རང་གི་ནམ་མཁའ།

ལྡོང་ལུག་རྫི།(མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


མེ་ལོང་ལས་རང་ཉིད་ཀྱང་རང་གིས་རིག་མ་མྱོང་བའི

གཟུགས་བརྙན་ཆ་མེད་གཉིས

མཉམ་དུ་སླ་ང་གཅིག་གི་ཁ་ཡི་ལུང་བསྟན་དུ་བབས

མཉམ་དུ་གྲོས་བྱས་ཏེ

ཐོམ་བུ་དང་དཀར་ཡོལ་གཉིས་ཉོས

ཉི་མ་དེའི་ལྟེ་བ་ནས་བཟུང

གོ་ཁར་ལྷན་དུ་བསྡད

ཡར་སྒྱེད་མར་སྒྱེད་ཕྱེས་ཏེ་བསྡད

ཐབ་མེ་ཡི་འོད་རྟ་རྔ་འདྲ་བོའི་མཚམས་ནས

ཕན་ཚུན་ལ་མིག་འོག་ནས་བལྟས

མེ་འབྲུ་ཕར་ཚུར་ལ་གཡར་རེས་བྱས་ཏེ

ཐབ་ཁུང་ལས་རིལ་མེ་བྲུས

དེ་ལ་ཁ་ལག་བསྲོས་ནས་སེམས་པ་དྲོས

འཕྲོར་གོང་ཁ་བརླན་རག་བར

སྦྲའི་ཁ་ཚུབ་ནང་གི་དཀར་ཆའི་འོག

མུན་ནག་ནང་གི་ཁ་བརྡ་བྱས

ཕྱི་ཉིན་གྱི་ཚེ་ན

གཅིག་གིས་གཅིག་གི་ལག་ཐོག་ལ་ཆུ་བླུགས

གཅིག་གིས་གཅིག་གི་ལག་འོག་ལ་མེ་བྲུས

སེམས་པ་ཟུང་ཁབ་སྐུད་དུ་དྲངས་ནས

རང་གི་ལྭ་བའི་དྲས་ཁ་བཙེམས

མ་འོངས་པར་སྟོན་བརྒྱ་མཐོང་ཐུབ་པའི་ཡིད་ཆེས་བྱས

ར་ལུག་རེ་གཉིས་ཀྱི་འབའ་སྐད་ལ་ཆགས་ནས

འཁོར་བའི་མངའ་ཐང་རྒྱ་བསྐྱེད

རང་གི་སྐྲ་བདག་ཁྱིམ་ལ་སྙེགས་འོངས་དུས

སྔུན་ལ་བུད་རྗེས་ཐབ་མགོའི་འོ་མ་འཕྱུར་ནས་ཐབ་ལ་བླུགས

ཐང་མར་བརྡལ་བའི་ཕྱུར་འདབས་སུ

བྱིའུ་རེ་ཟུང་བབས་པའི་ཟོལ་ལྟ་ལ་བལྟས་ནས

དགོད་ཁ་ཤོར

དུས་ཚོད་ཀྱི་ཁུད་དུ་སྨིན་པའི

བྱིས་པ་ཆེ་ཆུང་གཉིས་ཀྱིས

རང་གི་ལག་མཐིལ་གྱི་རི་མོར་ལྟ་ཞོར

བཟའ་མི་བཞི་པའི་མ་འོངས་པའི་ལམ་ཐིག་བཙལ

སྦྲའི་ཆོན་ཐག་ཏུ་ཕོ་རོག་ཅིག་བབས་ནས་གྲོག་བསྐྱུགས

ཤེ་གསོག་ཏ་ལེན་དུ་བཅུག་ནས

ཉི་མ་ལྷ་སར་སྨོན་ལམ་བཏབ

ཇོ་བོ་མིག་ལམ་དུ་བསྒོམས་ནས

༢༠༡༨ལོའི་ཟླ༥པའི་ཚེས༣ཉིན་ཁྱིམ་དུ་གྲུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1