དད་པ་ཅན་གྱི་ཇོ་ཇོ།

ཞི་བདེ་ཉི་མ།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཐང་ཆེན་འདིར

ང་ལ་གདོང་ཐུག་རྒྱག་མཁན་དེ

ཇོ་ཇོ་ཁྱོད་ཨེ་ཡིན

—བརྗོད་བྱང་།

ཇོ་ཇོ་ལགས

ཁྱོད་སྒུར་སྒུར་འཇབ་འཇབ་ངང་གང་ཞིག་ནས་ཐོན་སོང

ཁྱོད་སྒོ་ཆེན་སྒོ་ཆུང་བརྒྱུད་དེ་གང་ཞིག་ནས་ཐོན་སོང

ཁྱོད་དབུགས་ཧལ་ཧལ་ངང་གང་ཞིག་ནས་ཐོན་སོང

ཁྱོད་རྔུལ་ཆུ་ཕྲོམ་ཕྲོམ་དུ་གང་ཞིག་ནས་ཐོན་སོང


ཇོ་ཇོ་ལགས

ད་ནི་ཁྱོད་སེམས་ཀྱི་གནས་མལ་དེར་སླེབས་སོང་བ་འདྲ

ཁྱོད་ལ་འཚེར་སྣང་དང་དངངས་འཚབ་ག་ལ་དགོས

ཁྱོད་ནས་གདོང་གི་རྔུལ་ཆུ་འབྱིད་ཙམ་གྱིས་དང

དབུགས་ཀྱི་རྒྱུ་བ་དལ་ལེན་གྱིས་དང

ཁྱོད་ནས་ངལ་གསོ་ཕྲན་ཙམ་གྱིས་དང

མདུན་གྱི་གསེར་ཁྲི་དེ་གང་ལའང་སྤོ་མི་སྲིད

གསེར་ཁྲིའི་སྟེང་གི་ལྷ་དེ་གང་ལའང་ཕེབས་མི་སྲིད


ཁྱོད་ནས་མིག་གིས་ལྟ་ཙམ་ཡང་མི་བྱེད་པར

ཁྱོད་ནས་ག་ལེར་པུས་མོ་ས་ལ་བཙུགས་བྱུང

ཁྱོད་ནས་ཕྱག་ཟུང་ཐལ་མོ་སྦྱར་བྱུང

ཁྱོད་ནས་དལ་གྱིས་མིག་ཟུང་བཙུམས་བྱུང

ཁྱོད་སྨྲ་བ་ཡོད་པ་ནས་སྨྲ་བ་མེད་པ་ཞིག་ལ་གྱུར་སོང

ཁྱོད་ནས་ཐོས་ལ་མི་ཐོས་པའི་གདམས་ངག་ཅིག

ཡང་དང་བསྐྱར་དུ་ཐེངས་ག་འདྲ་ཞིག་ལ་བཟློས་སོང


ཇོ་ཇོ་ལགས

རིམ་བཞིན་ཁྱོད་ནས་ཁྱོད་བོར་བྱུང་བ་འདྲ

ཁྱོད་གང་ཞིག་ལ་སླེབས་སོང་བ་འདྲ

ཁྱོད་ནས་ཅི་ཞིག་བློས་གཏོང་བཞིན་པ་འདྲ

ཁྱོད་ལ་འཁོར་བ་མི་དགོས་པ་འདྲ

ཁྱོད་ལ་ལང་ཚོ་མི་དགོས་པ་འདྲ

ཁྱོད་ལ་ཕ་གཞིས་དང་བུ་ཕྲུག་ཀྱང་མི་དགོས་པ་འདྲ

ད་ནི་ཁྱོད་ལ་ཕྱིར་ལྡོག་མེད་པ་འདྲ


ཇོ་ཇོ་ལགས སྐབས་འདིར

འཇིགས་སྐུལ་རིང་ལུགས་པ་ཞིག་གིས

ཁྱོད་ཀྱི་ཀླད་ཕོར་སྟེང་འཁྱག་སིབ་སིབ་དང

ལྗིད་ཏིག་ཏིག་གི་མེ་མདའ་ཞིག་བཙུགས་བྱུང་ནའང

ཁྱོད་ཀྱིས་ཚོར་མི་སྲིད་པ་འདྲ

ཚོར་ཡང་འགུལ་མི་སྲིད་པ་འདྲ

ང་ཁྱོད་ཀྱི་ཉམས་སྣང་ལ་ཧ་ལས་སོང་བ་འདྲ


ཉེས་ཅན་དུ་འབོད་པའི་འཁོར་བ་འདིར

ཡང་ཉེས་མེད་ཀྱི་མི་ཞིག་གི་ཇེ་མང་ལ་བུད་སོང་བ་འདྲ

