རོ་རྒན་དངོས་གྲུབ་རྒྱ་མཚོས་ཕུལ་བའི་འཕྲིན་ལན། —ན་རོ་ལ་ཕུལ་བ།
སེར་ལེགས་འཕྲིན།(རྔ་བ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
སྣང་མོ་ལགས
ཞུ་འཕྲིན་དང་པོ་འབྱོར་ལ་བྱུང
གཏམ་ལ་ཚིག་དྲི་ལྡང་ལ་བྱུང
སྒྲ་ལ་འཆེལ་བ་བྱུང་ལ་སོང
མཚུལ་བ་གཡའ་ཞིང་མིག་ནི་བད
ང་ཡི་གཤོག་སྟེང་གི་ཐན་པ
ཁྱོད་ཀྱི་སྙེམ་པའི་བཟོ་ལྟ་ལས་བྲིས་པར་བསམས་ན
གངས་རི་མཐོང་འདོད་ཀྱི་རེ་ཁ་ཚ་མོས
ང་ལ་མ་གསིར
ངའི་ལུས་སྟེང་གི་གསང་བ་ལྐོག་གྱུར་དག
ཤོར་ཚར
སྒྲུང་ལ་སྨུག་པ་འཐིབས་ན
སྐྱོ་བའི་སྤུ་ལོང་མ་གཡོ
ཚིག་ལ་གཏར་ཁ་གཞུས་དང
སྣང་སྲིད་དཔེ་རུ་འགོད་སྟངས་ནི
སྒྱུ་མ་ཅན་གྱི་མཚོ་ལས་བླངས་པ་མ་ཡིན
དྲི་མ་ཅན་གྱི་གངས་ལས་བཏོན་པ་མ་ཡིན
དྲན་པ་འཁྱག་གིས་བསྡམས་པའི་ཁབ་མིག་ལས་གྲུབ་པ་ཡིན
དབུགས་ཧལ་ཧལ་བྱེད་པའི་ཁྱོད་ཀྱི་སྐྱེ་བ་དེ
སྒྲུང་གི་སྔ་རུ་ལས་གྱེས་པ་ཡིན་མོད
ང་ད་ལྟ་སྒྲུང་གི་གསེབ་ན་མེད
ལུང་བའི་ཕུ་ན་མཆོད་རྟེན་ལ་མངོན་བརྗོད་མེད་པར་ལུས་ཡོད
བསིལ་བ་ཚལ་ན་རོ་ཤུན་ལ་དབུགས་རླུང་མེད་པར་བསྐྱུར་ཡོད
མ་མཇལ་ཡུན་རིང་སོང་བའི་བདེ་སྤྱོད་བཟང་བོའི
གཤོལ་ལྕགས་བཙའ་ལ་འབྱར་བས
རྐྱལ་བའི་ནང་གི་ཆང་སེར་ལ་ངར་ཡལ་རྗེས
ཐག་པས་བཀྱིགས་པའི་དམ་ཚིག་གློད་དེ
སེམས་ཀྱི་རྙོག་མ་བགྲུང་བའི་གར་ལ་བཞུགས
༢༠༡༨ལོའི་ཟླ༢པའི་ཚེས༢༠ཉིན་མགོ་ལོག་གཅིག་སྒྲིལ་ནས།