར་ཡོད།།
ཡིད་འོང་བསྐལ་པའི་སྤྲིན་པ་གང་དུ་འཁོར་བ།།
ང་ཡི་སྒྲ་དབྱངས་གཉོམ་པོས་དེ་ཉིད་དཀྲོལ་ངེས།།
ལས་ཀྱི་སྦྲང་ཚང་སེར་པོའི་ཉི་འོད་འོག་ཏུ།།
ང་ནི་ཚེ་རབས་ཡས་ཀྱི་གཞས་དེར་ཉན་ཡོད།།
སྣང་བའི་དར་སྐུད་འཐེན་པའི་ཁང་ཀླད་རེ་ན།།
ང་དང་ང་ཡི་དུས་ཀྱི་ཟླ་བ་ཤར་ཡོད།།
ང་ནི་རྟག་བརྟན་མེད་པའི་ཟླ་འོད་དེ་ཡིན།།
ང་ནི་ཤར་ཙམ་འཁྱུག་པའི་སྐྱ་མདའ་དེ་ཡིན།
ང་ནི་སྟོང་བའི་དབྱིངས་ཀྱི་རྒྱུ་སྐར་དེ་ཡིན།།།
ང་ནི་ང་ཡིས་དཀྲོལ་བའི་གླིང་བུ་དེ་ཡིན།།
ལས་ཀྱི་གནས་ཚང་གཡོར་བའི་མ་ལགས་དྲིན་ཆེ།།
ལམ་གྱི་སྟ་གོན་སྒྲིག་པའི་ཕ་ལགས་དྲིན་ཆེ།།
དུས་ཀྱི་དབེན་འཇགས་རུམ་སྟེ་སླར་ཡང་གཟིམ་དགོས།།
དུས་ཀྱི་དབེན་འཇགས་བསྐྱུར་ཏེ་སླར་ཡང་སད་དགོས།།
2017.12.1