ཁྱོད་ཀྱི་མིག་མཐའ།
བཙན་ཞགས།(ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ཁྱོད་ཀྱི་མིག་མཐར་རི་དྭགས་རྨིག་རྗེས་འཁོར།།
དྭངས་མོ་མཚོ་མཐའ་སྐོར་ཞིང་མཚོ་ལ་ཡལ།།
གསང་བའི་ལོ་འདབ་རེ་རེ་སྒུལ་བ་ན།།
དེ་གར་ཆད་པའི་ཚིག་གི་འབྲུ་མ་འཐོར།།
ཁྱོད་ཀྱི་མིག་མཐར་གསང་བའི་ལམ་ཞིག་བསྐུངས།།
ཡིད་དུ་སྡུག་པའི་གོམ་ཆུང་གཉོམ་ཞིང་ལྡེམ།།
ཧ་ཅང་མིན་པའི་ཚུལ་གྱིས་རིང་དུ་བཞག །
ལས་ཀྱི་ཕྱག་ཟུང་རྙེད་པའི་དུས་སུ་བསྒུགས།།
ཁྱོད་ཀྱི་མིག་མཐར་བདུད་རྩི་ཕོར་གང་འཁྱིལ།།
བརྩེ་བའི་མགྲིན་པ་བརྣང་ཞིང་འགུལ་བ་ལ།།
ཤིན་ཏུ་དཀོན་པ་ལྷ་མིའི་བར་ཐག་བཞིན།།
རེ་བའི་འདུན་མ་རྒྱང་ནས་རྒྱང་དུ་བྲོས།།
ཁྱོད་ཀྱི་མིག་མཐར་ནང་སེམས་དམར་པོ་བབས།།
ཚོར་བའི་འདབ་གཤོག་ཁྲ་ཁྲ་ཀུན་ལ་བསྟན།།
ཏག་ཏག་དཀོན་པའི་དགའ་སྐྱོ་རྣལ་མ་ཞིག །
སུ་ལ་མིན་པའི་ཚུལ་གྱིས་བསྟན་ཙམ་བྱས།།
ཁྱོད་ཀྱི་མིག་མཐར་དྲན་པའི་གཙང་པོ་གཡོ།།
ལོ་ཟླའི་ཁུགས་ལ་དྲིལ་བའི་ཕྱིར་དྲན་དག །
དྲང་བོར་བརྗོད་པའི་མགྲིན་པ་འགག་གྱུར་ཀྱང་།།
ཀེམ་ཀེམ་སྨིན་མའི་འགྲོས་ན་ལྷུག་པོར་བྱོ།།
ཁྱོད་ཀྱི་མིག་མཐར་ཚོར་བ་རྗེན་པར་ལྷུང་།།
དགའ་སྐྱོས་བཟུང་བའི་མི་སེམས་གཉོམ་པོ་དེ།།
རེ་དོགས་རློམ་སེམས་རྒྱན་ཆས་དབེན་གྱུར་ཀྱང་།།
ཟུར་མིག་གཤོག་པའི་གར་ལ་ཆས་ནས་ཡོད།།
ཁྱོད་ཀྱི་མིག་མཐར་མེ་ཏོག་མདའ་གཞུ་བཀུག །
མཛེས་པའི་གདོང་ལ་ཡིད་ཀྱི་དགའ་བ་འཕེན།།
འཇིག་རྟེན་ཧྲིལ་པོ་ཁྱོད་ཀྱི་ཞིང་གྲོང་དེར།།
སྤྱན་ཟུང་བུང་བ་འཕུར་བའི་གཤོག་སྒྲས་བསྐྱལ།།
ཁྱོད་ཀྱི་མིག་མཐར་སྙིང་གཏམ་མགུར་ལ་བྲིས།།
ཚིག་རིས་ལོ་འདབ་འགུལ་བའི་གཏིང་རིམ་ན།།
གཏན་ཚིགས་ཆིངས་ལ་བཞག་པའི་ཁ་དན་ཞིག །
ཧྲིག་ཧྲིག་སྤྱན་ཟུང་གམ་དུ་ཡུན་རིང་ཉལ།།
2018.1.19