སྣང་བའི་ཕ་རོལ་གྱི་སྙན་ངག
འཇིགས་མེད་བསམ་གཏན།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
རྟ་ནག་ནག་ཅིག་ལ་ཞོན་ནས་སྤྲིན་པའི་ཁ་གཏད་དུ་འགྲེང
ལྷ་དང་ལྷ་མོའི་ཚོགས་ལ་ཁམས་བདེ་རེ་ཞུས་ཏེ
རྨི་ལམ་ཁོ་ནར་སད་ཆོག་པའི་རང་ཉིད་ལ
འཁོར་བའི་རྒྱན་གོས་ཡག་པོ་ཞིག་བཟོས་ན་བསམས
དུས་ཚོད་དང་ལག་འཇུ་མི་ལྷོད་ཕྱིར
ངས་རྟ་ལ་སྒ་བསྟད སྲབ་བཞག་སྟེ
རྒྱང་རིང་ལ་ཆས་པར་སྟ་གོན་ཡང་ཡང་བྱས་པས
ཁྱོད་ཀྱི་ཁང་བའི་ནང་གི་འདྲ་པར་མང་པོ་ཞིག་མེ་ལ་བསྲེགས
འཁོར་བའི་བདེ་སྐྱིད་ཡག་ཤོས་དེ་ནད་ཁྲིའི་སྟེང་ནས་རྙེད་ཐུབ་པ་འདྲ
ནད་གཡོག་མའི་སྡང་མིག་གིས་དེ་ལ་ཁ་སྣོན་བྱེད་ནུས་པ་འདྲ
ཁྱོད་ཀྱི་སེང་གེ་དང་སྟག གཟིག དོམ དྲེད
ང་ཡི་ནགས་ཚལ་དུ་ལོ་མང་འཚོས
༢༠༡༨.༥.༡༨ ཉིན།