མཚན་མོའི་འགྲེལ།
རྨ་ཡ།(མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
དོ་ནུབ་མུན་པས་ང་ཡི་ཚེ་སྲོག་བྲུས།།
ཆོ་ངེ་འུར་སྒྲས་གནམ་གྱི་བླ་སྒང་གཤགས།།
ལུས་ཀྱི་སྦུབས་སུ་ལྷགས་རླུང་འུར་འུར་ལྡང་།།
ཁ་དང་སྣ་ནས་ཁྲག་དམར་ལྷོག་ལྷོག་འཕྱུར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
གཡས་ནས་གཤིན་རྗེ་རྒྱལ་པོས་མཆིལ་ཞགས་འཕངས།།
གཡོན་ནས་ལས་མཁན་གླང་མགོས་ལྕགས་ཀྱུས་དཔྱངས།།
ལག་པ་མང་པོས་མདུན་དང་རྒྱབ་ནས་འཐེན།།
རྐང་བ་མང་པོ་མགོ་ལ་ཡང་ཡང་སྤོས།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
ཟླ་བ་ཟགས་པའི་མཆི་མ་ཤམ་ཤམ་འཕྱང་།།
སྐར་ཚོགས་གྲང་བའི་སོ་སྒྲ་ཁྲོག་ཁྲོག་འཆའ།།
གྱང་གི་ལོགས་སུ་ཐ་སྙད་གཅེར་བུར་ལུས།།
སྙན་ངག་ཆང་ལ་བརྒྱུས་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
གྲོག་མ་མང་པོས་མཁའ་ནས་སྣ་ཁྲག་འཛར།།
གཙང་པོའི་རླབས་དང་འདྲེས་ཏེ་བྲང་ལ་རྡེག །
ཐ་སྙད་འགའ་ཞིག་འཚོགས་ཏེ་སྐོར་བྲོ་བརྒྱབ།།
གློ་སྙིང་རྡོ་ལ་གླན་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
མི་ཚོགས་ཀློང་ནས་ཚངས་དབྱངས་རྒྱ་མཚོ་བོར།།
མ་སྐྱེས་ཨ་མ་མི་ཁའི་ཀློང་ལ་ཐིམ།།
ལྷ་ཚོགས་རྣམས་ནི་ཤ་དང་ཁྲག་ལ་བྲེལ།།
དཀར་པོ་དམར་པོར་གྱུར་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
ཁ་ཆར་བུ་ཡུག་སྒེའུ་ཁུང་ངོས་སུ་འཚུབ།།
ཁྱིམ་གྱི་བཀའ་དང་བསྟན་བཅོས་འཁྱགས་པས་བསྡམས།།
ལུས་པོ་ལྕགས་ཐབ་ནང་དུ་འཛུལ་ན་ཡང་།།
སེམས་པ་དར་གྱིས་ཟིན་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
འོ་དོད་འབོད་པའི་མ་མོ་བརྒྱ་དང་བརྒྱད།།
རྭ་ཅོ་ཆག་པའི་གཡག་རོག་ས་ཡ་དྲུག །
རྐང་བ་ཆད་པའི་རྟ་མཆོག་ཁྲི་མ་འབུམ།།
ཚེ་སྲོག་རླུང་གིས་བསྐྱོད་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
གངས་རིའི་ངོས་སུ་ཁྲག་གི་ལག་པ་བསྲིངས།།
སྟོང་བའི་དབྱིངས་སུ་བདུད་ཀྱིས་ཆོ་འཕྲུལ་བསྟན།།
མེ་ཏོག་མང་པོ་ས་རྡུལ་ཁྲོད་དུ་ལྷགས།།
མི་རྟག་གར་གྱིས་བསླུས་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
ཇོ་མོ་གླང་མས་རྔུལ་ཆུ་ཤམ་ཤམ་གཏོར།།
ཡར་ཀླུང་གཙང་པོ་སུ་ཡིས་བཏུང་བར་རྩོམ།།
བྱ་བྱིའུ་འབའ་འབུ་རི་སྒང་ལ་ལུང་བྲོས།།
འཚོ་གཞིས་ཡུན་གྱིས་ཟད་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
གྱང་ཆག་ལོག་སྟེ་ལོགས་ཀྱི་གྲོག་ཚང་མནན།།
ཆུ་ལོག་བརྒྱུགས་ནས་ཉ་མོ་སྨད་དུ་བརྫངས།།
དུ་བ་བཙན་པོས་ཨ་བྲ་ཁུང་སྒོར་དེད།།
འཇིགས་པའི་རྨུ་ཐག་བཙན་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།
བྱ་རྒྱལ་རྒོད་པོའི་གཤོག་པ་རླུང་གིས་བཅད་།།
མལ་ཁྲིའི་སྟེང་དུ་ཤི་བོའི་རོ་ཡིས་ཁེངས།།
རི་ཡི་ཟོམ་དུ་སྤྱང་གིས་སྨྲེ་སྔགས་འདོན།།
ཆོ་ངེས་སྟོང་དབྱིངས་དཀྲོགས་པའི་མཚན་མོ་འདིར།།
མུན་པའི་ངོ་བོར་ཧད་དེ་གཉིད་མ་ཁུགས།།