གློག་འོད་ངོགས་ཀྱི་ཁ་བ།
གུ་རུ་དོན་གྲུབ།(མི་གསལ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
གློག་གི་ཐུ་འོག་ན
ཁ་བས འཆར་ཡན་གྱི་མཛེས་པ་གར་དུ་བསྒྱུར
ཁ་བ་རེ་རེར་བར་ཐག་གིས་སྟོངས་ནའང
ཁ་བ་ཕན་ཚུན་གདོང་གཏུགས་བྱེད་མི་སྲིད་ལ
གཅིག་ནང་གཅིག་ལ་འདྲེས་པ་དེ་བས་ཀྱང་མི་སྲིད
གློག་འོད་ངོགས་ཀྱི་ཁ་བ
རང་དབང་མ་ཐོབ་པའི་རྣམ་ཤེས་ཁྱུ་གཅིག་སྟེ
སྐྲ་རྩེ་དང་ལྭ་བའི་ངོས་གང་སར་རེག་པ་ཙམ་གྱིས་ག་ལེར་འབྱར་འགྲོ་ཞིང
སྤྲུགས་ཙམ་སྤྲུགས་ཙམ་བྱས་པས་ཀྱང་ག་ལེ་ག་ལེར་ས་རུ་འཐོར་འགྲོ
ཨ་ཐང་ཆད་པའི་རུས་གོང་ལ་སྲ་མཁྲེགས་ཡེ་ནས་མི་འདུག
ཧ་བཏབ་པ་ཙམ་གྱིས་ཀྱང་རང་གཤིས་རྗེན་པར་སྟོན
གློག་འོད་ཀྱི་ཉག་མ་རེ་རེ་དང་ཁ་བའི་འདབ་མ་རེ་རེས
ཆོས་ཉིད་ཀྱི་གཏིང་རིམ་དུ་འཕག་འཚག་ནན་ཏུར་བྱེད
གློག་གི་ཐུ་སྣེས་མ་ཁེབས་པའི་ཁ་བ་ག་ཚོད་ཅིག
འཆི་བའི་གཡེང་ལ་ཙབ་ཙོབ་ཏུ་ལྕེབས་ཀྱིན་ཡོད་ཨང
གློག་འོད་ཀྱི་འོག་ཏུ
ཁ་བ་ཇི་སྙེད་ཀྱིས་ང་ཚོར་ཅི་ཞིག་འགྲེལ་བརྗོད་བྱེད་ཀྱིན་མཆིས
ཁ་བ ཁ་བ་བཞིན
གློག་འོད་ཀྱི་ངོགས་ན་ལྷབ་ལྷུབ་འབབ
རང་གཤིས་དང་རྩ་དོན་ལྡན་པའི་ངང་འབབ
ཐང་ལ་ལྷུང་བའི་ཁ་བ
ཆུ་རུ་གྱུར་ཏེ་གཅིག་ནང་གཅིག་ཏུ་འདྲེས