སྟོན་མཇུག
གསའ་ནག་པོ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ཁྲུང་ཁྲུང་ལ་འཕྲིན་ཡིག་འབྱོར་སོང
འགྲུལ་བཞུད་ཀྱི་ལམ་ཁར་འཇའ་འོད་འཚེར
རླུང་བུ་ལྡོམ་པོ་ཚོས་ལྕང་སྡོང་གི་རལ་བ་བཅད
ས་གཞིའི་ཁུད་དུ་སྐར་ཚོགས་ཀྱི་གྲུ་གཟིངས་རྩེན
རྩྭ་ཕྲན་དག་མྱ་ངན་གྱིས་གཙེས་ཏེ་སྨྲ་བ་མེད་པར་འཁུམས
མཚོན་དོན་གྱི་ནགས་ཚལ་གཅེར་བུར་ཕུད
དྭ་ཕྲུག་ཏུ་ལུས་པའི་ཁྱིམ་བྱིའུ་དག་གྲང་ཅང་ཅང
འཆི་བ་མཚོན་བྱེད་ཀྱི་དུས་ཚིགས་འདིར
ཁྲུང་ཁྲུང་ལྷོ་ཕྱོགས་སུ་མ་འཕུར
སྐྱོ་གདུང་རིགས་ཤིག་གིས་ཁྲུང་ཁྲུང་གི་གཤོག་པ་རྨས
སྐམ་རིད་དུ་གྱུར་པའི་ལོ་མ་དག
དུར་ཁྲོད་ན་རུས་སྐོགས་སུ་འགྱུར་ལ་ཉེ
སྟོན་ལོ་ཁ་བ་བཞིན་བབས
དགུན་ཁ་མ་སླེབས་པའི་སྔ་རོལ་འདིར
དྭངས་གཙང་གི་ཁ་དོག་ཅིག་ངའི་སྙུ་གུའི་མངལ་དུ་སྦྲུམ
དེ་ནི་ལོ་མའོ དེ་ནི་ཁ་བའོ དེ་ནི་མིག་ཆུའོ