ཁ་ལན་འདི་ཁྱེད་རྣམས་ལ་སྤྲོད་རོགས་ཟེར། —གཞི་རིམ་དུ་བཅའ་སྡོད་བྱས་པའི་དངོས་བྲིས།

རྒན་གོང་ཨོ་རྒྱན་རྡོ་རྗེ།(ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


སྤྲིན་རིམ་དེ་སྔར་བཞིན་བརྩེགས་སོང

བུ་ཡུག་དེ་སླར་ཡང་འཚུབས་བྱུང

ཐག་རིང་དུ་བཞུགས་པའི་བུ་དང་བུ་མོ

ད་ལྟ་ང་ཁྱེད་ཚོའི་ཕ་ཡུལ་དུ་ཡོད

ཁྱེད་ཚོས་ཕ་སར་འབོད་པའི་ཡུལ་འདི་ནས

ང་རང་ཡུན་རིང་འགོར་སོང འོན་ཏེ

ངས་སྙན་ངག་གི་རྒྱུ་ཆ་ཞིག་གཏན་ནས་རྙེད་མ་བྱུང

ཕལ་ཆེར་ང་ཡང་ཁྱེད་ཚོའི་ཕ་རྒན་ལྟར—

བུ་ཡུག་འདིས་བརྡུངས་དྲགས་པས་ཡིན་ཤས་ཆེ

ཐག་རིང་དུ་བཞུགས་པའི་བུ་དང་བུ་མོ

ཁྱེད་ཚོའི་ཕ་ས་འདི་ནས ཡང་ན

སྙན་ངག་གི་རྒྱུ་ཆ་དཀོན་པའི་ཡུལ་འདི་ནས

དེ་རིང་ང་རྡོག་ཐོན་བྱེད་ཀྱིན་ཡོད

ལུས་པོ་འདི་གྲང་ཤུར་ཤུར་དུ

བུ་ཡུག་འདི་གཤག་བཞིན་རྡོག་ཐོན་བྱེད་ཀྱིན་ཡོད

ང་རྡོག་ཐོན་བྱེད་ཁར—

ཁྱེད་ཚོའི་ཨ་མས་ང་ལ་ཁ་ལན་ཞིག་བསྐུར་བྱུང

ཁ་ལན་འདི་ཁྱེད་རྣམས་ལ་སྤྲོད་རོགས་ཟེར

ཁྱེད་ཚོའི་ཨ་ཕ་རླུང་ཁར་གཡོ་བཞིན་འདུག

ལག་ཟུང་རུམ་དུ་བཅུག་སྟེ

ཅི་ཞིག་གི་རྗེས་སུ་སྙེག་གིན

རི་སྒང་གི་དར་ལྕེ་ཁེར་མ་བཞིན་གཡོ་བཞིན་འདུག

ཐབ་ནང་གི་མེ་ལྕེ་ལ་བསྲོ་ཁོམ་མི་འདུག

ཁུག་ཀྱོག་གི་ཉི་འོད་ལ་ལྡེ་ཁོམ་མི་འདུག

དབྱར་དགུན་གྱི་ཆར་རླུང་ལ་གཡོལ་ཁོམ་མི་འདུག

འདི་ལྟར་གཡོས་པའི་ལོ་ཟླའི་ནང་ན

ཁྱེད་ཚོའི་ཨ་ཕའི་ཁ་མཆུ་གྲང་ངད་ཀྱིས་བཀས་སོང

ཁྱེད་ཚོའི་ཨ་ཕའི་ཡ་ཁོང“ཁ་བས”མནན་སོང

བར་བར་དུ་འཐེན་པའི་ཁྱེད་ཚོའི་ཨ་ཕའི་དངན་པ་རིང་བོ་དེས

ངའི་བསམ་ཚོད་ཀྱང་སྐྱུར་མོ་སྐྱུར་མོར་བཏང་བྱུང

རླུང་དམར་དེ་སྔར་བཞིན་ལྡང་བྱུང

ཐལ་རྡུལ་དེ་སླར་ཡང་འཚུབས་སོང

ཐག་རིང་དུ་བཞུགས་པའི་བུ་དང་བུ་མོ

ད་ལྟ་ང་ཁྱེད་ཚོའི་ཕ་ཡུལ་དུ་ཡོད

ཁྱེད་ཚོས་རང་ཡུལ་དུ་འབོད་པའི་ཡུལ་འདི་ནས

ང་རང་ཡུན་རིང་འགོར་སོང འོན་ཏེ