དད་པས་འཚང་ཁ་ཤིག་ཤིག་གཡོ་བའི་ཕ་ཡུལ་འདིར

ཡང་ཤམ་བྷ་ལར་འགྲོ་མཁན་གྱི་ལམ་གྲོགས་ཤིག་རྙེད་སོང་བ་འདྲ

ཆོས་སྐད་ཀྱིས་ས་ཆེན་འགུལ་བའི་ཞིང་མཆོག་འདིར

ཡང་སྙན་ལྷང་ལྷང་གི་ཆོས་དུང་ཞིག་ཐོས་སོང་བ་འདྲ


རིམ་བཞིན་ཁྱོད་ཀྱི་ཞལ་བཞིན་དེ་འགྱུར་བཞིན་པ་འདྲ

རིམ་བཞིན་ཁྱོད་རྒྱུས་མེད་ཅིག་ལ་འགྱུར་བཞིན་པ་འདྲ

རིམ་བཞིན་ཁྱོད་ལྐོག་གྱུར་ཞིག་ལ་འགྱུར་བཞིན་པ་འདྲ

ང་དང་རྒྱང་ཐག་རིང་བའི་ཞིང་བཀོད་གང་ཞིག་ལ་འགྲོ་བཞིན་པ་འདྲ

ཞིང་བཀོད་དེ་རུ་ཇི་བསམ་ལྷུན་གྱིས་འགྲུབ་ཡོང་བ་འདྲ


ཇོ་ཇོ་ལགས

དུས་ཡུན་ནི་ཅི་འདྲའི་རིང་བ་ལ

ཞོགས་པ་ནས་དགོང་དྲོའི་བར་དུ

ཁྱོད་ཀུམ་ཀུམ་དུ་ཙོག་ནས་ག་ཙམ་འགོར་སོང

མཚན་མོ་ནས་ཉིན་མོའི་བར་དུ

ཁྱོད་ཁ་སྦུབས་སུ་ལོག་ནས་ག་ཙམ་ཕྱིན་སོང

ཚ་གདུག་དང་གྲང་རླུང་གི་ཁྲོད་དུ

ཁྱོད་ཀྱིས་ལག་ཟུང་ཐལ་མོ་སྦྱར་ནས་ག་ཙམ་བསྡད་སོང

ཁྱོད་ལ་ན་ཟུག་དང་འཁང་ར་མེད་པར་ག་ཙམ་ལུས་སོང

ཁྱོད་ལ་མིག་ཆུ་དང་སྐྱོ་གདུང་མེད་པར་ག་ཙམ་ལུས་སོང

ཁྱོད་ནས་མགོ་ཐོག་གི་ནམ་མཁའ་བོར་སོང་བ་འདྲ

ནམ་མཁའི་དབྱིངས་ཀྱི་ཉི་ཟླ་སྐར་གསུམ་དེ་བོར་སོང་བ་འདྲ

ཁྱོད་ནས་རྐང་འོག་གི་ས་ཆེན་བོར་སོང་བ་འདྲ

ས་ཆེན་སྟེང་གི་ལམ་ཆེན་དེའང་བོར་སོང་བ་འདྲ


ཇོ་ཇོ་ལགས

ཁྱོད་ནི་ཇི་འདྲའི་སེར་སྣ་མེད་པའི་མི་ཞིག་རེད་ཨང

ཁྱིམ་བརྒྱུད་ཀྱི་གཅེས་ནོར་དེ་དག་ཕངས་མེད་དུ་སྦྱིན་སོང

ཁྱོད་ནི་ཇི་འདྲའི་གཏོང་ཕོད་ཆེ་བའི་མི་ཞིག་རེད་ཨང

ཁྱིམ་མི་ཡི་འཚོ་རྟེན་དེ་དག་འགྱོད་མེད་དུ་སྦྱིན་སོང

ཕངས་སེམས་དང་ནོངས་འགྱོད་མེད་པའི་ཇོ་ཇོ

མི་འགྱངས་མི་འགྱངས་པའི་དུས་ཤིག་ལ

ཁྱོད་ནས་རང་གི་ཆུང་མ་སྦྱིན་པར་གཏོང་ཕོད་པ་འདྲ

ཆུང་མས་རང་གི་བུ་ཕྲུག་སྦྱིན་པར་གཏོང་ཕོད་པ་འདྲ

བུ་ཕྲུག་གིས་རང་གི་མིག་ཟུང་ཡང་སྦྱིན་པར་གཏོང་ཕོད་པ་འདྲ

ཁྱོད་ནས་རང་ཉིད་དབུལ་བོར་བསྒྱུར་ཕོད་པ་འདྲ

ཁྱོད་ནས་སུ་ཞིག་ཚོན་པོར་གཏོང་འདོད་པ་འདྲ


