ཉི་ནུབ་ཁྲོད་ཀྱི་འཆར་ཡན།
གངས་ཆབ་སྔོན་མོ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
མཚམས་སྤྲིན་གྱི་ཁ་དོག་དམར་སེར
སེམས་པས་མ་ཐེག་པའི་ངལ་བ་ལྷག་མ་དེ་ཡིན་ནམ
ཡང་ན རྨི་ལམ་ལས་བོར་བའི་ས་ཁྲ་རལ་བོ་དེ་ཡིན
བློས་མ་འཆུམས་པའི་ཐ་སྙད་ཁ་ཤས
སྒོ་དང་སྒེའུ་ཁུང་ལས
གཙང་པོ་ལྟར་རྒྱང་ནས་རྒྱང་དུ་བཞུར
མུན་ནག་གི་ལག་གདུབ་ལྟ་བུའི་རུ་སྡེ་དེའང
སྨྲེང་བ་སློང་བྱེད་ཀྱི་རོལ་དབྱངས་ཤིག་དང་འདྲ་བར
རི་རབ་དང་གཙང་པོའི་གཞུང་དུ་བྲག་ཅར་འཁོར
རྟ་ཕོའི་རྨིག་སྒྲ
མདའ་མོའི་ཟིར་སྒྲ
བདེ་སྡུག་གི་ངོ་བོར་བགྲུངས་ནས
ལུས་སེམས་ཀྱི་སྙིགས་རོར་གྱུར
ཡོད་ཚད་ལྷིང་འཇགས་སུ་གྱུར་རྗེས
ཁྱོད་ལ་བྲིས་པའི་སྙན་ངག་དེར་ཡང
གཤོག་པ་ཐོགས་ཏེ་ཉི་ནུབ་ཀྱི་ཀློང་ནས་ཡལ
༢༠༡༨ལོའི་ཟླ༥པའི་ཚེས༨ཉིན།