ངས་རོལ་དབྱངས་ཀྱི་རྒྱུ་ཆ་ཞིག་གཏན་ནས་རྙེད་མ་བྱུང

ཕལ་ཆེར་ང་ཡང་ཁྱེད་ཚོའི་མ་རྒན་ལྟར—

ཐལ་རླུང་འདིས་གཙེས་དྲགས་པས་ཡིན་ཤས་ཆེ

ཐག་རིང་དུ་བཞུགས་པའི་བུ་དང་བུ་མོ

ཁྱེད་ཚོའི་རང་ཡུལ་འདི་ནས ཡང་ན

རོལ་དབྱངས་ཀྱི་འགྱུར་ཁུགས་དཀོན་པའི་ཡུལ་འདི་ནས

དེ་རིང་ང་རྡོག་ཐོན་བྱེད་ཀྱིན་ཡོད

སེམས་པ་འདི་སྐྱོ་ལྷང་ལྷང་དུ

ཐལ་རླུང་འདི་གཤག་བཞིན་རྡོག་ཐོན་བྱེད་ཀྱིན་ཡོད

ང་རྡོག་ཐོན་བྱེད་ཁར—

ཁྱེད་ཚོའི་ཨ་ཕས་ང་ལ་ཁ་ལན་ཞིག་བསྐུར་བྱུང

ཁ་ལན་འདི་ཁྱེད་རྣམས་ལ་སྤྲོད་རོགས་ཟེར

ཁྱེད་ཚོའི་ཨ་མ་ཞིང་ནང་དུ་འགུལ་གྱིན་འདུག

འཇོར་སྦྱག་ལག་ཏུ་ཐོགས་ཏེ

ཅི་ཞིག་ལ་འཐབ་མོ་འགྱེད་ཀྱིན

དུག་ཡོར་རླུང་གིས་སྐྱོད་པ་བཞིན་འགུལ་གྱིན་འདུག

ལུས་སྟེང་གི་ཐལ་རྡུལ་ལ་བརྡབ་ཁོམ་མི་འདུག

འུར་ཆེ་བའི་ཐལ་རླུང་ལ་གཡོལ་ཁོམ་མི་འདུག

དབྱར་དགུན་སྟོན་དཔྱིད་ལ་དབྱེ་བ་མི་འདུག

འདི་ལྟར་འགུལ་བའི་ལོ་ཟླའི་ནང་ན

ཁྱེད་ཚོའི་ཨ་མའི་མཛུབ་མོ་ས་ནག་གིས་བརྟོལ་སོང

ཁྱེད་ཚོའི་ཨ་མའི་དཔྲལ་བར“གྲོག་ཤུར”འཐེན་སོང

སྐབས་སྐབས་སུ་བརྒྱབ་པའི་ཁྱེད་ཚོའི་ཨ་མའི་ཧབ་ཐོབ་ངར་པོ་དེས

ངའི་མིག་མདུན་གྱི“དེབ་དམར”①དེ་ཡང་མིག་ཆུས་བརླན་སོང

ཐག་རིང་དུ་བཞུགས་པའི་བུ་དང་བུ་མོ

ཁྱེད་ཅག་ཐག་རིང་ན་རྒྱ་ཟས་ལ་རོལ་དུས

ཐག་རིང་གི་ཨ་ཕའི་ཟ་ཐུག་སླ་པོ་དེ་དྲན་རོགས

ཁྱེད་ཅག་ཐག་རིང་ན་སྦི་རག་ལ་ཐིམ་དུས

ཐག་རིང་གི་ཨ་མའི་ཇ་ཐང་གྲང་མོ་དེ་དྲན་རོགས

ཁྱེད་ཅག་ཐག་རིང་ན་མཱ་ཅང་གི་ཧྲག་སྒྲ་སྒྲོག་དུས

ཐག་རིང་གི་ཕ་མ་རྒན་པོའི་ལུས་སྟེང་གི་དུག་ཚལ་དེ་དྲན་རོགས

2018.3.13

①མཆན། དེབ་དམར། གཞི་རིམ་མང་ཚོགས་ཀྱིས་མ་མཐའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ལག་ཁྱེར་ལ་དེབ་དམར་པོ་ཟེར།


རྩོམ་ཡིག་སྔོན་མ།
དད་པ་ཅན་གྱི་ཇོ་ཇོ།
རྩོམ་ཡིག་རྗེས་མ།
རང་གི་ནམ་མཁའ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1