དུས་ཡུན་ནི་ག་ཙམ་ཞིག་འགོར་སོང

ཁྱོད་ལ་ངེས་འབྱུང་གཞན་ཞིག་སྐྱེས་བྱུང་བ་འདྲ

ཁྱོད་ནས་ཅི་ཞིག་ལ་དམ་བཅའ་འཇོག་པ་འདྲ

ཁྱོད་ནས་ལག་པ་ཡ་གཅིག་ཡར་བཀྱགས་སོང

ལག་པ་འགྱོག་ཐེངས་གཅིག་གིས

ཁྱོད་ཀྱི་ལུས་དེ་བསྡམས་སོང་བ་འདྲ

ཁྱོད་ཀྱི་ངག་དེ་བསྡམས་སོང་བ་འདྲ

ཁྱོད་ཀྱི་སེམས་དེ་བསྡམས་སོང་བ་འདྲ


ད་ནི་ཁྱོད་ཀྱི་ལག་པ་དེ་ཁྱོད་ཀྱི་མིན་པ་འདྲ

ལག་པ་འགྱོག་ཐེངས་གཅིག་གིས

ཁྱོད་ཀྱིས་ཁ་ཟས་བཏུང་བྱ་ཡང་གཅད་ཕོད་པ་འདྲ

ཁྱོད་ཀྱི་ཁ་ཕོར་དེ་ཡང་གཅག་ཕོད་པ་འདྲ

ཁྱོད་ལ་ཕོ་ཡོད་ཀྱང་ལྟོགས་སྐོམ་མེད་པ་འདྲ

ཁྱོད་ལ་མིག་ཡོད་ཀྱང་མདུན་ལམ་མི་མཐོང་བ་འདྲ

ཁྱོད་ལ་ལུས་ཡོད་ཀྱང་ན་ཟུག་མེད་པ་འདྲ


ཇོ་ཇོ་ལགས

ལོ་ཟླ་གྲངས་མེད་ཅིག་རིམ་གྱིས་འདས་སོང

ངས་ཀྱང་དད་འདུན་གཙང་མ་ཞིག་གི་སེམས་ངོགས་ནས

ནམ་ཡང་ཁྱོད་རང་བསྙེགས་ཤིང་ཁྱོད་རང་འཚོས་ནའང

ལན་རེར་ཁྱོད་བདེ་བ་ཅན་ལ་སླེབས་མེད་པ་འདྲ

ལན་རེར་ང་ཉེས་པ་ཅན་དུ་སྐྱེས་མེད་པ་འདྲ

ཡང་ན་ཁྱོད་ནས་ང་དུས་གཏན་དུ་བོར་སོང་བ་འདྲ

ཡང་ན་ངས་ཁྱོད་གཏན་ནས་བརྗེད་མི་ཐུབ་པ་འདྲ


ཇོ་ཇོ་ལགས

མིག་ཟུང་ཕྱེས་ནས་ང་ལ་ཨེན་ཙམ་གཟིགས་རོགས

ང་ཡང་གསོན་ན་སེམས་པ་དཀར་པོའི་མི་དེ་ཡིན

ང་ཡང་ཤི་ན་རུས་པ་དཀར་པོའི་མི་དེ་ཡིན

ཁྱོད་ཀྱི་རྒྱབ་ཏུ་བཀན་གྱིས་ལངས་པའི་གཉེན་ཉེ་དེ་ཡིན

ཁྱོད་ཀྱི་མདུན་དུ་སྒྲོན་མེ་སྦར་མཁན་གྱི་མི་བུ་དེ་ཡིན


མི་ལོ་ག་ཙམ་ཞིག་ལ་ཁྱོད་ཀྱི་ཆེད་དུ

ངས་རང་ཉིད་མིག་ཆུ་རུ་བསྒྱུར་མྱོང

མི་ལོ་ག་ཙམ་ཞིག་ལ་ཁྱོད་ཀྱི་དོན་དུ

ང་གཞན་གྱི་མདའ་རྩེ་རུ་འཚོ་མྱོང


ཇོ་ཇོ་ལགས ཡར་ལོངས་དང་མདུན་ལ་འགྲོ

མདུན་གྱི་ལམ་ཆེན་དེ་འུ་གཉིས་ཀྱི་ཕ་ཡུལ་ལ་འཐེན་ཡོད

མདུན་གྱི་ལམ་ཆེན་དེ་མིའི་རིགས་ཀྱི་ཕ་ཡུལ་ལ་འཐེན་ཡོད

2018.6.13ཉིན་གནའ་མཁར་ཟི་ལིང་ནས་བྲིས།

རྐང་གླིང་། རྩོམ་སྒྲིག་འགན་འཁུར་པ། ཡེ་ཤེས་སྐྱབས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1